སྐྱིད་སྲས་དགེ་ལེགས་ཉི་མའི་སྙན་དེབ་ཐོག་མ་<<མུན་པའི་གར་>>ཞེས་པ་དཔར་སྐྲུན་ལེགས་གྲུབ་བྱུང་བ།

བོན་རྒན་འདིས་སྙན་ངག་ཡག་པོ་བྲིས་འདུག

གངས་རིའི་ཕྱི་རོལ་གྱི་བོན་པོ་ཕལ་ཆེ་ངའི་གྲོགས་པོ་ཡིན། ང་ཚོ་མཇལ་འཛོམས་བྱུང་མ་མྱོང་ཡང་རུང་། ང་ཚོ་ལ་མི་མངོན་མི་གསལ་བའི་མཛའ་བརྩེའི་ཐག་པ་ཞིག་འདུག ང་དང་ཨ་ཁུ་དགེ་ལེགས་ཉི་མའང་ཐག་པ་དེས་སྦྲེལ་ཞིང་བསྡམས་པའི་གྲོགས་པོ་ཡིན། ངེད་གཉིས་མཇལ་མྱོང་མེད་པ་མ་ཟད་དྲ་ལམ་ནས་ཀྱང་ལན་རེ་ལས་ཁ་བརྡ་བྱེད་ཀྱིན་མེད་མོད། ངེད་གཉིས་དྲ་འབྲེལ་བྱུང་མ་ཐག་ནས་ནང་གྲོགས་ལ་གྱུར་ཅིང་། ཁ་སང་ཁོང་གིས་སྙན་དེབ་འདིའི་གླེང་བརྗོད་འབྲི་དགོས་རབས་བཤད་སྐབས་ཀྱང་།རང་གི་མྱི་ཞིག་གིས་བྲིས་ན་ངའི་སྙན་ངག་ལ་རྒྱུས་ཡོད་རེད་ཅེས་དང་། སང་ཉིན་བར་ཏུ་ངེས་པར་འཚག་ཆུགས། ད་དུང་ཞོར་ནས་ཞུས་དག་ཀྱང་ཐོངས་སོགས་བཀའ་བཀའ་བརྒྱ་མ་ཤ་སྟག་ཆར་བའི་ཚུལ་དུ་ང་ཡི་མགོ་ལ་ཕབ། བཙན་དྲག་ཆེན་པོས་དུས་ཚོད་ཀྱང་གཏན་འབེབ་བྱས་སོང་། ཁས་མི་ལེན་པའི་རང་དབང་མེད་ནའང་དུས་ཚོད་རིང་ཙམ་ཡོད་ན་ཅི་མ་རུང་སྙམ་མོད་བོན་པོའི་བཀའ་ལ་གྱེན་ལྡོག་མེད་པ་འདྲ་བས། ལེགས་སོའི་སྣེ་མོར་ལེགས་སོ་མཐུད་པ་ཡིན།

སྙན་དེབ་འདི་མ་བཀླགས་སྔོན་ལ་ངས་ཅི་ཞིག་འབྲི་ཨང་སྙམ་ནས་སེམས་ཁྲལ་སྐྱེས་མོད། བཀླགས་ནས་མར་སོང་གིན་སོང་གིན་ང་ལ་སྤོབས་པ་ཞིག་བསྩལ་བ་སྟེ། སྙན་དེབ་འདི་ལས་ངས་བོན་པོ་གཞུང་ལུགས་སྨྲ་བ་ཞིག་མཐོང་བ་མ་ཟད། བོན་པོ་ཞིག་གི་ལོ་རྒྱུས་ཀྱི་དྲན་པ་དང་། དད་མོས། གཞུང་ལུགས་ཀྱི་ཟབ་སར་ཞུགས་པའི་སྣང་བརྙན་བཅས་མིག་ལ་མངོན།

ངས་སྙན་ངག་གི་ཟབ་ཚད་ལ་གཞིགས་ནས་ཆེད་དུ་སྦྱར་བའི་བརྡ་ཆད། འབེལ་རྩོམ་སྟེ། རིགས་པའི་རྣམ་གྲངས་མཐའ་ཡས་པའི་གཅུན་པས་སྒྱུ་རྩལ་རྩོམ་རིགས་མང་དག་ཅིག་དེབ་འདིར་མཇལ་བ་དེ་རེད། ངས་རྣམ་ཀུན་སྙན་ངག་ནི་ཚིག་རྒྱན་རྐྱང་བས་སྤྲས་པ་སྟེ། ཚིག་གི་ཤོམ་ཙམ་རྩལ་འདོན་དུ་བྱེད་པའང་མཐའ་གཅིག་དང་། ཚོར་བ་རྐྱང་བ་ཙམ་གང་འདོད་དུ་སྤྲོ་བའང་མཐའ་གཅིག་སྟེ་མཐའ་དེ་གཉིས་ཆིག་རྐྱང་གི་ངོ་བོར་གྱུར་བའི་སྙན་ངག་ནི་ཚིག་ག་ཝུ་བ་དང་། ཚོར་བའི་ཁ་རླངས་འབའ་ཞིག་ལས་སྙན་ངག་ལ་ཟབ་ཞུགས་ཐུབ་མེད་པ་དང་། ཡང་གཅིག་བཤད་ན་དེ་གཉིས་ནི། སྙན་ངག་གི་ལྷན་ཅིག་བྱེད་པའི་རྐྱེན་ལས་ངོ་བོ་ཅན་དུ་བསྐྱེད་པའི་སྙན་ངག་གི་རྒྱུའམ་སྙན་ངག་གི་ཉེར་ལེན་དུ་མི་འོས་པའི་བསམ་ཚུལ་ཞིག་ཡོད་ལ། ཨ་ཁུ་དགེ་ལེགས་ཉི་མས་ཀྱང་དེ་ལྟར་གཟིགས་ཡོད་ཚོད་དེ། དགག་སྒྲུབ་དང་སུན་འབྱིན། གཉུག་མའི་ཆོས་ཉིད་བཅས་པ་འདོན་ཐབས་སུ་ཤ་ཐང་གིས་འབད་དེ་བྲིས་པའི་སྣང་ཚུལ་ཞིག་སྙན་དེབ་འདིའི་མགོ་ནས་མཇུག་བར་ཏུ་མཐོང་གི་འདུག

ད་དུང་སྙན་དེབ་འདི་མགོ་ནས་མར་ཅུང་ཙམ་བཀླགས་པ་ན།བར་ཐག་གངས་རིས་ཆོད་པའི་ཁོང་གི་དགེ་རྒན་རྣམས་དང་།དགོངས་པ་བོན་དབྱིངས་སུ་བསྡུས་པའི་བླ་མ་ཆེན་པོ་འགའ་དང་རྩོམ་པ་པོའི་དབར་གྱི་དད་པ་དང་དམ་ཚིག་གཙང་མའི་གསེར་གྱི་ཐག་སྣེ་ཞིག་མཐོང་བ་དེ་རེད། ཐག་སྣེ་དེ་འགུལ་ཙམ་གཡོ་ཙམ་གྱི་རྗེས་སུ་སྙན་ངག་པའི་སེམས་ཀྱི་འཕྱོ་འཇགས་ཀྱང་འགྲོ་ལྡོག་བྱེད་པ་སྟེ། ཚད་མ་རིག་པའི་བརྡ་སྐད་ཀྱིས་བཤད་ན། ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་བའི་འགྲོ་ལྡོག་ཅིག་བྱེད་ཀྱིན་འདུག  འདི་ནི་ཆོས་པ་ཚད་ལྡན་ཞིག་གི་བླ་མ་བསྟེན་སྟངས་རེད་ལ། དད་འདུན་དང་མི་གཞིའང་རེད་སྙམ། ལྷག་པར་ནང་བ་སངས་རྒྱས་པ་དང་ནང་པ་གཤེན་རབ་པའི་གཞུང་གཉིས་ཀར། བླ་མ་ངོས་འཛིན་ཐད་ཚིག་རིས་ཚུན་ཆད་ཕལ་ཆེར་འདྲ་བའི་ཤོ་ལོ་ཀ་ཞིག་ཡོད་པ་སྟེ། བོན་གྱི་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས།

བླ་མ་མེད་པའི་གོང་རོལ་ནས།།

སངས་རྒྱས་བྱ་བའི་མིང་ཡང་མེད།།

བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།།

བླ་མའི་གཟུགས་སུ་བསྟེན་ཏེ་བྱོན།

དེ་ཕྱིར་བླ་མ་གཙོ་རུ་ཆེ།། ཞེས་གསུངས་པ་བཞིན་ལེགས་ཚོགས་སྐྱིད་སྡུག་མ་ལུས་པའི་སྣ་ཐག་བླ་མར་ཕུལ་བའི་ངང་ཚུལ་གྱི་སྙན་ངག་འདི་དག་ནི་ཆོས་པའི་སྙན་ངག་དང་། དེ་ལྟར་རིགས་ལམ་བརྒྱ་ཕྲག་གི་ལམ་ནས་མངོན་པར་མི་གསལ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་གིས་འབྲི་རྩོམ་གནང་བ་འདིར་མཚན་ཉིད་རིག་པའི་སྙན་ངག་ཡང་ན་འབེལ་རྩོམ་ཞེས་ཀྱང་འབོད་པར་འདོད། ཁོང་གི་སྙན་ངག་རེ་རེ་བཞིན་བོན་གྱི་གཞུང་ལུགས་ཀྱི་བརྡ་སྐད་ཀྱིས་མེར་བ། ཆོས་པ་ཞིག་གིས་ཆེས་མཐོ་བའི་དམིགས་འབེན་ལ་རེ་བ་དང་ཆེས་གཉོམ་ཆུང་བའི་གུས་ཆུང་གི་རྣམ་ཅན་དུ་འཚོ་བ་ཚུན་ཆད་ཏིལ་ལ་ཏིལ་མར་གྱིས་ཚུལ་དུ་ཡོད་པ་ནི་དེབ་ཆུང་འདིའི་ཧ་ཅང་ཉམས་དགའ་བའི་རྣམ་པ་ཡིན་པ་མ་ཟད། བོན་རྒན་འདིའི་མི་གཞིའི་མཛེས་སྡུག་ཀྱང་ཡིན་ཏེ། དཔེར་ན། ཁོང་ཆུང་དུས་ནས་བསྐྱངས་པའི་དགེ་རྒན་ལ་ཕུལ་བའི་སྙན་ངག་ཅིག་ནང་། སྒོ་བཞི་མཛོད་ལྔ་རྒྱ་མཚོའི་ཕ་མཐའ་ལ། 

ལེགས་པར་རྐྱལ་བའི་རྩལ་ཤུགས་རྫོགས་མིན་ཡང་། 

དཔལ་ལྡན་སྨན་རིའི་མཁན་སློབ་གསེར་ཞལ་མཆོག 

མཇལ་བའི་སྐལ་བཟང་ཆུད་ཟོས་མ་སོང་ཙམ། །ཞེས་པ་ལྟ་བུའི་ཟབ་བརླིང་དོན་འདྲིལ་གྱི་སྙན་ཚིག་ཤ་སྟག་གིས་དེབ་འདིའི་ལྷུ་ལག་གྲུབ་ཡོད་པས་སོ། 

བརྗོད་བྱ་ཤེས་རབ་དང་བསམ་བློའི་ཉིང་བཅུད་ཡིན་པ་ཙམ་གྱིས་སྙན་ངག་མཆོག་ཏུ་གྱུར་བ་མ་ཡིན་ཏེ། སྙན་ངག་གི་དྲན་པའམ་སྙན་ངག་གི་བླ་ནི་ཚད་མེད་པའི་དྲི་བ་དང་འཕྲོ་འདུ་སྟོང་ཕྲག་འགྱུ་བའི་ཐབས་རྩལ་ལམ་སྒྱུ་རྩལ་འགུག་གཞུག་ཞུ་རྒྱུ་ཉིན་ཡིན་པས། བརྗོད་བྱ་ཆིག་རྐྱང་བ་གཅིག་མིང་བཟུང་དོན་བཟུང་གིས་བྲིས་ན། སྒྱུ་རྩལ་གྱི་ཀློང་ཁམས་ཡངས་པོར་ཞུགས་མི་ཐུབ་ལ།བརྗོད་པ་རྩལ་འདོན་གྱིས་ཡུལ་གཅིག་ཇི་ལྟར་གླེང་ཡང་དཔྱད་རྩོམ་ཡག་པོ་ཞིག་ལས་བརྒལ་མི་ཐུབ་པར་འདོད། དེ་ཡང་ཡིན་ཏེ། བརྗོད་གཞི་གཅིག་གི་སྟེང་དུ་བརྗོད་བྱ་སྣ་མང་སྤུངས་མི་ཐུབ་པས་བརྗོད་བྱ་ཁྱབ་ཆུང་བ་དང་ལྷག་པར་རིགས་ལམ་གྱི་འཕྲོ་འདུ་ཇི་ལྟར་བྱས་ཀྱང་ཆོས་ཅན་གཅིག་ལས་བརྒལ་མི་ཐུབ་པས་རྣམ་རྟོག་གི་ཁམས་གུ་དོགས་པར་བྱས་པས་སོ། །ཚིག་གི་བཅད་རྒྱ་དང་ཤད་རྒྱ་ཙམ་གྱིས་ཀྱང་རྣམ་རྟོག་གི་འཕྲོ་བ་རང་དབང་བར་འགོག་པར་སྨྲ་བས་ན་བརྗོད་བྱའི་རྒྱ་ནི་རྣམ་རྟོག་གི་རྒྱ་ཆེ་ཤོས་དེ་ཅི་ལ་མིན།

ཡིན་ནའང་། བཙུན་པ་ཁོང་རིགས་ལམ་མཐའ་ཡས་པས་བརྗོད་བྱ་གཅིག་ཤ་འཐག་རུས་འཐག་བྱེད་པའི་བོད་ཀྱི་རིགས་པ་སྨྲ་བ་སྤྱི་ཡི་བྱེད་ལུགས་ལས་ཀྱང་ཐོད་བརྒལ་བྱས་ཡོད་དེ། ཁོང་གི་སྙན་ངག་<<དྲན་པ་སྐྱ་རིས། ཚོར་བ་སྔོ་རིས་>>དང་<<ཞོ་འཐུང་མཚར་འཛིན།>>ལྟ་བུས་རྣམ་རྟོག་དང་དྲན་རིག་མཐའ་མེད་དུ་འཕྱོ་བའི་དྲི་རྟགས་ཀྱི་ཀློང་ཆེན་པོ་ཞིག་ནས་ང་ཚོ་ལ་འཛིན་བཟུང་ཅི་ཡང་མེད་པའི་སྟོང་བའི་དེ་ཉིད་ཅིག་སྟོན་པས་སོ། 

ཁོང་ནི་འདུས་བྱས་སོ་ན་མེད་པ་དང་འཁོར་བར་སྙིང་བོ་མེད་པའི་ཆོས་ལུགས་ཀྱི་ལྟ་བ་ཆིག་རྐྱང་བ་ཅན་ཞིག་ཀྱང་མིན་པར་འདོད་དེ། ཁོང་གི་སྙན་ངག་མང་དག་ཅིག་ལོ་རྒྱུས་ཀྱི་དྲན་པ་དང་སྦྲེལ་ཞིང་། དེ་ཡང་ཕྱོགས་གཅིག་ལ་ཟགས་པའི་ལོ་རྒྱུས་ཀྱི་སྡུག་སྨྲེ་ལས་རིང་དུ་འདས་པ་སྟེ བོད་ཁ་བ་ཅན་གྱི་སྣོད་བཅུད་དར་རྒུད་ལས་བསླངས་པའི་ལོ་རྒྱུས་ཀྱི་དྲན་པ་དང་ད་ལྟའི་ཤེས་རབ། མ་འོངས་པར་ཡིད་ཆེས་པར་གསལ་བའི་སྙན་ཚིག་<<སྲིད་པའི་གནའ་གྲོང་>>དང་<<ཨག་སྐད།>><< གདོད་མའི་མེས་པོ་>>སོགས་དང་། ལོ་རྒྱུས་ཀྱི་དྲན་པ་སྲོང་བོར་སྨྲ་བ་སྲོག་ཏུ་བྱས་ཏེ་འཆར་ཡན་གྱི་གཤོག་ཟུང་རིང་དུ་བརྐྱངས་པའི་སྙན་ཚིག་<<ཏི་སིའི་རལ་དཀྲིས་ཅན་གྱི་ཆོ་རབས་>>དང་<<རྩེ་ལ་བཏབ་པའི་མགུར་>>སོགས་དང་། ཚུར་སྣང་མཛེས་སྡུག་གི་ཆོ་འཕྲུལ་ལ་ཡ་ལན་མ་ཐུབ་པའི་སྙན་ཚིག་<<རྐང་མར་སྒུལ་བའི་དབྱངས་>>སོགས་ཀྱིས་ཆོས་པའི་རྒྱ་དང་རིགས་ལམ་གྱི་རྒྱ་མ་ལུས་ཚལ་བར་གཏོར་བའི་སྟག་ཤར་ར་ཞིག་སྣང་བ་འདིའང་མཐར་དེད་ན་བླ་མ་ལ་སྣ་ཐག་སྣ་གཅུ་མཉམ་དུ་ཕུལ་བའི་བོན་རྒན་དེ་ཉིད་ཡིན་ནོ། 

   སྙན་ངག་ནི་རྣམ་རྟོག་གི་འཆར་སྒོ་དང་བསྟུན་ནས་ཚིག་གི་སྡེབ་སྦྱོར་ལེགས་པོ་སྤེལ་ཏེ། ཚོར་བའི་འཕར་འགྲོས་ལྟར་དབྱངས་སུ་གྱེར་ཆོག་པ་ཞིག་ཀྱང་ཡིན་དགོས་མོད། ཁོང་གི་སྙན་ཚིག་དག་ཀྱང་དབྱངས་ཚིག་གཉིས་ཀ་མཉམ་དུ་གཏུབ་པའི་བོད་ཀྱི་ཚིགས་བཅད་སྤྱི་ལྟར་དབྱངས་བཅད་ཀྱི་ཚེར་རྒྱ་ཆེན་པོའི་འགག་སྒོ་ལས་ཐར་མི་འདུག རྒྱུ་རྐྱེན་དེའི་ཕྱིར་ན། ཁོང་གི་སྙན་ངག་དག་ཀྱང་རྔ་སྦུབ་མཉམ་དུ་འདོན་པ་དང་ཨ་ལ་རོགས་ལོ་ཞེས་ལེན་རྒྱུ་མིན་ཕྱིར། གྱེར་ཞེས་པའི་ཐ་སྙད་འདིའི་འཇུག་ཡུལ་དུ་མི་འོས་པ་འདྲ།

ད་དུང་བོད་ཀྱི་སྲོལ་རྒྱུན་སྙན་ངག་སྤྱི་ཡི་ཐབས་རྩལ་བརྗོད་པ་གཙོར་འདོན་ཅན་ཏེ། གནས་ལུགས་བརྗོད་པ་དང་། སྒྲོ་བཏགས་ནས་བརྗོད་པ། ཆར་ཡན་སྤྲོས་ནས་བརྗོད་པ། དཔེ་བཀོད་ནས་བརྗོད་པ་ཅན་ལས་ཚིག་ངོས་ནས་མཚོན་པ་ཅན་གྱི་ཐབས་རྩལ་དང་འཆར་ཡན་དང་དངོས་ཚུལ་ངོ་བོ་དབྱེར་མེད་རོ་གཅིག་པའི་སྣང་ཚུལ་དུ་བྲིས་པ་ཞིག་མཐོང་ཡུལ་དུ་མ་མངོན་པས། ངོས་འདི་ནི་སྙན་དེབ་འདིའི་སྟོང་ཆར་གྱུར་པའི་ངོས་དེའང་ཨེ་ཡིན་སྙམ།

མཐར་གླེང་བརྗོད་ཀྱི་ཚུགས་ཀ་འདིའང་གྲོགས་པོ་ཁོང་གི་དུས་བཅད་བཀའ་རྒྱ་བཞིན་མ་འགྲུབ་པ་ལ་དགོངས་གསོལ་དང་ལྷན།སློབ་གཉེར་བ་ཁོང་གི་ལེགས་ཚོགས་རྣམ་དཀར་གྱི་བྱ་བ་འཕེལ་ཞིང་སྒྱུ་རྩལ་སྙན་ཚིག་གི་རླབས་ཕྲེང་དགུང་དུ་སྐྱོམ་པའི་སྨོན་འདུན་སྙིང་ནས་ཞུ།

བོན་རྒྱ་བསྟན་འཛིན་རབ་རྒྱས་སམ་ཤེད་བུས་སྤྱི་ལོ་ ༢༠༡༧ ཟླ་༡༠ ཚེས་༢༤ ཉིན། ཧྥ་རན་སི་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow