མཆིན་ནད་དུག་ཐབས་སམ་མཆིན་པའི་གཉན་ཚད་སྐོར།

FullSizeRenderམཆིན་ནད་དུག་ཐབས་སམ་མཆིན་པའི་གཉན་ཚད་སྐོར།(Hepatitis b)དེ་ཡང་དོན་ལྔའི་ཡ་གྱལ་མཆིན་པ་ལ་འབྱུང་སྲིད་པའི་ནད་རིགས་༡༨ཙམ་ཡོད་པ་ལས། དེ་དག་གི་ནང་ནས་བྱིན་སྐད་ལ་(Hepatitis b)དང། བོད་ཀྱི་གསོ་རིག་ཀུན་གྱི་མ་ཕྱི་འབུམ་བཞི་ལྟར་དུ། མཆིན་ནད་དུག་ཐབས་སམ་མཆིན་པར་གཉན་ཚད་བཞུགས་པའི་ནད་གཞི་ཞིག་ལ་ངོས་འཛིན་བྱེད།

སྤྱིར་ན་དངོས་པོ་གང་ཞིག་གསར་དུ་གྲུབ་པ་ལ། རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་གཉིས་འཛོམས་དགོས་ཕྱིར། ལུང་ལས་ཀྱང། གཉིས་མ་འཛོམས་ན་གཅིག་མི་སྐྱེ། ཞེས་བཞེད་པ་ལྟར། མཆིན་པའི་དུག་ཐབས་ཀྱི་ནད་འདི་ལུས་ལ་གསར་དུ་སྐྱེ་བ་ལའང་སྐྱེད་བྱེད་རྒྱུ་ཡོད་དགོས་པར་བརྗོད་མེད་ཡིན་པས། འདུ་བ་རྣམ་བཞིའི་ནང་ནས་མཁྲིས་པས་རྒྱུ་བྱེད་པ་དང། ལུས་ཟུངས་ཀྱི་ངོས་ནས་ཁྲག་དང་ཆུ་སེར་གཉིས་ལ་བརྟེན་ནས་འབྱུང་བ་ཞིག་ཡིན།

གཉིས་པ་རྐྱེན་གྱི་ཆ་ནས་བཤད་ན་མཐའ་ཡས་མོད་ཀྱང། འདིར་དཔེར་མཚོན་ཙམ་ཞིག་ཞུས་ན། ཟས་སྤྱོད་གཉིས་ལས། ཟས་ལ་རོ་ཚ་བའི་རིགས། སུར་པན་ལྗང་དམར་གང་རུང་མཉམ་དུ་གཡོས་པའི་ཟས་སམ། ཞལ་ལྕེ་ཚ་བའི་སུར་ལྗང་གི་ཚོད་མ་སོགས་ཚ་བའི་ཟས་སྐོམ་དང། རོ་སྐྱུར་མོའི་ཟས་རིགས་སིལ་ཏོག་སྐྱུར་མོ་ལྟ་བུའི་མུར་སྐྱུར་བསླང་པའི་ཟས་སམ། བཏུང་ཆུ་སྐྱུར་མོའི་རིགས་མཐའ་དག་གོ་ ཁྱད་པར་དུ་མཆོད་ཆང་དང་ཨ་རག་ལྟ་བུའི་སྐོམ་སོགས་ཀྱིས་བསླང་བར་བྱེད་པ་ཡིན།

སྤྱོད་ལམ་གྱི་ངོས་ནས་འཛམ་གླིང་མི་སྤྱོད་ལ་གྲངས་ལས་འདས་མོད་ཀྱང། དེ་རིང་སྐབས་སུ་བབས་པའི་སློབ་གཉེར་བ་ཞིག་གི་སྤྱོད་ལམ་ལ་དཔེར་མཚོན་ཙམ་ཞུས་ན། སློབ་སྦྱོང་བྱེད་པའི་དུས་ཚོད་ལ་ངེས་པ་མེད་པར། ཉིན་མཚན་ཀུན་ཏུ་དྲག་ཤུལ་གྱི་ལམ་ནས་མཚམས་མེད་དུ་སྐྱོར་སྦྱོང་བྱེད་ཅིང། ཉིན་མོར་ཁ་ཟས་འཆག་མཚན་མོར་གཉིད་འཆག་ནས། ཀླད་པ་ལ་ངལ་གསོ་མེད་པར་བག་མེད་ཀྱི་སྒོ་ནས་སེམས་ལས་སྣ་མང་བྱེད་པ་སོགས། མདོར་ན་ལུས་སེམས་གང་གི་དྲག་ཤུལ་ཀྱི་ལས་རིགས་ཀུན་གྱིས་བསླང་བར་བྱེད་པ་ཡིན།

ངོ་བོ་དང་འབྱུང་ཁུངས་ཀྱི་ཆ་ནས་བཤད་ན། མཆིན་ནད་ལ་ཚ་བའི་རང་བཞིན་གྱི་ནད་རིགས༡༣་དང། གྲང་བའི་ངོ་བོ་རུ་གྱུར་བ་༥ཡོད་པ་ལས། འདི་ནི་སྔ་མའི་ནང་ཚན་དུག་སྲིན་ལས་བྱུང་ཞིང་མཆིན་པ་ལ་གཉན་ཚད་བཞུགས་པ་ཞིག་སྟེ། འདུ་བ་རྣམ་བཞི་ལས་མཁྲིས་པའི་ཚད་པ་རྒྱས་ནས་སྦོས་པ་དང་སྐྲངས་པ། སྔར་རྒྱུན་ལས་ཆེ་རུ་ཕྱིན་ཅིང་ཁྲག་ནག་པོ་འབབ་པ་སོགས་སྣ་ཚོགས་འབྱུང་སྟེ། དུས་ལས་འདས་ན་འོར་སོགས་གཅོང་ནད་རིགས་འདྲ་མིན་འབྱུང་བར་བྱེད་ཅིང། དོན་གནད་ལ་གནོད་ཚབས་ཆེ་བའི་འགོས་ནད་ཅིག་ངོས་འཛིན་གནང་སྲོལ་ཡོད་པ་རེད།

འབྱུང་ཁུངས་ནི། མི་ལ་སྲིན་འབུའི་རིགས་མང་པོ་ཡོད་ཀྱང། དེ་དག་གི་ནང་ནས་དུག་སྲིན་བདུན་ནམ་དགུ་སོགས་བགྲང་སྲོལ་ཡོད་ལ། དེ་རྣམས་མདོག་དམར་ཞིང་ཁྲག་གི་རྒྱུད་དུ་གནས་བཅའ་བ་དང། སྐད་གཅིག་མ་གཅིག་གི་ཡུན་ཚད་ལ་མགོ་ལུས་ཀུན་ཏུ་རྒྱུ་ནུས་པ་ཞིག་ཡོད། རྒྱུན་གཏན་ལུས་ལ་ཕན་པའི་སྲིན་འབུ་ཞིག་ཡིན་ནའང། ཟས་སྤྱོད་སྨན་དཔྱད་སོགས་ཀྱི་རྐྱེན་བྱས་ནས་སྲིན་འབུ་ཁྲོ་ཞིང་ལུས་གནས་སོ་བཏབ་སྐབས། གཉན་ནད་ཁོ་ནར་འགྱུར་འགྲོ་བ་ཞིག་ཡིན། དེར་རྟེན་མཆིན་པའི་གཉན་ཚད་འདི་འབུ་དེ་དང་ཤིན་ཏུ་འབྲེལ་བ་ཆེ་བ་ཞིག་རེད།

ནད་རྟགས་ནི། ནད་འདི་ཐོག་མར་གྲང་ཤུམ་བྱེད་ཅིང། ཀན་རྩ་གྲིམས་མཐོ་དང། ཆུ་མདོག་དམར་སེར་དྲི་རླངས་ཆེ་བ་སོགས། ཚ་བའི་སྤྱི་རྟགས་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད་ལ། བྱེ་བྲག་མིག་སྤྲིན་དམར་པོ་ཆགས་པ་དང། རྐང་པའི་བོལ་གོང་སྐྲངས་པ། གདོང་པར་སྔོ་མདངས་ཆགས་པ། བཙོག་པ་སྐམ་པོ་ཆགས་པ་སོགས་འབྱུང། རྟགས་དེ་རྣམས་ཡོང་དོན་གང་ལ་ཞེ་ན། མིག་ནི་མཆིན་པའི་མེ་ཏོག་དང། བོལ་གོང་མཆིན་རྩའི་གནད་ཟུར། གདོང་མདོག་འགྱུར་བ་འགྲོ་དོན་ནི། ལུས་ཡོངས་རྫོགས་ལ་འཁོར་བའི་ཟུངས་ཁྲག་རྣམས་མཆིན་པ་ལས་བརྒྱུད་དགོས་ཕྱིར། མཆིན་པར་གཉན་ནད་ཀྱིས་བཟུང་དུས་ངོ་གདོང་གི་པགས་མདོག་ཀྱང་འགྱུར་བ་ཡིན། བཙོག་པ་སྐམ་དོན་ནི། མཆིན་པ་ལུས་ཀྱི་དྲོད་དང་རླན་བཤེར་འབྱུང་བའི་གནས་ཤིག་སོང་ཕྱིར་དེ་ལྟར་འགྱུར། གཞན་ཡང་ན་ལུགས་ཀྱི་རྟགས་ནི། མཆིན་པ་ཆེ་རུ་སོང་སྟེ་ཕོ་བ་མཆིན་པས་གང་སོང་སྙམ་པའི་ཚོར་སྣང་བསྐྱེད་པ་དང། བྱང་ཁོག་སྟོད་ཀྱི་རྩིབས་མ་གཡས་པའི་སྟེང་དུ་ན་ཟུག་དྲག་པོ་འབྱུང་བ། ཁྱད་པར་དུ་འཇུ་དཀའ་བའི་ཁ་ཟས་ཟོས་རྗེས་ཕོ་བ་ལ་ན་ཟུག་བཏང་བ་ལ་སོགས་འབྱུང། ད་དུང་ནད་འདི་ཐུན་མོང་མ་ཡིན་པའི་རྟགས་རྣམ་པ་བཞི་ཡོད་པ་ནི། མུར་འགྲམ་གྱི་གོང་དང་རྐང་ལག་གི་མཐིལ་བཞི་ལ་སེར་མདོག་གམ་ནག་ཁྲ་འབྱུང་བ་ཡིན། དེ་དག་ཀྱང་མཆིན་པའི་རྩ་ཁ་དང་མཆིན་པའི་ཆ་ཤས་ཉེ་གནས་ཡིན་པས་མ་ཚད། རྒྱུན་དུ་ཆང་རག་བསྟེན་མཁན་ཕལ་ཆེ་བའི་མུར་གོང་ལ། ནག་ཁྲ་དང་སེར་ཐིག་འབྱུང་བཞིན་པ་ནི་ཀུན་གྱི་མངོན་ཡུལ་དུ་གྱུར་བ་ཞིག་རེད། ནད་འདི་ཡུན་རིང་པོར་སོང་ན། ཚེ་གཞུག་མཆིན་པ་རུལ་ནས་ལུད་པའི་ནང་དུ་ཁུ་ལྟ་བུའི་ཁྲག་རུལ་དོན་ཞིང། ཚེ་སྲོག་ལ་རྒོལ་ངེས་པའི་ནད་གཞི་ཞིག་ཡིན་པ་རེད། དེ་ལ་ཕན་པའི་བཅོས་ཐབས་ནི་འདིར་སྐབས་སུ་མ་བབས་པས་རེ་ཞིག་བཞག་

དེ་ཉིད་ཀྱི་སྔོན་འགོག་ལ་རང་གཞན་གཉིས་ལས། རང་ལ་དབང་བའི་འགོག་སྲུང་ནི། ཟས་ཀྱི་ཆ་ནས་འཇུ་དཀའ་བའི་མཁྲེག་ཟས་དང་སྙིང་རུལ་སྐྱུར་མོ་རྣམས་ཡུན་དུ་མི་ཟ་རྒྱུ་དང། ཁྱད་པར་རྒྱུན་དུ་ཆང་རག་མི་བསྟེན་རྒྱུ། སྤྱོད་ལམ་ལ། ནད་གཞི་འདི་ལྡན་པའི་གང་ཟག་དང་ཕན་ཚུན་ལུས་འཁྱུད་ཅིང་རྔུལ་རླན་མཉམ་སྦྱར་གྱིས་དྲག་ཤུལ་ལས་ལ་ཡུན་དུ་མི་ཞུགས་རྒྱུ། སོ་འཁྲུས་དང་གཞར་གྲི་སོགས་ཁྲག་གོས་པའི་རིགས་སམ། ཁྲག་དང་འདྲེས་དྭོགས་ཅན་གྱི་ཟས་སྐོམ་ལ་འཛེམ་ཟོན་གནང་རྒྱུ།

གཞན་སྨན་པ་སོགས་དབང་བའི་སྔོན་འགོག་ནི། སྨན་ཁབ་གཙག་བུ་ཐུར་མ་སོགས་ཟུངས་ཁྲག་གོས་པའི་ཡོ་བྱེད་དམ། དཔྱད་ཆ་མཉམ་དུ་བེད་སྤྱོད་མི་གནང་རྒྱུ། ཛ་དྲག་པའི་ནད་གཞི་དང་རྡེབ་སྐྱོན་སོགས་ཀྱི་རྐྱེན་པས། ནུབ་སྨན་ཁང་དུ་བཤའ་བཅོས་བྱེད་སྐབས་ཁྲག་བསྣོན་རྒྱབ་དགོས་བྱུང་ཚེ། ཁྲག་ལ་མཆིན་པའི་གཉན་ཚད་ཡོད་མེད་བརྟག་དཔྱད་ངེས་པར་གནང་རྒྱུ། ད་དུང་མཚན་རིག་སྨན་པའི་བཞེད་སྲོལ་ལྟར་སྦྲུམ་མ་ནད་ཡོད་པ་ལ་ཕྲུ་གུ་སྐྱེས་མ་ཐག་ཏུ། བྱིས་པར་སྔོན་འགོག་གི་ཁབ་བརྒྱབ་དགོས་པར་བཤད། དེ་དག་ནི་སྔོན་འགོག་གི་དྭོགས་སེལ་བྱེད་ཚུལ་ཙམ་ལས། གོང་དག་གི་ལྡོག་ཕྱོགས་ཀྱི་ལས་ལ་བཞུགས་པ་ཙམ་གྱིས་གོས་པའི་ངེས་པ་མེད།

སྨན་གྱི་སྔོན་འགོག་ལ་བོད་ལུགས་གསོ་རིག་སྨན་འབུམ་གྱི་དགོངས་དོན་ལྟར་ན། ཟླ་བ་གཅིག་དང་ལོ་གཅིག་སྲུང་བའི་སྡེ་གཉིས་ཡོད་པ་ལས། མཚན་གཞི་ཙམ་ཞུས་ན། བཟང་པོ་དྲུག་གི་རིལ་བུ་ཉིན་བདུན་མན་ཆོད་དང་གསུམ་ཡན་ཆོད་སྨན་རྟ་གཡེར་མའི་ཁུ་བས་མཆོད་ན། དོན་ནད་ཐམས་ཅད་ཟླ་གཅིག་རིང་བསྲུང་ནུས་ལ། ཡང་བཟང་དྲུག་གི་རིལ་བུ་ཟླ་བ་གཅིག་གི་རིང་མཆོད་ཅིང། ཟླ་དེའི་ཚེས་གཅིག་ནས་༡༥བར་རིལ་བུ་མང་རུ་ཡར་བསྐྱེད་དུ་ཟ་བ་དང། ཚེས་༡༦་ནས་རིམ་པས་ཉུང་རུ་མར་བྲི་སྤྱད་དེ། སྨན་རྟ་གཡེར་མའི་ཁུ་བས་དབུལ་ན་ལོ་གཅིག་རིང་དོན་ནད་འགོག་ཐུབ་པ་ཡིན། སྐབས་དེར་སྔ་དྲོའི་ཟས་དང་རུལ་སྐྱུར་ཅན་གྱི་ཟས་ལ་འཛེམ་ཟོན་དགོས། ད་དུང་གལ་གནད་ཆེ་ཤོས་ནི། དེང་སྐབས་མཚན་རིག་སྨན་པའི་ནད་འགོག་གི་ཁབ་རིམ་པ་གསུམ་དུས་ཐོག་རྒྱབ་རྒྱུ་དེ་རེད།

ན་ཚོད་ལ་ལྟོས་ཏེ་ནད་འདིའི་མནར་ཤུགས་ལ་ཚོད་དཔག་བྱས་ན། དེང་བོད་པའི་འཚོ་མཛད་མང་པོ་ཞིག་གི་དགོངས་འདུན་མཐུན་པའི་བསྡོམས་ཚིག་གི་སྙིང་དོན་ཞིག་ལ། བྱིས་པ་སྐྱེས་མ་ཐག་ཏུ་མཆིན་པའི་གཉན་ཚད་ཕོག་ན། ནད་གཞི་ལྗིད་དུ་འགྲོ་རྒྱུའི་ཉེན་ཚབས་བརྒྱ་ཆ ༩༠ ཙམ་ཡོད་པ་དང། ཡང་རང་ལོ་གཅིག་ནས་ལྔའི་བར་ནད་འདི་ཕོག་ན། ནད་ཚབས་ཆེ་རུ་འགྲོ་བའི་བརྒྱ་ཆ་༣༠ ཙམ་ཡོད་ལ། ཕྲུ་གུ་རང་ལོ་ལྔ་ལས་བརྒལ་བའི་མི་རྣམས་ལ་ཉེས་ཚབས་བརྒྱ་ཆ་ ༦ ཙམ་སླེབས་ཀྱི་ཡོད་པ་དང། མི་རྒན་པ་རྣམས་གཉན་ཚད་འདི་ཕོག་དུས་ཉེན་ཚབས་བརྒྱ་ཆ་ ༥དང་ཚག༡༠ ཙམ་ལ་སླེབས་སྲིད་པའི་འདེང་ཚོད་གནང་ཡོད།

སྤྱི་ལོ༢༠༡༧།སྤྱི་ཟླ༧པའི་ཏ་རིག༢༨འཛམ་གླིང་མཆིན་པའི་གཉན་ཚད་ཉིན། རྒྱ་གར་བོན་གཞིས་འཕྲོད་ལས་པ་དང། གཞིས་འགོའི་རེ་བ་ལྟར་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་རྣམས་ལ་གཏམ་བཤད་ཞུས།

སྨན་དགེ་དགེ་བཤེས་གཡུང་དྲུང་བཀྲ་ཤིས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow