ཉེ་སྔོན་སྨན་རིའི་གླིང་དུ་འཚོགས་པའི་རིས་མེད་བགྲོ་གླེང་སྐབས་ཀྱི་རྒྱལ་བ་བཀའ་བརྒྱུད་པའི་མཁན་པོ་ཚུལ་ཁྲིམས་ཉི་མ་མཆོག་གི་རྩོམ་ཤོག

རྒྱལ་བ་བཀའ་བརྒྱུད་པའི་མདོ་དང་སྔགས་ཀྱི་ལྟ་གྲུབ་མཚོན་ཙམ་བརྗོད་པ་དྭགས་བརྒྱུད་བླ་མ་དགྱེས་པའི་ཞལ་ལུང་ཞེས་བྱ་བ།།

                                                                                      མཁན་པོ་ཚུལ་ཁྲིམས་ཉི་མ།
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སྟོང་ཉིད་སེང་གེའི་སྒྲ་ཡི་གཏམ་གཅིག་གིས།།ལྟ་ངན་རི་དྭགས་ཚོགས་རྣམས་སྐྲག་མཛད་ཅིང་།། རྨད་བྱུང་ཐར་པའི་ལམ་དུ་འཁྲིད་མཁས་པའི། མཉམ་མེད་ཤཱཀྱ་སེང་གེར་སྙིང་ནས་འདུད།། སྙན་བརྒྱུད་གདམས་པའི་གཡུ་རལ་མཁའ་ལ་བསིགས།། མི་འཇིགས་རྟགས་ཀྱི་ཕྱག་རྒྱའི་མཆེ་སྡེར་གཙིག། ལུང་རྟོགས་ཆོས་ཚུལ་གད་རྒྱང་ཆེར་སྒྲོགས་པའི།། བཀའ་བརྒྱུད་མཁས་གྲུབ་རྒྱ་མཚོར་སྙིང་ནས་འདུད།། མདོ་སྔགས་གཞུང་ལུགས་མཐའ་མེད་གངས་ཅན་མཚོ།། ཇི་བཞིན་གཏིང་དཔོག་ནུས་པར་དཀའ་ན་ཡང་།། དང་པོའི་ལས་ཅན་བདེ་བླག་འཇུག་པའི་ཕྱིར།། ཉུང་ངུའི་ངག་གིས་མཚོན་ཙམ་དབྱེ་བར་བྱ།། ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་སྔོན་དུ་འགྲོ་བའི་ཤིས་ཚིག་གིས་ལམ་ཡངས་པོར་ཕྱེས་ཏེ།
༡༽ རྒྱལ་བ་བཀའ་བརྒྱུད་པའི་ལུགས་ཀྱི་ཟབ་མོ་མདོའི་དབུ་མའི་ལྟ་བ་བཤད་པ་དང་། ཟབ་གསལ་སྔགས་ཀྱི་དབུ་མ་མཚོན་ཙམ་དབྱེ་བའོ།། དང་པོ། སྤྱིར་དབུ་མ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། བརྗོད་བྱ་དོན་གྱི་དབུ་མ་དང་། རྗོད་བྱེད་ཚིག་གི་དབུ་མ་གཉིས་སུ་ཡོད་ལ། དང་པོ་ལའང་། གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཚོགས་གཉིས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་དང་གསུམ་ལས།
དང་པོ་ནི། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ཙམ་དང་། དོན་དམ་པར་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་ཞིག་ལ་གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཅེས་བྱ་སྟེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མི་བསྐྱོད་རྡོ་རྗེས་མཛད་པའི་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། ཆོས་ཐམས་ཅད་ཀུན་རྫོབ་ཏུ་རྒྱུ་རྐྱེན་འདུས་ཙམ་དང་། དེ་ལ་བརྟེན་ནས་བཏགས་ཙམ་གྱི་འབྱུང་བ་ལྟོས་བཞག་གི་མིང་ཐ་སྙད་ཙམ་སྒྲོ་བཏགས་པར་ཟད་ཀྱི། དོན་དམ་པར་རམ་ཡང་དག་པར་ཡོད་མེད་སྐྱེ་འགག་སོགས་ཀྱི་སྤྲོས་མཐའ་གང་ཡང་མི་གནས་ཤིང་། དབུས་ཞེས་པའང་གནས་པ་དང་བྲལ་བ་དེ་ལ་གཞི་དབུ་མ་བདེན་གཉིས་ཟུང་འཇུག་གི་དབུ་མ་ཞེས་བྱ་ལ། ཞེས་གསུངས་སོ།
གཉིས་པ་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་ནི། སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེས་ཤིང་དེའི་དྲངས་པའི་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་རྟེན་འབྱུང་སྒྱུ་མ་དང་འདྲ་བར་སློབ་ཅིང་ཉམས་སུ་ལེན་པའི་ཉམས་ལེན་ནི་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་ཅེས་བྱ་སྟེ། དེ་ལྟར་ཡང་། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། བདེན་གཉིས་ཀྱི་རིང་ལུགས་དེ་ལྟར་ཤེས་ནས་ཀུན་རྫོབ་མིང་ཙམ་པའི་ཆོས་སུ་ཁོང་དུ་ཆུད་དེ། ཆོས་ཐམས་ཅད་སྐྱེ་སོགས་བྲལ་བའི་ཕྱིར་འཁྲུལ་བའི་སྒྲོ་སྐུར་དང་བྲལ་བར་རྟོགས་བཞིན་པར་རྟེན་འབྱུང་སྒྱུ་འདྲའི་མ་རྒན་མཐའ་མེད་ལ་རྟེན་འབྱུང་སྒྱུ་འདྲའི་སྙིང་རྗེ་ཆེན་པོ་དང་། དེས་དྲངས་པའི་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་རྟེན་འབྱུང་སྒྱུ་མ་དང་ནམ་མཁའ་ལྟ་བུ་ལ་སློབ་པར་བྱེད་པ་ནི་ལམ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པའི་དབུ་མ་ཞེས་བྱ་ཞིང་། ཞེས་གསུངས་སོ།
གསུམ་པ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ནི། བྱང་ཆུབ་ཀྱི་སེམས་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པས་སྒྲིབ་པའི་བག་ཆགས་དང་བཅས་པ་སྤངས་ནས་རང་དོན་དུ་ཆོས་སྐུའི་གོ་འཕང་བརྙེས་ཤིང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གོམས་པ་རབ་ཀྱི་མཐར་ཕྱིན་པས་གདུལ་བྱའི་ངོར་གང་ལ་གང་འདུལ་གྱི་སྐུ་གསུང་ཐུགས་ཀྱི་མཛད་པ་བསྐལ་པ་མ་སྟོངས་འཁོར་བ་མ་ཞིག་གི་བར་དུ། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཀྱི་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་ཀྱི་སྐུའི་མཛད་པ་སྟོན་པའི་སངས་རྒྱས་ནི་སྐུ་གཉིས་ཟུང་འཇུག་ཅེས་བྱ་སྟེ། དེ་ལྟར་ཡང་། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། དེ་ལྟར་བསླབ་པའི་འབྲས་བུ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་པས་སྒྲིབ་གསུམ་མངོན་གྱུར་ས་བོན་གནས་ངན་ལེན་དང་བཅས་པའི་མཚམས་སྦྱོར་བ་བཅད་ཅིང་། སྤྲོས་པ་མཐའ་དག་གིས་དབེན་པར་བྱས་ནས་རང་དོན་ཆོས་ཀྱི་སྐུའི་གོ་འཕང་བརྙེས་པ་ནི་འབྲས་བུ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་ཟུང་དུ་འཇུག་པའི་དབུ་མ་ཞེས་བྱའོ།། ཞེས་གསུངས་པའི་ཕྱིར་རོ།།

༣༽ མདོར་ན་དབུ་མ་ཞེས་པ་ནི། སྤྲོས་པའི་མཐའ་ཕྱོགས་རེ་བ་འགོག་པ་ཙམ་ལ་མི་གོ་བར་སྤྲོས་པ་ཐམས་ཅད་བྲལ་བ་ཞིག་ལ་གོ་དགོས་ཏེ། འོད་སྲུང་གི་ལེའུ་ལས། ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ མེད་ཅེས་བྱ་བ་ནི་མཐའ་གཉིས་སོ།། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། མདོ་སྡུད་པ་ལས་ཀྱང་། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་།། འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པར།། འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན།། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན།། ཅེས་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་པར།། བློ་ཡི་མདུན་ན་མི་གནས་པར།། དེ་ཚེ་རྣམ་པ་གཞན་མེད་པས།། དམིགས་པ་མེད་པར་རབ་ཏུ་ཞི།། ཞེས་དང་། མངོན་རྟོག་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། ཅེས་དང་། རྒྱུད་བླ་མ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ།། དོན་དམ་ཡིན་ཕྱིར་བསམ་བྱའི་མིན།། ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི།། སྒོམ་པ་ལ་སོགས་ཡུལ་མ་ཡིན།། ཅེས་དང་། རྩོད་ཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི།། དོན་གྱི་འགའ་ཞིག་དམིགས་ན་ནི།། སྒྲུབ་པའམ་བཟློག་པར་བྱ་ན་དེ།། མེད་ཕྱིར་ང་ལ་ཀླན་ཀ་མེད།། ཅེས་དང་། དགག་བྱ་ཅི་ཡང་མེད་པས་ན།། ང་ནི་ཅི་ཡང་མི་འགོག་གོ། དེ་ཕྱིར་འགོག་པར་བྱེད་དོ་ཞེས།། སྐུར་པ་དེ་ནི་ཁྱེད་ཀྱིས་བཏབ།། ཅེས་གསུངས་པ་ལྟར།
ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་ཀྱང་། དོན་དམ་བདེན་པ་རྟོགས་པ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་དག་ཐམས་ཅད་ཡོད་པ་དང་མེད་པ་དང་རྟག་པ་དང་ཆད་པ་དང་ཤེས་པ་དང་ཤེས་བྱ་དང་གཅིག་དང་ཐ་དད་ལ་སོགས་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་གདོད་ནས་བྲལ་བ་ལ། འཕགས་ཆེན་རྣམས་ཀྱི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྲོས་པ་དང་མཚན་མ་ཐམས་ཅད་འགའ་ཡང་མཐོང་བ་མེད་པའི་ཚུལ་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་གཟིགས་པ་ལ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དོན་དམ་པའི་བདེན་པ་དང་། དེ་བཞིན་ཉིད་ཅེས་ཐ་སྙད་བཏགས་པར་ཟད་ཀྱི། འཕགས་པའི་མཉམ་བཞག་ལ་མ་ལྟོས་པའམ། དེ་ལས་ཐ་དད་པའི་དོན་དུ་གྲུབ་པ་ནི་མ་ཡིན་ཅིང་། དོན་དམ་པའི་བདེན་པ་ལས་ཐ་དད་པའི་འཕགས་པའི་མཉམ་བཞག་ཀྱང་ཡོད་པ་མ་ཡིན་ནོ།། ཞེས་གསུངས་སོ།།
འོ་ན། ཐ་སྙད་པའི་ཚད་མས་གནོད་པར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དཔལ་ལྡན་ཟླ་བས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི།། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས།། ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ།། བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ།། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར།། དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད།། ཅེས་གསུངས་པ་ལྟར་གྲུབ་པའི་ཕྱིར་རོ།།
དེས་ན་ཐལ་འགྱུར་བ་ལ་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་བཞག་མེད་ཅིང་ཁས་ཀྱང་ཅི་ཡང་མི་ལེན་པའི་གནད་འགག་གང་ལ་ཐུག་ཅེ་ན། ཐལ་འགྱུར་བ་ལ་ཁས་ལེན་ཡོད་མེད་འཕགས་པའི་མཉམ་བཞག་གིས་གཟིགས་ཚུལ་ཁོ་ནར་ལྟོས་ནས་བཞག་གིས་གཞན་འཇིག་རྟེན་གྱིས་མཐོང་ཚུལ་ཚད་མ་མི་བྱེད་པའི་ཕྱིར། འཕགས་པའི་མཉམ་བཞག་གིས་གཟིགས་པ་ལ་ནི་ཀུན་རྫོབ་ཀྱི་ཆོས་རྡུལ་ཙམ་མ་དམིགས་པའི་ཕྱིར་རོ།། འོ་ན། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་མ་རྟོགས་སམ་ཞེ་ན། མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་གཟིགས་ཞེས་པའི་གཞན་ངོར་ཐ་སྙད་ཙམ་བྱེད་ཀྱིས། དོན་ལ་རྟོགས་མ་རྟོགས་གི་ཐ་སྙད་མེད་དེ། གཟིགས་བྱ་གཟིགས་བྱེད་དང་བྲལ་བའི་སྤྲོས་བྲལ་ཡིན་པའི་ཕྱིར་རོ།། དེ་ལྟར་ཡིན་པ་གང་ལས་ཤེས་ཞེ་ན། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། འཕགས་པའི་མཉམ་བཞག་ལ་རྣམ་པར་རྟོག་པ་གང་ཡང་མི་མངའ་བས་དབུ་མ་པས་ཕྱོགས་གང་ཡང་ཁས་བླངས་པ་མེད་པའི་ཕྱིར། གང་རུང་ཞིག་ཁས་བླངས་ཤིང་མངོན་ཞེན་ཡོད་ན་ནི་དབུ་མ་པར་མི་འགྱུར་གྱི། ཕྱོགས་སུ་ལྷུང་བ་དང་མཐར་ལྷུང་བ་ཉིད་དུ་འགྱུར་རོ།། འོན་ཏེ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་དོ་ཞེ་ན། འདི་ལ་ནི་གོང་དུ་ཐ་སྙད་དུ་སྐྱེ་བ་དཔྱོད་པའི་སྐབས་སུ་བསྟན་ཟིན་ཅིང་། དབུ་མ་པས་ནི་ཐ་སྙད་དུའང་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་དང་། སྟོང་ཉིད་ནི་ཐ་སྙད་དུའང་སྤྲོས་པ་དང་ཕྱོགས་སུ་འཛིན་པ་ཐམས་ཅད་དང་བྲལ་བར་བྱེད་པ་ཡིན་གྱི། ཕྱོགས་འཛིན་འགའ་ཞིག་འཕེལ་བར་བྱེད་པ་ནི་མ་ཡིན་ཏེ། ཕྱོགས་འགའ་ཞིག་དང་མ་བྲལ་ཞིང་འཕེལ་བར་བྱེད་ན་དབུ་མའི་ལམ་དུ་མི་རུང་ལ། དབུ་མའི་ལམ་མ་ཡིན་ན་སྤྲོས་པ་ཐམས་ཅད་ཞི་བར་བྱེད་པ་མི་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ།།
འོན་ཀྱང་གཞན་གྱི་བཏགས་པ་སེལ་བའི་ཆེད་དུ་གཞན་འཇིག་རྟེན་པའི་ངོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཁས་ལེན་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་།། འཇིག་རྟེན་རབ་ཏུ་གྲགས་པའི་ཡོད་དེ་བཞིན།། དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན།། མོ་ཤམ་བུ་དང་མཚུངས་པར་ཐལ་མི་འགྱུར།། ཞེས་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར་དང་། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། དེ་ན་མ་དཔྱད་པ་ན་འཇིག་རྟེན་པས་མཐོང་བ་འདི་ཡོད་ན་འདི་འབྱུང་ཞེས་པ་ཙམ་ཞིག་གཞན་གྱི་རྗེས་བརྗོད་དུ་བྱ་བ་འཐད་དེ། དེའི་བླང་དོར་ལ་བརྟེན་ནས་དེ་ཉིད་ལ་འཇུག་དགོས་པའི་ཕྱིར། ཇི་སྐད་དུ། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས།། བཟུང་བར་མི་ནུས་དེ་བཞིན་དུ།། འཇིག་རྟེན་པ་ཡིས་མ་རྟོགས་པར།། འཇིག་རྟེན་གཟུང་(བཟུང་)བར་ནུས་མ་ཡིན།། ཅེས་དང་། བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་བསྟན་མི་ནུས།། དམ་པའི་དོན་ནི་མ་རྟོགས་པར།། མྱ་ངན་འདས་པ་ཐོབ་མི་འགྱུར།། ཅེས་གསུངས་སོ།།
འོ་ན། འཇིག་རྟེན་པའི་ངོར་ཆོས་ཐམས་ཅད་ཁས་ལེན་ན་འཇིག་རྟེན་པ་ཞེས་པ་དེ་ཅི་འདྲ་ཞིག་ལ་འཇོག་གམ་སྙམ་ན། དཔལ་ལྡན་ཟླ་བས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས།། བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ།། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི།། འཇིག་རྟེན་ཉིད་ལས་ལོག་པ་རྣམ་པར་བཞག། ཅེས་གསུངས་པ་ལྟར་གཉིས་སྣང་ཡོད་པའི་སོ་སོ་སྐྱེ་བོ་ནས་འཕགས་པ་རྗེས་ཐོབ་པ་ཐམས་ཅད་ལ་འཇོག་དགོས་ཏེ། དེེ་ལྟར་ཡང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། འཇིག་རྟེན་པ་ཞེས་པ་ནི་འདིར་དོར་མ་གྱོན་པའི་ཀླ་ཀློ་མི་ཁོམ་པའི་གནས་སུ་སྐྱེས་པ་ལྟ་བུ་ཞིག་ལ་ངེས་པར་མི་བཟུང་གི སྒྲིབ་གཉིས་དབང་གིས་འཇིག་རྟེན་ཀུན་རྫོབ་པའི་གཟུང་འཛིན་གཉིས་སུ་རྟོག་པ་དང་། དེར་སྣང་བ་ཅན་ཐམས་ཅད་ཀྱིས་ཚུལ་དེ་ལ་བརྟེན་པའི་སྨྲ་བསམ་བརྗོད་པར་བྱེད་པ་ཐམས་ཅད་ལ་འཇིག་རྟེན་པ་ཞེས་བཟུང་སྟེ། དེ་ལ་འཇིག་རྟེན་ཀུན་རྫོབ་ཀྱི་སར་འཇིག་རྟེན་རང་དང་བསྟན་བཅོས་གཉིས་ཀར་སྔར་གྲགས་དང་གྲགས་རུང་ཐམས་ཅད་ཀྱི་ཐ་སྙད་ལ་འཇིག་རྟེན་ཀུན་རྫོབ་ཀྱི་ཐ་སྙད་ཅེས་རྗོད་པར་བྱེད་པའི་ཕྱིར་རོ།། རྒྱལ་སྲས་ཞི་བ་ལྷས། དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་།། རྣལ་འབྱོར་པ་དང་ཕལ་པའོ།། རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་།། རྣལ་འབྱོར་པའང་བློ་ཁྱད་ཀྱིས།། གོང་མ་གོང་མ་རྣམས་ཀྱིས་གནོད།། ཅེས་འབྱུང་ལ། དེས་ན་ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གྲུབ་པ་ན། གདུལ་བྱ་གཞན་ངོར་སྔོན་གྱི་ཚོགས་དང་སྨོན་ལམ་གྱི་མཐུས་སྐུ་དང་ཡེ་ཤེས་ཀྱི་ཀུན་རྫོབ་ཀྱི་རྟེན་འབྲེལ་འཆར་ཡང་སངས་རྒྱས་རང་ངོར་འཇིག་རྟེན་ཀུན་རྫོབ་པ་མཐའ་དག་གི་སྤྲོས་དམིགས་ཐམས་ཅད་ཉེ་བར་ཞི་བ་ཉིད་དུ་འགྱུར་ཞེས་པ་འདི་ནི་ཐལ་འགྱུར་བ་དག་གི་ལེགས་བཤད་ཀྱི་སྲོག་ཟུང་ཆེན་པོའོ།། ཞེས་ཇི་སྐད་གསུངས་པ་ལྟར་འདོད་དོ།།
མདོར་ན། མ་བརྟགས་མ་དཔྱད་པ་དང་ཅུང་ཟད་དཔྱད་པའི་ཐ་སྙད་པའི་ཚད་མས་རྙེད་དོན་ཐམས་ཅད་འཇིག་རྟེན་གྱི་ངོར་ཡོད་ལ། དེ་དག་ཐམས་ཅད་ལ་ཀུན་རྫོབ་ཅེས་བྱའོ།། ཤིན་ཏུ་ལེགས་པར་དཔྱད་པ་དང་། འཕགས་པའི་མཉམ་བཞག་གི་རྙེད་དོན་གྱི་ཆོས་ཉིད་ལ་དོན་དམ་བདེན་པ་ཞེས་འདོད་དོ།། དེ་ལྟར་ཡང་། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། དེ་ལ་མ་དཔྱད་པ་དང་ཅུང་ཟད་དཔྱད་པའི་བློ་ངོར་རྙེད་པའི་ཆོས་ལ་ནི་ཀུན་རྫོབ་ཅེས་བྱ་ལ། ཤིན་ཏུ་ལེགས་པར་དཔྱད་པ་དང་། འཕགས་པའི་མཉམ་བཞག་གིས་རྙེད་པ་ལ་ནི་དོན་དམ་ཅེས་བྱའོ།། དེས་ན་དངོས་པོ་བུམ་པ་ལྟ་བུ་གཅིག་ལའང་བྱིས་པ་རྣམས་ཀྱིས་ནི་ངོ་བོ་ཉིད་དང་། ཁྱད་པར་དུ་སྒྲོ་བཏགས་རྒྱུ་མཐའ་ཡས་པ་ཞིག་རྙེད་པས་ཀུན་རྫོབ་དང་། འཕགས་པ་རྣམས་ཀྱིས་དེ་དག་ཐམས་ཅད་གང་དུ་ཡང་མ་གཟིགས་པས་འགའ་ཡང་མཐོང་མེད་ཀྱི་ཚུལ་དུ་མཐོང་བ་དེ་ལ་དོན་དམ་མཐོང་ཞེས་ཐ་སྙད་བྱས་པས་བདེན་པ་གཉིས་པོ་དེ་དོན་ལ་ཐ་དད་མ་ཡིན་གྱི། འཁྲུལ་བ་དང་མ་འཁྲུལ་བའི་བློ་ལ་ལྟོས་ཏེ་སོ་སོར་དབྱེ་བ་བྱས་པ་ཙམ་མོ།།
༣༽ དགག་བྱ་དང་འགོག་བྱེད་ཀྱི་རིགས་པ་མཚན་གཞི་ཙམ་ཞིག་ཞུ་བར། དགག་བྱ་ནི་རྟོག་པའི་ཞེན་འཛིན་གྱི་འཛིན་སྟངས་ཡུལ་ཐམས་ཅད་ལ་དགག་བྱར་བཞག་པ་དང་། འགོག་བྱེད་ཀྱི་རིགས་པ་ནི་འགལ་བ་བརྗོད་པའི་ཐལ་འགྱུར་སོགས་བཞི་ལ་འཇོག་གོ། དང་པོ་གྲུབ་ཏེ། དབུ་མ་ཤེས་རབ་ལ་འཇུག་པ་ལས། དགག་སྒྲུབ་གཉིས་པོ་དགག་འབའ་ཞིག། དངོས་ལ་དགག་སྒྲུབ་གང་ཡང་མེད།། ཅེས་གསུངས་པ་དང་། ཟླ་བའི་རིགས་པ་དྲུག་ཅུ་པའི་འགྲེལ་བར། ཅི་སྐྱེ་བ་ངོ་བོ་ཉིད་མེད་ཀྱང་སླ་ཡི་ཐ་སྙད་དུ་གཟུགས་སྐྱེས་སོ་ཚོར་བ་སྐྱེས་སོ་བྱ་བ་ནི་ཀྱེ་མ་ལམ་དུ་སོང་བར་གདོན་མི་གཟའ་འོ།། ཞེས་གསུངས་སོ།། ཞར་བྱུང་དུ་བདེན་འཛིན་ངོས་འཛིན་པ་ལའང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་བདེན་འཛིན་ལྷན་སྐྱེས་ཀ་བ་ཀ་བར་བདེན་པར་ཞེན་པ་དང་། བུམ་པ་བུམ་པར་བདེན་པར་ཞེན་པའི་བདེན་སྣང་ཞེན་འཛིན་བཅས་པའི་འཁྲུལ་བ་འདིས་སེམས་ཅན་ཐམས་ཅད་འཁྲུལ་བར་བྱས་སོ་ཞེས་སངས་རྒྱས་དང་དཔལ་མགོན་ཀླུ་སྒྲུབ་སོགས་ཀྱིས་གསུངས་ལ། ཞེས་གསུངས་པའི་ཕྱིར་རོ།། གཉིས་པ་གྲུབ་སྟེ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། དངོས་སྨྲ་བ་ལ་མེད་པའི་དགག་སྒྲུབ་ཀྱི་རྣམ་བཞག་ཁྱད་པར་ཅན་ཐལ་འགྱུར་བ་ཉིད་ལ་ཡོད་པ་ཡིན་ཏེ། གཞན་ལ་གྲགས་ཀྱི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ། རང་རྒྱུད་ཀྱི་དམ་བཅའ་མེད་པའོ།། ཞེས་གསུངས་པའི་ཕྱིར་རོ།།
ཞར་བྱུང་དུ་ཐལ་འགྱུར་བ་དང་རང་རྒྱུད་པའི་ཁྱད་པར་ཅུང་ཟད་འགོད་ན། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། དེས་ན་བདེན་པ་གཉིས་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་བཞག་མེད་ཀྱང་། གཞན་གྱི་བཏགས་པ་སེལ་བའི་ཆེད་ཀྱི་དགག་སྒྲུབ་འཇིག་རྟེན་དང་རྗེས་མཐུན་དུ་བརྗོད་པ་ནི་ཐལ་འགྱུར་བའི་ལུགས་ཡིན་ལ། དོན་དམ་བདེན་པ་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་མེད་ཀྱང་ཀུན་རྫོབ་ལས་བརྩམས་ནས་དེ་ཉིད་འཚོལ་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་བཞག་འཐད་ལྡན་གྱིས་གཞན་གྱི་བཏགས་པ་སེལ་བའི་དགག་སྒྲུབ་ཁྱད་པར་ཅན་བརྗོད་པ་ནི་རང་རྒྱུད་པའི་ལུགས་སོ་ཞེས་སྲོག་གནད་དུ་གདམས་པའོ།། ཞེས་གསུངས་སོ།།
༤༽གཉིས་པ་བརྗོད་བྱེད་ཚིག་གི་དབུ་མ་ལ། བཀའ་དང་བསྟན་བཅོས་གཉིས་སུ་ཡོད་ཅིང་བཀའ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་དང་། བསྟན་བཅོས་ནི་དབུ་མ་རྩ་བ་ཤེས་རབ་ལྟ་བུ་ལ་འཇོག་གོ། དེ་ལྟར་ཡང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་པའི་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། བདེ་བར་གཤེགས་པ་ཉིད་ཀྱིས་ཤེས་བྱ་བདེན་པ་གཉིས་ཀྱི་གནས་ལུགས་གསལ་བར་གཞན་ལ་བསྟན་ནས་བླང་དོར་འཁྲུལ་བ་མེད་པར་སྟོན་བྱེད་བརྡར་གྱུར་གྱི་གསུང་རབ་གདུལ་བྱའི་སྐལ་བ་དང་འཚམས་པར་བསྟན་པ་དག་ཡིན་ལ། གཞི་ལམ་འབྲས་བུའི་བདེན་གཉིས་ཀྱི་ཚུལ་ལ་རང་གཞན་གྱི་སྡེ་བ་དག་གིས་སྒྲོ་སྐུར་དུ་གང་བྱས་པ་དེ་ལུང་རིགས་ཀྱིས་ཚར་བཅད་ནས་དངོས་དོན་དེ་ཁོ་ནར་ལྟར་འཆད་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བསྟན་བཅོས་དབུ་མ་རྩ་བ་སོགས་ལས་བླ་ལྷག་ཏུ་རྗོད་བྱེད་དབུ་མའི་བསྟན་བཅོས་སུ་གྲགས་སོ།། ཞེས་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར་རོ།།
༥༽ གཉིས་པ་ཟབ་གསལ་སྔགས་ཀྱི་དབུ་མ་བཤད་པ་ལ། བཀའ་བརྒྱུད་རིན་པོ་ཆེ་འདི་ནི་རྡོ་རྗེ་འཆང་ནས་རྒྱ་གར་གྱི་གྲུབ་ཆེན་དུ་མ་དང་། ཁྱད་པར་ཏེ་ལོ་པ་དང་། ནཱ་རོ་པ། མངའ་བདག་མཻ་ཏྲི་པ་སོགས་ལས་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱས་བཀའ་བབ་བཞིའི་གདམས་ངག་རྣམས་ཉམས་སུ་བླངས་ཏེ་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན། དེ་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་བྱས་ཏེ་གྲུབ་པ་ཐོབ་པ་ཤ་སྟག་ཡིན་ནོ།། ཕྱག་རྒྱ་ཆེན་པོ་ལའང་ཟབ་མོ་མདོའི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་ཚུལ་དང་། ཟབ་གསལ་སྔགས་ཀྱི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་ཚུལ་གཉིས་སུ་ཡོད་དེ། དེ་ལྟར་ཡིན་པའང་། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། དང་པོ་གཉིས་ཀྱི་བཀའ་སྲོལ་ནི། རྗེ་མར་མི་ལྟ་བུ་ལ་གཉིས་ཀ་ཚང་བར་བཞུགས་ཤིང་ཉམས་ལེན་དུ་མཛད་ལ། བཀའ་སྲོལ་བར་པ་འདི་ནི་ལྷག་པར་རྗེ་སྒམ་པོ་ཉིད་ཀྱི་རྩལ་དུ་བཏོན་ཏེ་ཐུགས་ཉམས་སུ་བཞེས་པ་སྐད་དུ་མཛད་ནས་དེའི་བཀའ་རྒྱ་ཆེར་སྤེལ་བ་ཡིན་ཏེ། དེའང་ཆོས་རྗེ་འདི་ལ་བདེ་བར་གཤེགས་པ་ཉིད་ཀྱིས་ཏེང་ངེ་འཛིན་རྒྱལ་པོའི་མདོ་ནས་ཏིང་ངེ་རྒྱལ་པོའི་མདོའི་དོན་གྱི་དབུ་མ་རྒྱས་བྱེད་དུ་ཆེས་བསྔགས་པའི་ཕྱིར་དབུ་མའི་ཆོས་ཚུལ་འདི་ལ་མཚན་གསང་སྔགས་བླ་མེད་ནས་འབྱུང་བའི་བདེ་སྟོང་གི་ཡེ་ཤེས་ལ་ཕྱག་ཆེན་དུ་གྲགས་པའི་ཕྱག་ཆེན་དེའི་མིང་དུ་འདོགས་པར་མཛད་པ་དང་། འདི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་ན་ཐ་མལ་གྱི་ཤེས་པ་མངོན་དུ་མཛད་ཅེས་པ་དང་། ཆོས་སྐུ་མངོན་སུམ་བྱས་ཞེས་སོགས་གསུངས་སོ།
༦༽ གཉིས་པ་ཟབ་གསལ་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་མོ་ནི། དཀྱིལ་འཁོར་དུ་ཞུགས་ནས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདག་ཉིད་ཀྱི་བདེ་སྟོང་དབྱེར་མེད་ཀྱི་དབང་བཞི་བླང་བ་དང་བསྐུར་བར་མ་བྱས་ན་མི་འབྱུང་ཞིང་། མཐའ་ཀླས་པའི་ཕ་རོལ་དུ་ཕྱིན་པར་མ་བྱས་པར་སྔགས་ལུགས་ཀྱི་འོད་གསལ་དང་། དེ་མངོན་དུ་བྱས་ནས་མི་སློབ་པའི་ཟུང་འཇུག་འགྲུབ་མི་སྲིད་དོ།། དེས་ན་འོད་གསལ་གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། རྩ་ཐིག་རླུང་གསུམ་གནད་དུ་བསྣུན་པ་ལ་བརྟེན་ནས་བྱུང་བའི་སྟོང་པ་ཉིད་དང་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་སྐྱེ་དགོས་སོ།།
དེ་ལྟར་ཡང་། དགོངས་གཅིག་ཀར་ཊཱིཀ་ཆེན་མོ་ལས། བླ་ན་མེད་པའི་ངེས་དོན་མཐར་ཐུག་པའི་རྒྱུད་སྡེ་ནས་འབྱུང་བའི་རྫོགས་རིམ་མཐར་ཐུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་རྟོག་སྒོམ་ལས་འབྱུང་བ་རྒྱ་ཆེར་བཀག་པའང་ཚུལ་འདི་ལ་དགོངས་པ་ཡིན་ལ། ཕྱག་རྒྱ་ཆེན་པོའི་དོ་ཧ་རྡོ་རྗེའི་གླུ་ཞེས་པ་རྣམས་སུ་ཡང་། རྟོག་མེད་ཀྱི་ཡེ་ཤེས་འདི་ཉིད་ཀྱིས་བདེ་གཤེགས་སྙིང་པོའི་བདེན་གཉིས་ཀྱི་གནས་ལུགས་ལ་སྒྲོ་སྐུར་དང་བྲལ་བར་མ་བཅོས་པར་ཇི་ལྟར་མཐོང་བའི་དོན་དེ་ཉིད་སྟོན་པར་བྱེད་ལ། དེ་ལྟར་སྟོན་པའི་མཆོག་གི་དངོས་གྲུབ་ཐོབ་པའི་གྲུབ་གླུ་ལ་དོ་ཧ་རྡོ་རྗེའི་གླུ་ཞེས་འདོགས་ལ་འདོགས་ཆོས་དེ་ལྟར་བརྗོད་པར་མེད་པར་བོད་འདིར་དོ་ཧ་གྲགས་པའི་གླུ་མང་པོ་བྱུང་བ་ནི་དོ་ཧའི་ཆོས་ཀྱི་ཚུལ་ལ་བློ་ཁ་ཅུང་ཟད་ཀྱང་མ་ཕྱོགས་པ་ཡིན་པ་ཡིན་ལ། དེས་ན་རྡོ་རྗེ་ཐེག་པའི་གསུང་རབ་གྲུབ་མཆོག་གིས་བཀྲལ་བའི་ཕྱག་རྒྱ་ཆེན་པོའི་སྒོམ་བྱུང་མི་རྟོག་པའི་ཡེ་ཤེས་སྐྱེད་ཚུལ་གྱི་རྣམ་བཞག་འདི་ལྟ་བུ་ཁོང་དུ་མ་ཆུད་པར་གངས་ཅན་དུ་བྱུང་བའི་རྡོ་རྗེ་འཆང་ཆེན་པོར་ཞལ་གྱི་བཞེས་པ་མང་པོས། གསང་སྔགས་བླ་ན་མེད་པར་མི་རྟོག་ཡེ་ཤེས་ཤེས་ཀྱི་རྒྱུར་རྟོགས་རྒྱུར་རྟོག་སྒོམ་ཡེ་ནས་བཀག་ཅེས་པ་དང་། ཁ་ཅིག་གིས་ཕྱག་རྒྱ་ཆེན་མོ་མི་རྟོག་ཡེ་ཤེས་དེ་ཉིད་ཀྱང་རྟོག་པའོ་ཞེས་གྱ་ཚོམ་དུ་སྨྲ་བ་དུ་མ་བྱུང་སྟེ། དེ་དག་གིས་ནི་རྡོ་རྗེ་འཆང་ཆེན་པོའི་གསང་བའི་བཀའ་མདུད་ཟབ་མོ་ཕྱོགས་ཙམ་ཡང་མ་ཁྲོལ་བར་སྨྲས་པར་ཟད་དེ། རྟོག་སྒོམ་གསང་སྔགས་ཀྱི་མི་རྟོག་ཡེ་ཤེས་ཀྱི་རྒྱུ་ཙམ་ཡང་མི་རུང་ན་ལས་དང་པོ་བའི་སྨོན་པ་སེམས་བསྐྱེད་རྟོག་བཅས་སུ་བསྐྱེད་པ་ཡང་དེའི་རྒྱུར་མི་འགྱུར་བར་ཐལ་བ་དང་། མི་རྟོག་པར་རྟོག་པར་སྨྲ་ན་རྟོག་མི་རྟོག་གི་ཁྱད་པར་ཅུང་ཟད་ཀྱང་མེད་པར་འགྱུར་བས་གང་ལའང་ཡིད་བརྟན་མེད་པར་ཐལ་བ་ཉིད་ཀྱི་ཕྱིར་རོ།། ཞེས་སོགས་དང་། ཡང་རྟོགས་ཐབས་ཀྱི་བླ་མ་དམ་པའི་ལུགས་དེ་གང་ཞེ་ན། མིག་མི་འཛུམ་ནས་རོ་རྐྱང་གི་རྩ་ཐིག་རླུང་གསུམ་གཅུན་པའི་ལུས་གནད། མི་བསམ་པ་སོགས་སེམས་གནད། རླུང་འགོག་པ་རླུང་གནད་དོ།། བྱེད་པ་བཅིང་བ་དང་ལམ་དེ་འདོམས་པ་པོའི་བླ་མ་མཉེས་པར་བྱེད་པའི་བསོད་ནམས་ཀྱི་མཐུ་ལས་བདེ་གཤེགས་སྙིང་པོར་གྱུར་པའི་ཡུལ་རྣམ་པ་ཐམས་ཅད་པའི་སྟོང་པའི་གཟུགས་བརྙན་དང་། ཡུལ་ཅན་དེ་འཛིན་པའི་ཤེས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གཉུག་མ་སྒྲིབ་བྲལ་མ་བཅོས་པ་ཐ་མལ་ཤེས་པ་རང་བབས་རྗེན་པ་མཉུག་མ་དེ་འཆར་བ་ཡིན་ནོ།། ཞེས་སོགས་གསུངས་པའི་ཕྱིར་རོ།།
འོ་ན་ཡུལ་ཅན་འོད་གསལ་བའི་ཡེ་ཤེས་ཞིག་ལ་དོན་དམ་བདེན་པ་འཇོག་གམ་ཞེ་ན། དེ་ནི་མ་ཡིན་ཏེ། དོན་དམ་བདེན་པ་ནི་ཡུལ་གྱི་འོད་གསལ་ཉིད་ལ་འཇོག་དགོས་པའི་ཕྱིར་ཏེ། དགོངས་གཅིག་ཀར་ཊཱིཀ་ཆེན་མོ་ལས། སེམས་འགྲེལ་སྐོར་གསུམ་ལ་སོགས་པར། ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀུན་རྫོབ་བདེན་པ་དང་། ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་དོན་དམ་བདེན་པར་གསུངས་ནས་དེ་གཉིས་གཉིས་སུ་མེད་པར་རོ་མཉམ་དུ་གསུངས་པ་ལ། བོད་རྒན་བྱིས་པ་མཁས་གྲུབ་ཏུ་རློམ་པ་ཁ་ཅིག དེ་ལྟར་བཤད་པའི་བདེན་གཉིས་དེ་བདེན་གཉིས་ཉིད་ལ་སྒྲ་ཇི་བཞིན་པར་བཟུང་བ་ནི་གནད་མ་གོ་ཡིན་ཏེ། དེ་ལྟར་ན་ཟབ་མོ་སྟོང་པ་ཉིད་དོན་དམ་མ་ཡིན་ན་དེ་ལས་གཞན་དུ་དོན་དམ་གང་ཞིག་ཡུལ་ཡུལ་ཅན་གྱི་ཡེ་ཤེས་ཀུན་རྫོབ་མ་ཡིན་ན་གང་འདུས་བྱས་ཀྱི་ཆོས་ཇི་ལྟར་དོན་དམ་པར་འགྱུར། འོ་ན་འདི་ལྟར་གསུངས་པའི་གནད་གང་ཡིན་སྙམ་ན། ཡུལ་པྲ་ཕབ་པ་ལྟ་བུའི་ཡུལ་ཅན་སྟོང་གཟུགས་དེ་ནི་རང་བཞིན་སྤྲོས་མཐའ་དང་བྲལ་བའི་སྟོང་ཉིད་དོན་དམ་བདེན་པ་ལས་རྫས་གཞན་དུ་གྲུབ་པ་མེད་ཀྱང་། རྣམ་པ་ཡུལ་དུ་སྣང་བས་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་བརྗོད་ལ། ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་དེས་ཡུལ་དང་ཡུལ་ཅན་སྤྲོས་པ་དང་བྲལ་བར་དོན་དམ་པ་སྟོང་པ་ཉིད་དུ་རྟོགས་ལ། དེ་ལྟར་རྟོགས་བྱེད་ཀྱི་བློ་ཀུན་རྫོབ་བདེན་པ་ཡིན་ཀྱང་དེས་དེ་རྟོགས་པའི་ཆ་ནས་དོན་དམ་བདེན་པར་མིང་བཏགས་པ་ཡིན་ལ། དེའི་ཚེ་ཡུལ་ལ་དངོས་མིང་དང་ཡུལ་ཅན་ལ་བཏགས་མིང་ཡིན་ཀྱང་། ཞེས་སོགས་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར་རོ།།
དེས་ན། མདོར་བཤད་པའི་ཕྱག་ཆེན་དང་། སྔགས་ནས་བཤད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་མི་གཅིག་པས་སྔགས་ནས་བཤད་པའི་འོད་གསལ་མངོན་དུ་གྱུར་པ་ལ། དབང་དང་དེར་ལྟོས་ཀྱི་སྡོམ་པ་དང་དམ་ཚིག་བསྲུང་ཞིང་སྤྱོད་པ་སྤྱད་པ་དང་། ཁྱད་པར་ཕྱག་རྒྱའི་རྐྱེན་ལས་མཆོག་གི་དབུ་མ་གཏན་ལ་ཕབ་ནས། དེར་རླུང་ཐིག་འཛག་མེད་ཟད་པ་མེད་པར་མདོར་བཤད་པའི་ཕྱག་ཆེན་དང་མི་འདྲ་བར་ཁས་ལེན་དགོས་པར་གསུངས་ཏེ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། མདོར་བཤད་པའི་འོད་གསལ་སྔགས་ནས་བཤད་པའི་འོད་གསལ་གཅིག་ན། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྔགས་ནས་བཤད་པའི་སེམས་འོད་གསལ་དང་། སྒྱུ་ལུས་ཀྱི་རྣམ་པར་བཞག་པ་ཐམས་ཅད་མདོར་བཤད་པའི་འོད་གསལ་དང་སྒྱུ་མ་ལྟར་སྟོན་པའི་ཆོས་ཚུལ་ལས་ཆེས་ཁྱད་འཕགས་སུ་སྒྲུབ་པའང་དོན་མེད་པར་ཐལ་བ་དང་། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་ཆོས་གཞན་ཐམས་ཅད་ཁོང་དུ་མ་ཆུད་ན་རྡོ་རྗེ་འཆང་གི་གོ་འཕང་མི་ཐོབ་སྟེ། འོད་གསལ་དང་སྒྱུ་ལུས་ཀྱི་དོན་ཁོང་དུ་ཆུད་པར་མི་འགྱུར་ཞེས་གསུངས་པ་ཡང་དོན་ལ་མ་ཞུགས་པའི་རྫུན་ཚིག་ཆེན་པོ་སོང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ།། དེས་ན་མདོ་ལས་བཤད་པའི་ཕྱག་ཆེན་དང་། སྔགས་ལས་བཤད་པའི་ཕྱག་ཆེན་མི་གཅིག་པའི་རྒྱུ་མཚན་གོང་དུ་བཤད་ཟིན་པ་ལྟར་དང་། མདོ་སྔགས་གཉིས་མི་གཅིག་པའི་རྒྱུ་མཚན་གཞན་ཡང་། མདོ་ནས་བསྟན་པ་དང་། སྒྲུབ་གཞི་སྔགས་ནས་བསྟན་པའི་བདེ་གཤེགས་སྙིང་པོ་མིང་མཐུན་ཀྱང་དོན་མི་གཅིག་སྟེ། མདོ་ལས་བདེ་གཤེགས་སྙིང་པོ་རེས་འདུས་བྱས་སུ་བཤད་པ་དང་། འདུས་མ་བྱས་དངོས་པོར་བཤད་པའང་ཡོད་མོད་ཀྱིས། མངོན་རྟོགས་རྒྱན་དང་། འཕགས་སེང་གི་ཕར་ཕྱིན་གྱི་འགྲེལ་བ་རྣམས་སུ་སྒྲུབ་པའི་རྟེན་ཆོས་དབྱིངས་སྟོང་པ་ཉིད་ལ་འདོད་དོ།། དེ་ལྟར་ཡང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས། དེས་ན་མདོ་ལས་བདེ་གཤེགས་སྙིང་པོ་འདུས་མ་བྱས་སུ་བཤད་པ་དང་། འདུས་མ་བྱས་གཞིར་བྱས་ལ་རེས་དངོས་པོར་བཤད་པ་དང་། རེས་དངོས་མེད་སྟོང་པར་བཤད་པའི་དབང་ལས། གཉིས་པ་དེ་ལ་བསམ་ནས་ལོ་ཙཱ་བ་ཆེན་པོས་བདེ་གཤེགས་སྙིང་པོ་སྟོང་ཉིད་མེད་དགག་ཏུ་འཆད་པ་དང་། དེ་དང་མཐུན་པར་འཕགས་སེང་གིས་ཕར་ཕྱིན་སྒྲུབ་པའི་རྟེན་རིགས་ཆོས་དབྱིངས་སྟོང་པ་ཉིད་ལ་འཆད་པ་དང་། ཞེས་གསུངས་སོ།། སྔགས་ནས་སྒྲུབ་གཞི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་བཞག་དགོས་པར་སེམས་ཏེ། གྲུབ་ཆེན་ས་ར་ཧ་པའི་ཞལ་ནས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ།། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ།། འདོད་པའི་དངོས་གྲུབ་སྩོལ་བར་མཛད་པ་ཡི།། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར་རོ།།
ཞར་བྱུང་དུ་རྒྱུད་སྡེ་བཞིའི་ཁྱད་པར་ཟུར་ཙམ་སྨོས་ན། ཀརྨ་ཤིང་རྟ་ལས། ཕྱིའི་བྱ་བ་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་གྱུར་པའི་སྒོ་ནས་སྔགས་ཀྱི་སྤྱད་པ་སྤྱོད་པའི་ལམ་འཁོར་བཅས་རྗོད་བྱེད་ཀྱི་རྒྱུད་དང་བཅས་པ་བྱ་རྒྱུད། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཀ་སྤྱོད་པ་གཞིར་བཅས་ནས་ཤས་ཆེར་ཕྱིའི་བྱ་བ་སྤྱོད་པའི་ལམ་འཁོར་བཅས་རྗོད་བྱེད་ཀྱི་རྒྱུད་དང་བཅས་པ་སྤྱོད་རྒྱུད། དེ་ལས་ནང་གི་རྣལ་འབྱོར་ཤས་ཆེར་སྤྱོད་པའི་ལམ་འཁོར་བཅས་རྗོད་བྱེད་ཀྱི་རྒྱུད་དང་བཅས་པ་རྣལ་འབྱོར་གྱི་རྒྱུད། ནང་གི་རྣལ་འབྱོར་འབའ་ཞིག་གཙོ་བོར་གྱུར་པའི་སྒོ་ནས་སྔགས་ཀྱི་སྤྱད་པ་སྤྱོད་པའི་ལམ་འཁོར་བཅས་རྗོད་བྱེད་ཀྱི་རྒྱུད་དང་བཅས་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ། དེ་ལྟར་བཤད་མ་ཐག་པ་ལྟར་གྱི་རྒྱུད་སྡེ་བཞིར་དབྱེ་བ་འདི་ཉིད་རྒྱ་བོད་ཀྱི་མཁས་པ་དང་གྲུབ་ཆེན་ཐམས་ཅད་ཀྱི་ཞལ་ནས་རྒྱུད་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ལས་འབྱུང་བས་ཁུངས་ཀྱང་བཙུན་པའི་ཕྱིར་འདི་ཁོ་ནར་བཟུང་བར་བྱ་ལ། འདི་ལས་གཞན་དུ་ནང་གསེས་ཀྱི་དབྱེ་བ་ཕྲ་མོ་ཙམ་གྱིས་རྒྱུད་སྡེ་སྤྱིའི་ལུས་ཀྱི་དབྱེ་བ་ཕྱེས་ན་ཐུག་མེད་དུ་འགྱུར་བའི་ཕྱིར་ཧ་ཅང་ཐལ་ཆེ་བ་ཡིན་ནོ།། ཞེས་གསུངས་སོ།།
མཐའ་དོན་བསྡུས་ཏེ་མདོ་སྔགས་ཀྱི་ཁྱད་པར་ཀུན་མཁྱེན་མི་བསྐྱོད་རྗེའི་གསུང་སྡོམས་དུ་འགོད་ན་འདི་ལྟར། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས། འོ་ན་སློབ་དཔོན་ཀླུ་ཞབས་རྗེས་འབྲངས་དང་བཅས་པའི་དབུ་མའི་ཆོས་ཚུལ་ལས་ཁྱད་པར་དུ་གྱུར་པའི་སྔགས་ཀྱི་ཐེག་པའི་དབུ་མའི་ཆོས་ཚུལ་ཡོད་དམ་ཞེ་ན། མཐར་ཕྱིན་དང་སྤྲོས་འཛིན་གྱི་དགག་བྱ་བཀག་ནས་བསྒྲུབ་བྱ་ཅི་ཡང་མི་སྒྲུབ་པའི་སྤྲོས་བྲལ་གྱི་ཆ་ནས་ཁྱད་པར་མེད་ཀྱང་། དེ་གཏན་ལ་འབེབས་བྱེད་ཀྱི་ཐབས་ལམ་དབུ་མའི་བྱེད་ལས་འགའ་ཞིག་དང་། ཁྱད་པར་ལས་དང་པོ་པ་ལ་ཡིད་བྱེད་ཀྱི་རྩོལ་བ་མ་བྱས་པར་གསང་བའི་གསང་གནད་གཞན་བཅིངས་པས་རང་བྱུང་དུ་སྤྲོས་བྲལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་ལྟ་བ་དང་། དེ་རྟོགས་བྱེད་ཀྱི་ཡེ་ཤེས་འཆར་བ་ཡོད་མེད་དང་། སྤྲོས་པ་དེ་གཞི་གང་གི་སྟེང་དུ་གཅོད་པའི་གཞི་དབུ་མའི་ཆོས་ཅན་གྱི་ཁྱད་པར་འགའ་ཞིག་ལ་ལས་སུ་བྱེད་པ་ཡོད་མེད་དང་། ཆོས་ཅན་ཀུན་རྫོབ་བདེན་པ་ལས་ཆོས་ཉིད་དོན་དམ་བདེན་པ་ཞེས་པའི་ཆོས་ཅན་ཞིག་གི་མིང་གིས་ཉེ་བར་བཏགས་ནས་དེ་ལ་བདེན་གཉིས་ཟུང་འཇུག་གི་སྐུ་དང་ཡེ་ཤེས་སུ་གནས་གྱུར་གྱི་འབྲས་བུ་ཐོབ་བྱ་ཡོད་མེད་ཀྱི་འཇོག་པ་འདི་ནི་ཁོ་བོས་སྔ་གོང་ཞིག་ནས་རྟོགས་པ་ཡིན་ཀྱང་། རྗེ་རས་པ་ཆེན་པའི་དགོངས་པ་ཅུང་ཟད་མཁྱུད་པས་བཤད་དུ་མ་སྤོབས་ལ། ཕྱི་ཞིག་ནས་དགོངས་པའི་མཁྱུད་པ་ཉིད་ཡོངས་སུ་གྲོལ་བས་འདིར་དཔྱིས་ཕྱིན་དུ་བཤད་དོ།། ཅེས་གསུངས་པའི་ཕྱིར་རོ།།
མདོ་སྔགས་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་ཆེ།། ཇི་བཞིན་བློ་གྲོས་ཞན་པས་གཞལ་དཀའ་ཡང་།། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀརྨ་པའི།། མ་ནོར་མཁས་པའི་བཞེད་གཞུང་བཞིན་དུ་བྲིས།། དགེ་བས་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན།། མི་ཉམས་དབྱར་མཚོ་བཞིན་དུ་དར་ཞིང་རྒྱས།། དགེ་ལེགས་ཤིས་པའི་ས་གསུམ་ཀུན་གང་ནས།། ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག།
རྒྱལ་བ་བཀའ་བརྒྱུད་པའི་མདོ་སྔགས་ཟུང་གི་ལྟ་གྲུབ་མཚོན་ཙམ་བརྗོད་པ་འདི་ཉིད་རིས་མེད་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་སྐབས་རྒྱལ་བ་བཀའ་བརྒྱུད་པའི་གྲལ་མཐར་སྐྱེས་པའི་མཁན་མིང་ཙམ་འཛིན་པ་ཚུལ་ཁྲིམས་ཉི་མ་ནས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན་འཕགས་ཡུལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྨན་རི་དགོན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག། ཛ་ཡནྟུ།

                གསལ་བཤད། རྩོམ་ཤོག་བཟོ་བཅོས་འཕྲི་སྣོན་གང་གིས་ཀྱང་མ་ལྷད་ནས་མ་ཕྱི་རང་སོར་བཞག་ཡོད། 

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow