བྱ་འཕུར་ཚང་སྤུན་མཆེད་གཉིས་༧གདན་ས་སྨན་རིར་ཁྲི་བཞེངས་མཛད་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དགོངས་པ་གཞིར་བཟུང་འོག་ནས་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་བྱ་འཕུར་བླ་མ་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་མཆོག་བྱ་འཕུར་བླ་རབས་ ༥༤ པ་དང་། བྱ་འཕུར་བླ་མ་ཀུན་བཟང་རྒྱལ་མཚན་མཆོག་བྱ་འཕུར་བླ་རབས་ ༥༢ པ་རུ་བོད་ས་ཁྱི་ལོའི་ཟླ་བ་ ༡ པོའི་ཚེས་ ༡༡ དང་ ༡༢ ཉིན་གདན་སའི་བསླབ་པ་གོང་འོག་གི་སྒྲིག་རིམ་ཇི་ལྟར་ཁྲི་བཞེངས་མངའ་གསོལ་དང་དད་ལྡན་སེར་སྐྱ་མི་མང་ཡོངས་ནས་མནྡལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་ཞུས།

བྱ་འཕུར་དགེ་བཤེས་ཀུན་བཟང་རྒྱལ་མཚན་ནི་ཕྱི་ལོ་ ༡༩༦༥ ལོར་བྱ་འཕུར་ཁྲི་གདན་ནོར་བུའི་ཡང་རྩེ་རུ་ཡབ་བླ་མ་སྐྱབས་དང་ཡུབ་བླ་མ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དམ་པ་ཁོང་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། གཡུང་དྲུང་གླིང་གི་དཔོན་སློབ་མཁས་དབང་ཀུན་གསལ་བློ་གྲོས་རྣམ་གཉིས་ཀྱིས་སྣང་ཞིག་བསྟན་པ་རབ་རྒྱས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་གྲངས་དྲུག་ཐོག་སྣང་ཞིག་དགོན་པའི་འཚོགས་གྲལ་དུ་ཞུགས་ནས་དགུང་གྲངས་བཅོ་ལྔ་བར་ཁུ་བོ་བྱ་འཕུར་ཡོངས་འཛིན་ཚུལ་ཁྲིམས་བློ་གསལ་དང་བྱ་འཕུར་བསྟན་འཛིན་རྒྱལ་མཚན་ཟུང་གི་སྐུ་མདུན་ནས་བོད་ཡིག་འབྲི་ཀློག་བསླབས། དགུང་གྲངས་བཅུ་དྲུག་ནས་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་དྲུང་ནས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་། ཞང་ཞུང་སྙན་རྒྱུད། རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ཀྱི་ཁྲིད་ལུང་མང་དུ་ཐོབ་ཅིང་སྔོན་འགྲོ་དང་དངོས་གཞིའི་གདམས་པ་ཞུས། དགུང་གྲངས་ཉེར་གཅིག་ནས་ཉེར་ལྔ་བར་སློབ་ཟུར་ནམ་མཁའ་ཚུལ་ཁྲིམས་མཆོག་ཡོངས་འཛིན་དུ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག་སོགས་ལ་སྦྱང་བ་གནང་། དགུང་གྲངས་ཉེར་ལྔའི་ཐོག་སྣང་ཞིག་དགོན་གྱི་འཚོགས་ཆེན་ཁྲི་བའི་ཐུགས་འགན་བཞེས། དགུང་གྲངས་སོ་གཅིག་ཐོག་དགེ་བའི་བཤེས་གཉེན་གྱི་དམ་བཅའ་བཞག མཁས་དབང་བོན་བརྒྱ་རིན་པོ་ཆེའི་དྲུང་ནས་ལམ་རིམ་སུམ་བརྒྱ་པ་དང་། ལྷ་གཉེན་ཤེལ་སྒོང་། དེ་བཞིན་ཤར་རྫའི་མཛོད་ཆེན་རྣམས་ཀྱི་ཁྲིད་ལུང་ཞུས། ད་ཆར་བོད་མདོ་ཁམས་ཁུལ་དུ་འབྲེལ་ཡོད་བོན་འབངས་རྣམས་ཀྱི་རེ་ལྟོས་ཆུད་ཟོས་སུ་མི་འགྲོ་ཕྱིར་འདས་པོའི་བསྔས་བླ་དང་གསོན་པོར་ཞབས་རིམ་ཆེད་ཐུགས་ཁོམ་སྐད་ཅིག་ཙམ་ཡང་དཀའ་བའི་ངང་ནས་བཞུགས་ཡོད་ལ་ཐོག་མཐའ་སྔ་ཕྱི་བར་གསུམ་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་དང་ལྷག་པར་བླ་མ་སྣང་ཞིག་ཚང་གི་བསྟན་པའི་ཆེད་དུ་མཆོད་འབུལ་སྦྱིན་གཏོང་སོགས་གང་ནུས་ཀྱིས་བསྒྲུབས་དང་སྒྲུབ་བཞིན་བཞུགས།

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་ནི་༡༩༧༨ལོར་མདོ་སྨད་རྔ་ཡུལ་བྱ་འཕུར་ཁྲི་གདན་ནོར་བུའི་ཡང་རྩེ་རུ་ཡབ་བླ་མ་སྐྱབས་དང་ཡུམ་བླ་མ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་སྟེང་ཉིན་རེའི་སློབ་ཆུང་དུ་བསྐྱོད་ཏེ་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས་བརྩོན་གནང་། དགུང་གྲངས་དགུར་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་ཏེ༌མཁན་ཟུར་རྒྱལ་བ་ཚུལ་ཁྲིམས་ཀྱི་དྲུང་ནས་རྒྱུན་སྤྱོད་བོན་གྱི་འདོན་ཆོག་རིགས་དང་། སྣང་དགོན་དགེ་བཤེས་ལུང་རྟོགས་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་མདུན་ནས་བསྡུས་རྟགས་དང་ཚད་མ་རིག་པར་སྦྱང་བ་དབུ་བཙུགས་ཞུས། དགུང་ལོ་བཅུ་བཞིའི་ཐོག་མཁས་དབང་བོན་བརྒྱ་རིན་པོ་ཆེའི་ཐུགས་བཀོད་ལྟར་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཕེབས་ཏེ་ཞང་བོད་ཀྱི་ཡིག་གཟུགས་དང་། འབྱུང་རྩིས། སྒྲ་སྙན་ངག་སོགས་ལ་འབད་བརྩོན་གནང་བར་མ་ཟད་དགུང་ལོ་བཅུ་དྲུག་ཐོག་ཁོང་གིས་བྲིས་པའི་བྱ་དཀའ་བའི་སྙན་ངག་ཚིག་བཅད་ཁག་ཅིག་ལ་མཁས་དབང་བོན་བརྒྱ་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་མ་ཟད་བྱ་འཕུར་བླ་རབས་གོང་མའི་གདན་འཛིན་པར་ངོས་འཛིན་གྱིས་ཁྲི་འདོན་མཛད་སྒོ་སྟབས་བདེ་ཞིག་ཞུས། ཡིན་ན་ཡང་། ཁོང་གི་སྐུ་མཆེད་བྱ་འཕུར་སྤྲུལ་སྐུ་ཀུན་བཟང་རྒྱལ་མཚན་གྱི་བཀའ་དགོངས་ལྟར་དང་པོ་གྲྭ་རྐྱང་གི་འཚོ་བའི་ལམ་ནས་རིག་པའི་གཞུང་ལུགས་ལ་སྦྱང་བ་བྱ་རྒྱུ་གལ་གནད་ཆེ་ཚུལ་གསུངས་པ་ལྟར་བྱ་འཕུར་བླ་རབས་པའི་གདན་འཛིན་གྲལ་གྱི་འགན་མ་བཞེས་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོར་འབད་པ་གནང་།

ཕྱི་ལོ་ ༡༩༩༤ ལོར་སྐུའི་གཅེན་པོ་ཞིང་གཤེགས་དམ་པ་བྱ་འཕུར་ནམ་མཁའ་རྒྱལ་མཚན་གྱི་ཐུགས་བཀོད་ལྟར་སློབ་སྦྱོང་གི་བྱ་བ་དམིགས་ཡུལ་དུ་བཅངས་ཏེ་བོན་གྱི་༧གདན་ས་ཆེན་པོ་༧དཔལ་ལྡན་སྨན་རིའི་གླིང་དུ་འབྱོར་ནས་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཞབས་པད་སྤྱི་བོས་བཀུར་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། མི་ལོ་བཅུ་བདུན་ཙམ་གྱི་རིང་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པར་འབད་བརྩོན་ཚུལ་མཐུན་གནང་། ༢༠༠༦ ལོ་ནས་བཟུང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ལ་ཡིག་རྒྱུགས་གཏོང་བའི་དབུ་བཙུགས་པ་ལྟར་ཨང་རིམ་རྩེ་ཐོན་གྱི་གྲལ་དུའང་སླེབས།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་གཙོས་བསླབ་པ་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་མང་དུ་ཐོབ་ཅིང་། ཁྱད་པར་དུ་ཞིང་གཤེགས་དམ་པ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་མདུན་ནས་བོན་གྱི་དབང་ལུང་མན་ངག་བདུད་རྩི་མནོས་ཤིང་གསོ་རིག་འབུམ་བཞིའི་བཀའ་ཁྲིད་སོགས་ཀྱང་ཞུས། ཕྱི་ལོ་༢༠༠༨ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་རུ་ཞུགས་རིང་ཚོགས་གཙོ་དང་དྲུང་ཡིག་སོགས་ཀྱི་ཐུགས་འགན་བཞེས་ཡོད་པ་མ་ཟད་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བདུན་པ་དང་བརྒྱད་པ་དགུ་པ་བཅས་ཀྱི་ཚོགས་གཙོ། 《བོན་སྒོ་》རྩོམ་སྒྲིག་ཁང་གི་ཚོགས་མི་བཅས་གནང་། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཅིག་གིས་བཀོད་སྒྲིག་ཞུས་པའི་ཚན་རིག་ཟབ་སྦྱོང་ལ་ལོ་ལྔའི་རིང་ཕེབས་ཏེ་ཚན་རིག་རབ་འབྱམས་པའི་ཕྱག་འཁྱེར་(Monk Science Scholar)ཞེས་པ་བཞེས། གཞན་ཡང་ཁོང་གི་སྙན་ངག་(རྒྱང་རིང་ནས་འཐེན་པའི་ལྷ་དར་དཀར་པོ་)ལ་རྩམ་པ་རྩོམ་རིག་ཚོགས་པས་བྱ་དགའ་ཨང་གཉིས་པ་ཕུལ། ༢༠༠༠ལོར་སྙན་དེབ་ཐོག་མ་《མ་བཅོས་སེམས་ཀྱི་རླབས་ཞགས་》ཞེས་པ་དཔར་བསྐྲུན་གནང་། ༢༠༠༨ལོར་དཔྱད་རྩོམ་ཕྱོགས་བསྒྲིགས་《དྲུང་མུའི་ཞབས་རྗེས་》ཞེས་པ་དཔར་དུ་བསྐྲུན། མི་རིང་བར་དབྱིན་དེབ་རང་ཉིད་རྙེད་པའི་ལམ་ཁ་འམ་ The Path to Founding yourself ཞེས་པ་དཔར་དུ་བསྐྲུན་འཆར།
ཕྱི་ལོ་༢༠༡༡ལོར་ཨ་རིར་《རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་》གསར་འཛུགས་དང་ཁྲིམས་མཐུན་དེབ་སྐྱེལ་ཞུས། དེ་བཞིན་(རྒྱལ་གཤེན་དཔེ་སྐྲུན་ཁང་)ཁང་དང་། (རྒྱལ་གཤེན་བོན་མཛོད།) ཞང་བོད་ཀྱི་རིག་གནས་དྲ་ཚིགས་(རྒྱལ་གཤེན་བོན་སྒྲ་)སོགས་སྒོ་འབྱེད་ཞུས། ད་ཆར་རྒྱལ་ཁབ་འདྲ་མིན་དུ་ཡོད་པའི་རྒྱལ་གཤེན་དང་འབྲེལ་བའི་བོན་ཚོགས་ཁག་གི་དབུ་འཛིན་དང་། ཡོ་རོབ་ཏུ་བཙུགས་པའི་(བྱ་འཕུར་ཐེབས་རྩ་ཚོགས་པ་)ཡི་ངེས་སྟོན་པའི་ལས་དོན་སྒྲུབ་བཞིན་བཞུགས། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow