དེ་ཡང་། གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། །མདོ་སྔགས་ཉི་མ་ཤར་བའི་གླིང་ཆེན། །རིག་གནས་ཆུ་བོ་འདུས་པའི་རྫིང་བུ། །ལེགས་བཤད་ལུང་རིག་སྒྲོགས་པའི་སྐྱེད་ཚལ། །མང་ཐོས་མཁས་མང་འདུས་པའི་ལྟེ་གནས། །གྲུབ་པའི་སར་བཞུགས་རྣམས་ཀྱི་མཁའ་སྤྱོད། །རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག ༧དཔལ་ལྡན་བླ་མ་མི་ཡི་སེང་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་ན་ཡང་དགོས་པ་དང་དོན་གྱི་སླད་དུ་ཞུས་ན། ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་པ་འོག་མིན་དབྱིངས་ཀྱི་ཕོ་བྲང་མཁའ་སྤྱོད་དག་པའི་ཞིང་ཁམས་སུ་གཟིགས་ནས་དགོངས་རྫོགས་མཆོད་འབུལ་ཡོངས་སུ་གྲུབ་པའི་ཉིན་སྟེ།
གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ཟླ་བ་དགུ་པའི་ཚེས་པ་བཅུ་དྲུག་ཉིན། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༥ ཉིན་གྱི་ཞོགས་པའི་ཕྱག་ཚོད་ལྔ་པ་ཙམ་ནས་༧དཔལ་ལྡན་སྨན་རིའི་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ནས་༧རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཚོགས་འཁོར་རྒྱས་འབུལ་ཞུས་ཤིང་།
དེ་ནས་སྔ་དྲོའི་ཕྱག་ཚོད་དགུ་པ་ལ་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་དད་ལྡན་གནད་ཡོད་སྐུ་མགྲོན་རྣམས་དང་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་སུ་འདུ་འཛོམས་བྱུང་ཐོག ༧སྐྱབས་རྗེ་མཁན་ཆེན་དམ་པ་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་བླ་སྤྲུལ་དགེ་བཤེས་དང་གྲྭ་མང་རྣམས་སེར་འཕྲེང་སྒྲིག་ནས་ཕྱི་བསྐོར་རྒྱས་པར་ཕེབས་གནང་མཛད།
དེ་རྗེས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆམ་རའི་ནང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་པའི་བླ་སྤྲུལ་དགེ་བཤེས་རྣམས་དང་དགེ་འདུན་མང་ཚོགས་ཚང་འཛོམས་ཀྱིས་“སྙན་རྒྱུད་ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག་”ཅེས་བྱ་བའི་ཆོ་ག་དབུ་ནས་གསུང་འདོན་གནང་ཞིང་། གྲྭ་ཚང་ནས་སྨན་རིའི་མཁན་རབས་བླ་བརྒྱུད་ཆ་ཚང་ཡོད་པའི་“སྙན་རྒྱུད་ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག་”སྨན་རིའི་བླ་བརྒྱུད་ཆ་ཚང་ཅན་གྱི་ཕྱག་དཔེ་འགྲེམས་སྤེལ་ཕྱག་འགྱེད་གནང་།
(ཕྱག་དཔེ་ཐུགས་མཁོ་ཅན་གྱིས་གཤམ་ནས་ཕབ་ལེན་གནང་ཐུབ།)
སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། སྨན་རིའི་བླ་བརྒྱུད་ཅན།
དེ་མུར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གཡས་རུའི་སྟོན་པ་རྣམས་དང་སྨན་རིའི་མཁན་རབས་རིམ་བྱོན་ནས་མཁན་ཆེན་ཁྲི་འཛིན་སོ་གཉིས་པའི་བར་སོ་སོའི་སྐུའི་ཙ་ཀ་ལིས་དབང་བསྐུར་གནང་ཏེ། དམིགས་བསལ་གྱིས་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བརྒྱུད་རིམ་གསོལ་འདེབས་ཆེད་དུ་ཁོང་གིས་མཛད་གནང་བ།
“༧སྨན་རིའི་གནས་སུ་ལུང་རྟོགས་རྒྱལ་མཚན་བཙུགས། །
ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། །
བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །
མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ། །
སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །”
ཞེས་པ་སྨན་རིའི་མཁན་རབས་བླ་བརྒྱུད་ཀྱི་ཁོངས་སུ་བཅུགས་ནས་སེར་སྐྱ་མང་ཚོགས་ཡོངས་ལ་དབང་བསྐུར་བ་གནང་ཞིང་།
དད་ལྡན་སེར་སྐྱ་མི་མང་རྣམས་ནས་འདུལ་ཁང་ཆེན་མོའི་སྒོ་མཆོར་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས་ཤིང་། ཉིན་གུང་ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་ནས་༧དཔལ་ལྡན་སྨན་རིའི་གྲྭ་ཚང་གིས་སྦྱིན་བདག་གནང་ཞིང་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་དད་ལྡན་སྐྱ་སེར་མི་མང་ཡོངས་དང་ཁྱིམ་མཚེས་རྒྱ་གར་ཡུལ་མི་དང་བཅས་ལ་ཞལ་ལག་རྒྱས་འབུལ་ཞུས་ཤིང་།
སྐུ་ཡི་ཞབས་ཞུ་པ་མཁའ་སྣ་ཚང་དགེ་བཤེས་ཟླ་བ་རྣམ་རྒྱལ་ལགས་ཀྱིས་ཆེད་དུ་བཟོས་གནང་བའི་འོད་སྡེར་“ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་མཆོག་གིས་གསུངས་པའི་བྱང་ཆོག་གི་འདོན་དབྱངས་བྱིན་ཅན་མ་”ཞེས་པ་རིན་མེད་དུ་འགྲེམས་སྤེལ་གནང་།
དགོང་དྲོའི་ཕྱག་ཚོད་དྲུག་པ་ཙམ་ནས་དད་ལྡན་མང་ཚོགས་རྣམས་༧སྐྱབས་རྗེ་མཁན་ཆེན་དམ་པ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་ནས་འདུལ་ཁང་ལ་སྣང་གསལ་མཆོད་མེ་རེ་རེ་ཕྱག་ཏུ་བསྣམས་ནས་འདུལ་ཁང་དང་སྐུ་གདུང་ཁག་རྣམས་ལ་བསྐོར་བ་ཕེབས་ཡོད་པ་དང་།
མཐར་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་མགྲིན་དབྱངས་གཅིག་ཏུ་“ཚེ་དབང་སྨོན་ལམ་”དང་“བདེན་ཚིག་སྨོན་ལམ།” “བསྟན་རྒྱས་སྨོན་ལམ་”སོགས་གསུངས་བཞིན་སྐྱབས་རྗེ་མཁན་ཆེན་དམ་པའི་གཟིམ་ཁང་མཇལ་ཁ་དང་དད་རྟེན་གདུང་རུས་དང་རིང་བསྲེལ་རིན་པོ་ཆེ། གདུང་ཐལ་བྱིན་ཅན་བཅས་ཞུས་ནས་དགོངས་རྫོགས་མཆོད་འབུལ་གྱི་ལས་རིམ་མཇུག་བསྡུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲྭ་ཚིགས་རྒྱུན་ལས་ཁང་ནས་སྤེལ་བ་དགེ་གྱུར་ཅིག
པར་པ། གྱེར་ནག་ཚང་།