ཉེ་ཆར་འཛམ་གླིང་བོན་གྱི་གཙུག་རྒྱན་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཟབ་མོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། སྐུ་ཡི་སྙུང་གཞི་དྭངས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་དུ། བོད་ཕྱི་ནང་གཉིས་སུ་སྐུའི་ཞབས་བརྟན་གསོལ་འདེབས་སོགས་ཞབས་རིམ་གནད་སྨིན་སྒྲུབ་བཞིན་ཡོད་པའི་གནས་བསྡུས།
༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་གཙང་བཀྲ་ཤིས་སྨན་རི་དགོན་དུ་དྲན་པ་ཚེ་སྒྲུབ་དང་། དྲན་པ་མཚན་བརྒྱད། ཚེ་དབང་གནས་བརྒྱད། བྱམས་མའི་སྔགས་བསྟོད། བསྐང་གསོལ། བར་ཆད་ལམ་སེལ། བདུད་ཟློག་སོགས་ཞབས་རིམ་རྒྱས་པ་སྒྲུབ་བཞིན་པ།
༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཞིས་དགོན་གཉིས་ནས་ཕྱི་ཟླ་བ་བརྒྱད་པའི་ཚེས་༢༣ཉིན་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་དང་། ༧རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག ཁྲོ་གཞུང་སྟོང་འདོན། བྱམས་མ་སྔགས་བསྟོད། ཚེ་སྒྲུབ་དང་བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་མ་སོགས་སྒྲུབ་བཞིན་པ།
༧དཔལ་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་འདུས་མང་ཡོངས་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་གཞུང་སྟོང་ཚར་དང་། ཚེ་སྒྲུབ། བྱམས་མ་སྔགས་བསྟོད། སྟག་ལ་བཅུད་དྲིལ། བར་ཆད་ལམ་སེལ་སོགས་དམིགས་བསལ་ཚོགས་བསགས་ཞབས་རིམ་སྒྲུབ་བཞིན་པ།
༧སྣང་ཞིག་དགོན་རྒྱལ་བསྟན་ཕུན་ཚོགས་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་བདག་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་དམ་པ་ཀུན་མཁྱེན་རྒྱལ་བ་གཉིས་པའི་རྒྱལ་ཚབ་སོ་གསུམ་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཟབ་མོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།སྐུ་གེགས་ཀྱི་མཚན་མ་རང་སར་ཞི་བ་དང་། སྐུ་ལུས་གསེར་གྱི་པདྨོ་རབ་ཏུ་དྭངས་ཤིང་ཡུན་རིང་འཚོ་ཞིང་བཞུགས་ཆེད། དགེ་སློབ་སེམས་དཔའ་འདུས་པ་རྒྱ་མཚོ་ནས་མཁན་རིན་པོ་ཆེའི་ཞབས་བརྟན་སྐུ་རིམ་གནད་དུ་སྨིན་པ་སྒྲུབ་པའོ། །
གླིང་ཚང་ཡུལ་གྱི་༧རྫ་ཁྲོ་ཚང་ཡུལ་དགོན་གཉིས་ནས་ཕྱི་ཟླ་བརྒྱད་པའི་ཚེས་༣༡ཉིན་ནས་སྐུ་ཚེ་སྐུ་ཕྱྭའི་ཞབས་རིམ་གྱི་ཆེད་དུ་སྲོག་བསླུ་ཉེའུ་འདོན་སོགས་དང་ལྷ་སྡེ་མི་མང་ཡོངས་ནས་ཕྱག་དང་སྐོར་བ་ཁ་འདོན་སྐོར་ལ་ཡིག་བརྒྱ་མ་ཏྲི་ཨ་དཀར་སོགས་གང་མང་དང་གྲྭ་མང་གི་ངོས་ནས་དྲེལ་དམར་ཚོགས་སྟོང་དང་བྱམས་མ་ཚེ་བསྙེན་སྨན་གཟུངས་སོགས་སྒྲུབ་བཞིན་པ།
རྫ་ཁྲོ་ཚང་དགོན་གྱི་སྒྲུབ་སྡེ་གསང་ཆེན་སྐུ་གསུམ་སྨིན་གྲོལ་གླིང་ནས། ༧སྐྱབས་རྗེ་རྒྱལ་བ་༧སྨན་རི་བ་མཆོག་གི་སྐུའི་སྙུང་གཞི་དྭངས་ཆེད་དུ། བརྒྱ་བཞི་རྒྱས་པ་དང་། སྟག་ལའི་བཅུད་དྲིལ་གྲངས་མང་། ཚེ་དབང་གི་གཞུང་གྲངས་མང་། གདུགས་དཀར་གཟུངས་སྒྲུབ་གྲངས་མང་། ཚེ་གཟུངས་ཚེ་བསྙེན་སྨན་གཟུངས་སོགས་སྒྲུབ་བཞིན་པ།
༧ཁྱུང་མོ་དགོན་གཡུང་དྲུང་ཕུན་ཚོགས་གླིང་གི་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཤད་སྒྲུབ་འདུས་སྤྱི་ནས་སྲིད་པ་རྒྱལ་མོའི་སྟོང་ཚོགས་དང་བར་ཆད་ལམ་སེལ་སོགས་སྒྲུབ་བཞིན་པ།
༧འབྲས་ལྗོངས་ཞུ་རི་ཞང་གཡུང་དྲུང་ཀུན་གྲགས་གླིང་གི་བླ་གྲྭ་ཐུན་མོང་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་༧སྤྱི་སྤུངས་ཁྲོ་བོའི་གཞུང་གྲངས་དང་སྨན་ལྷའི་གཞུང་དང་འཛབ་གྲངས་སོགས་སྒྲུབ་བཞིན་པ།
༧དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ནས་ཕྱི་ཟླ་བརྒྱད་པའི་ཚེས་༢༦ཉིན་ནས་སྲིད་པ་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་ཡོད་པ་བཅས།
༧རེ་ནེ་དགོན་མདོ་སྔགས་བཤད་སྒྲུབ་གླིང་ཁོ་མ་ནེའུ་ཆུང་འདུས་སྡེའི་བཤད་སྒྲུབ་འདུས་པ་རྒྱ་མཚོས་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་དངོས་འབྱོར་གྱི་མཆོད་ཚོགས་རྒྱས་པར་བསགས་པ་དང་ཚེ་སྒྲུབ་བྱ་རི་མའི་གཞུང་བསྲངས་ནས་ཚེ་སྙིང་གྲངས་མང་། རྒྱལ་ཀུན་སྤྱི་གཟུགས་བླ་ཆེན་དྲན་པ་ནམ་མཁའི་ཁྲི་ཚོགས་རྒྱས་འབུལ་ཞུ་བཞིན་པ།
༧ཞུ་གཡུང་དྲུང་དཔལ་རི་ཀུན་གྲགས་ཁྲི་འདུས་ནོར་བུ་གླིང་གི་འདུས་མང་ཡོངས་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་ཀུན་གསལ་བྱམས་མའི་བསྔགས་བསྟོད་ཁྲི་བསག་སོགས་ཞབས་རིམ་ལ་འབད་བཞིན་པ།
༧རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་འཁྱིལ་གླིང་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་དྲན་པ་ཡབ་སྲས་ཀྱི་ཚོགས་འཁོར་རྒྱས་འབུལ། སྟག་ལ་སྤུ་གྲི་དམར་པོའི་གཞུང་གྲངས། བར་ཆད་ལམ་སེལ། གནས་བརྟན་ཕྱག་མཆོད། སྐུའི་ཞབས་བརྟན་གསོལ་འདེབས་སོགས་སྒྲུབ་བཞིན་པ།
༧དམུ་རིག་གཤེན་གྱི་གདུངས་འཛིན་གཤེན་སྲས་༧ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་བཀའ་དགོངས་ལྟར་༧གདན་ས་ཆེན་པོ་གཤེན་ཁྲི་བརྟན་ནོར་བུ་རྩེ་ནས་དབལ་བོན་སྟག་ལྷ་མེ་འབར་གྱི་ཚོགས་བརྒྱ་དང་སྲིད་རྒྱལ་དྲེལ་དམར་ཚོགས་བརྒྱ་སོགས་ཉིན་གསུམ་རིང་སྒྲུབ་བཞིན་པ།
༧མཐོང་གྲོལ་རི་ཁྲོད་དགོན་གྱི་བཤད་གྲྭ་དང་སྒྲུབ་གྲྭ་ཟུང་ནས་ཕྱི་ཟླ་༩ཚེས་༢ཉིན་ནས་མ་མཆོག་སྲིད་པ་རྒྱལ་མོའི་སྟོང་ཚོགས་རྒྱས་འབུལ་གྱི་སྐུ་རིམ་སྒྲུབ་བཞིན་པ།
༧བྱ་ཟེ་ཡོངས་དགོན་འདུས་སྤྱི་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚེའི་ཞབས་རིམ་དུ་ཚེ་སྒྲུབ་དང་བྱམས་མ་གདུགས་དཀར་སོགས་ཀྱི་དར་ལྕོག་བསྒྲོན་ཞིང་། དགེ་འདུན་རེ་ནས་ཚེ་སྒྲུབ་ཀྱི་འཛབ་བསྙེན་སྒོམ་བཟླ་ཟུང་འཇུག་གིས་ལས་ལ་འབད་མུས་སུ།
༧ཨ་རི་ལིག་མིན་རྐྱ་བོན་ཚོགས་ནས་བྱམས་མ་སྔགས་བསྟོད། སྟག་ལ་བཅུད་དྲིལ། ཚེ་སྒྲུབ་བར་ཆད་ལམ་སེལ་དང་སྲིད་རྒྱལ་བསྐང་གསོལ། རིན་པོ་ཆེ་མཆོག་གི་གསོལ་འདེབས་བཅས་གང་མང་གསོག་སྒྲུབ་བྱེད་བཞིན་པ།
བྲག་དཀར་གཡུང་དྲུང་འཁྱུད་རྩེ་གསང་ཆེན་སྨིན་གྲོལ་གླིང་གི་བཙུན་མའི་འདུས་སྤྱི་ནས་བསྟན་སྲུང་བྲག་བཙན་ཨ་བསེ་རྒྱལ་བའི་ཚོགས་འབུལ་ཞིང་འཕྲིན་བཅོལ་བ་དང་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་སྒྲུབ་བཞིན་པ།
༧གདོང་ལི་བོན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་གི་འདུས་མང་ནས་སྲིད་པ་རྒྱལ་མོའི་སྟོང་ཚོགས་དང་ཚེ་སྒྲུབ་བར་ཆད་ལམ་སེལ་སོགས་སྒྲུབ་བཞིན་པ།