དེ་ཡང་ཇི་སྐད་དུ། “ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་རྒྱུད་གསུམ་བླ་མར་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །བསྐལ་སྟོང་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ཞེས་དང་།
“དུང་གི་ཟླ་བ་མཁའ་ལ་ཚེས་པ་བཞིན། །སྐལ་ལྡན་སེམས་ལ་བོན་གྱི་ཟླ་བ་ཚེས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རིམ་པ་རྫོགས། །དུག་གསུམ་དུག་ལྔ་ཁམས་གསུམ་ས་དགུ་སྟེ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཕྱགས་མས་འདེབས། །ཉི་ཟླའི་འོད་ལ་མུན་པ་མི་གནས་བཞིན། །སྒྲིབ་གཉིས་གནས་དག་དྲི་མེད་སྨན་རི་བ། །གསེར་གྱི་ཉི་མ་ཁྱེད་ལ་ཕྱག་འཚལ་ལོ། །”ཞེས་དང་།
“སྟག་གཟིག་ཡུལ་དུ་སྡེ་སྣོད་འབྱུང་གནས་མཛད། །དཀར་ནག་རྒྱ་ལ་བླ་མེད་དོན་རྟོགས་མཛད། །ཞང་ཞུང་ཡུལ་དུ་མ་རིག་མུན་སེལ་མཛད། །བོད་ཀྱི་ཡུད་དུ་ཐུགས་རྗེའི་མངའ་བདག་མཛད། །རིག་པའི་གནས་ལྔར་གཟིགས་པའི་སྤྱན་གཅིག་པ། །ལྔ་བརྒྱའི་ལས་ངན་ཐ་རམ་སེལ་བར་མཛད། །འཛམ་གླིང་རྒྱན་དྲུག་ཞལ་ཚབ་སྨན་རི་བ། །སྟོང་གི་སྤྱི་ཕུད་དེ་ལ་ཕྱག་འཚལ་ལོ། །ཞེས་དང་།
“ཉིས་བརྒྱ་ལྔ་བཅུ་རྫོགས་པ་འགྲོ་བའི་མགོན། །ས་མ་ཡ་ཡི་འབུམ་སྡེ་རྫོགས་པར་མཛད། །སྐལ་ལྡན་རྣམས་ལ་སྤྱི་རྒྱ་རླབས་ཀྱིས་གཅོད། །སྐལ་མེད་རྣམས་ལ་ཐུགས་རྗེས་བྱིན་གྱིས་རླབས། །གདུལ་བྱའི་དོན་དུ་ཡུལ་མཆོག་གནས་བཞི་ལ། །སྤྱན་འདྲེན་ཕྱག་བཤགས་མཆོད་འབུལ་གསོལ་བ་འདེབས། །ཡུལ་མཆོག་གནས་བཞིའི་ཞལ་གཟིགས་སྨན་རི་བ། །ལྷ་ཞལ་གྲངས་མེད་གཟིགས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་༧འཛམ་གླིང་བོན་གྱི་གཙུག་རྒྱན་དམ་པ་ས་གསུམ་ན་འགྲན་པའི་ཟླ་བོ་མ་མཆིས་པ་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཙམ་གྱིས་ཀྱང་འཇིག་རྟེན་སྐྱེ་རྒུ་བདེ་བའི་དཔལ་ལ་འགོད་ཅིང་བསླབ་གསུམ་གྱི་ཡོན་ཏན་ཀུན་ལ་མངའ་དབང་བསྒྱུར་བ། རྗེ་མཉམ་མེད་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་གང་གི་ཞལ་ཚབ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན། ༧གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་གསང་གསུམ་བོན་གྱི་མཛོད་འཛིན། དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་༧དཔལ་ལྡན་བླ་མ་མི་ཡི་སེང་ཆེན་ྋསྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་ན་ཡང་དགོས་པ་དང་དོན་གྱི་སླད་དུ་ཞུས་ན། ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་པ་འོག་མིན་དབྱིངས་ཀྱི་ཕོ་བྲང་མཁའ་སྤྱོད་དག་པའི་ཞིང་ཁམས་སུ་གཟིགས་ནས་དགོངས་ཞག་བདུན་ཚིགས་མཐའ་མའི་ཉིན་བདུན་པའི་ཉིན་སྟེ།
གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ཟླ་བ་དགུ་པའི་ཚེས་པ་བཅོ་ལྔའི་ཉིན་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ ཉིན་གྱི་ཞོགས་པར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧རྒྱལ་བ་སྨན་རིའི་གླིང་གི་འཆར་ཅན་ལྟར་རྣམ་དག་འདུལ་བའི་གསོ་སྦྱོང་གི་ལས་རིམ་སོགས་ཡོངས་སུ་གྲུབ་ནས། སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་༧རྒྱལ་བ་སྨན་རིའི་བླ་བྲང་ནས་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་མཆོག་གི་གདུང་རུས་དང་རང་བསྲེལ་རིན་པོ་ཆེ། གདུང་ཐལ་དང་སཱཙྪ་བྱིན་ཅན་སོགས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་སྤྱན་འདྲེན་ཞུས་ཏེ་སྨན་རིའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་སེར་འཕྲེང་དང་བཅས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུལ་ཁང་དུ་གདན་འདྲེན་ཞུས།
དེ་ནས་བླ་སྤྲུལ་དགེ་བཤེས་རྣམས་དང་གྲྭ་ཚང་འདུས་མང་ཡོངས་ནས་ཁམས་གསུམ་བོན་གྱི་རྒྱལ་པོ་རྗེ་མཉམ་མེད་པ་མཆོག་གི་གསོལ་འདེབས་ཆེན་མོ་གདུང་དབྱངས་དྲག་པོས་གྱེར་བཞིན་རིང་བསྲེལ་དང་གདུང་རུས་རིན་པོ་ཆེ་བཅས་ལ་གསོལ་བ་འདེབས་བཞིན་ཕྱག་འཚལ་བ་སོགས་ཞུས།
དེ་རྗེས་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་གསུང་འདོན་གནང་བཞིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་གདུང་རུས་དང་རིང་བསྲེལ་སཱཙྪ་བྱིན་ཅན་སོགས་ལ་གཟི་བརྗིད་དབང་ལྡན་ཁྱད་པར་རྨད་དུ་བྱུང་བའི་ལྷ་ཁྲུས་མཛད་ཅིང་གདུང་རུས་ཏིང་འཛིན་དང་དངོས་གྲུབ་ཞུ་ལེན་མཛད་ཅིང་། སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་ནས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་ལ་གདུང་རུས་དང་རིང་བསྲེལ་རིན་པོ་ཆེ་འདེགས་འབུལ་ཞུས།
དེ་བཞིན་བླ་སྤྲུལ་དགེ་བཤེས་རྣམས་དང་དགེ་འདུན་འདུས་མང་དང་རདྞ་སྨན་གླིང་གི་བཙུན་མ་ཡོངས་ལ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་གདུང་རུས་བྱིན་རྟེན་གྱི་དངོས་གྲུབ་བསྩལ་གནང་མཛད།
ཉིན་གུང་ཕྱག་ཚོད་བཅུ་གཉིས་ནས་རདྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་༧རྒྱལ་བ་སྨན་རིའི་བླ་བྲང་དུ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱས་འབུལ་ཞུས།
ཕྱི་དྲོའི་ཕྱག་ཚོད་ལྔ་པ་ཙམ་ནས་སྨན་རིའི་གཙུག་ལག་གི་འཆམ་ར་ལ་བླ་སྤྲུལ་དགེ་བཤེས་རྣམས་དང་སེར་སྐྱ་མང་ཚོགས་ཡོངས་ནས་“སངས་རྒྱས་སྨན་རིའི་སྤྱན་གཅིག་པའི་སྐྱེས་རབས་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་”དང་བླ་མ་མཆོད་པ་༧སྐྱབས་རྗེ་རིན་པོ་ཆེའི་གསོལ་འདེབས་བཅས་དབྱངས་སུ་གྱེར་འདོན་གནང་།
དགོང་དྲོའི་ཕྱག་ཚོད་བརྒྱད་པ་ནས་སྨན་རིའི་གླིང་གི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༧རྒྱལ་ལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཚོགས་འཁོར་རྒྱས་འབུལ་ཞུ་བཞིན་པ།
ཕྱག་ཚོད་བཅུ་པ་ཙམ་ནས་སྨན་རིའི་སྐབས་བཅུ་དགུ་པའི་བཀའ་རམས་པའི་འཛིན་གྲྭ་དང་། རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་པ་བཅས་ནས་༧རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཚོགས་འཁོར་རྒྱས་འབུལ་ཞུ་བཞིན་པ།
མཚན་གུང་ཕྱག་ཚོད་བཅུ་གཉིས་ནས་སྨན་རིའི་གླིང་གི་གསང་སྔགས་འཛིན་གྲྭའི་སློབ་གཉེར་པ་རྣམས་ཀྱིས་རྗེ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུ་རྒྱུ་ཡིན་པ་དང་།
དོ་མོད་ཀྱི་མཚན་གུང་ཕྱག་ཚོད་བཅུ་གཉིས་བར་དུ་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་བླ་བྲང་དང་འདུལ་ཁང་བཅས་སུ་མར་མེ་མཆོད་འབུལ་དང་ཕྱག་བསྐོར་གནང་ནས་བཞུགས་ཡོད་པ་དང་། ཕྱག་ཚོད་བཅུ་གཉིས་ཐོག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་གདུང་རུས་རིན་པོ་ཆེ་ནང་གཟུངས་སུ་ཡོད་པའི་སཱཙྪ་བྱིན་རྟེན་དུ་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲྭ་རྒྱ་ལས་ཁུངས་ནས།
༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་པའི་སྨན་རིའི་བླ་སྤྲུལ་རྣམས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པ་རྣམ་ལྔ་འདེགས་འབུལ་ཞུས་པ།
༧སྨན་རིའི་གྲྭ་ཚང་འདུས་མང་ཡོངས་དང་བོན་གཞིས་མི་མང་ཡོངས་ནས་བླ་མ་མཆོད་པ་དང་༧སྐྱབས་རྗེ་མཆོག་གི་གསོལ་འདེབས་གསུང་བཞིན་པ།
པར་པ། གྱེར་ནག་ཚང་།