བསྟོད་སྨོན།
འགྱུར་མེད་གཡུང་དྲུང་རྟག་པའི་ཆོས་ཀློང་ན། །
ཀ་དག་རང་རིག་གཉུག་མ་ལྷན་ཅིག་སྐྱེས། །
ཕྱག་ཆེན་སྤྲོས་བྲལ་དབུ་མ་ཆེན་པོའི་དབྱིངས།
ཀུན་རྫོབ་རང་སྟོང་དོན་དམ་གཞན་སྟོང་ཤོག །
དམ་བཅའ།
ཡག་དག་གི་དག་ཞིང་ན། །
མི་གཙང་བའི་བུ་ག་མེད། །
གནས་ལུགས་ཀྱི་གཞི་དབྱིངས་ན། །
ཀུན་རྫོབ་ཀྱི་ནག་ནོག་མེད། །
ཡིན་ལུགས་ཀྱི་གྲུ་ཁ་ན། །
གཡོ་ཟོལ་གྱི་ཐལ་བརྡུལ་མེད། །
རིས་མེད་ཀྱི་ལམ་བུ་ན། །
རིས་བཅས་ཀྱི་རྐང་རྗེས་མེད། །
ཅེས་ཡ་རབ་ཚུལ་ལུགས་དང་མཐུན་པར་སྔོན་སྲོལ་བཟང་པོའི་རྨུ་ཐག་མ་བཀློད་པར། ད་སྲོལ་བཟང་པོའི་སྨྲ་ལྕེ་མ་ལྐུག་པར། མ་འོངས་གནའ་དེང་ཟུང་འཇུག་མ་འཁྱོལ་བར། བྱས་པ་ཅན་དང་ཡོན་ཏན་ཅན་གྱི་དམ་པ་གོང་མ་དག་ངོ་ཤེས་པ་དང་དེ་དག་གི་དྲིན་དྲན་པའི་སྒོ་ནས་གུས་པ་དང་སྨོན་པའི་ཐལ་མོ་སྔོན་དུ་སྦྱར་ཏེ། རང་ཉིད་ཀྱིས་གཡར་དམ་བཅས་པའི་ཚིག་གི་རྔ་མ་བསྡོམ་པར་བྱའོ། དེའང་། ༡ཆོས་འཁོར་རིམ་པ་གསུམ་དང་དེ་དག་ལ་དྲང་ངེས་འགྲེལ་ཚུལ། ༢སྤྲོས་བྲལ་གྱི་དོན། ༣ས་ལུགས་ལ་མདོ་སྔགས་གཉིས་ཀྱི་ལྟ་བ་གནད་གཅིག་ཏུ་ཐུག་པ་མ་ཟད་ཐལ་རང་གཉིས་ཀྱི་མཐའ་ཐུག་གི་ལྟ་བ་ལའང་ཡང་ལྕི་མེད་པའི་ཚུལ། ད་དུང་ཐེག་པ་གསུམ་ཀར་མཐའ་ཐུག་གི་ཐར་པ་མཚན་ཉིད་པ་རེ་རེ་འཐོབ་རྒྱུ་ཡོད་པ་གཅིག་མཚུངས། མདོ་ལུགས་དང་སྔགས་ལུགས་གཉིས་ཀར་སོ་སོའི་རང་རྐང་གི་ལམ་ནས་མཐའ་ཐུག་སངས་རྒྱས་ཀྱི་སར་བགྲོད་ཐུབ་པ་གཅིག་མཚུངས། མདོ་སྔགས་གཉིས་ཀར་ད་ལྟའི་ཐ་མལ་པའི་ལུས་འདི་མ་སྤངས་པར་ལུས་འདི་ཉིད་ཀྱི་སྟེང་དུ་འཚང་རྒྱ་རུང་བ། སྔགས་ཀྱི་ལུགས་ལ་སྦྱང་གཞི་དང་སྦྱོང་བྱེད་གཅིག་ཏུ་སྦྱར་དགོས་པའི་གལ་གནད། དེས་མ་ཚད་མདོ་ལུགས་སུའང་དབུ་མ་ཐལ་འགྱུར་བའི་ལུགས་ལ་དོན་དམ་དཔྱད་པའི་རིགས་ངོར་དགག་གཞི་དང་དགག་བྱ་ཐ་དད་དུ་མི་རུང་པའི་ཚུལ། ༤སྔགས་ལམ་ལ་ཞུགས་པར་དབང་སྐུར་སྔོན་དུ་འགྲོ་དགོས་པའི་གནད། ༥འཁོར་འདས་དབྱེར་མེད་དང་གསལ་སྟོང་འཛིན་མེད་ཀྱི་དོན་བཅས་བརྗོད་གཞི་བཞིའི་ཐོག་ཏུ་ས་གཞི་འདོམ་གྱིས་མཇལ། ནམ་མཁར་འཛུབ་རིས་འབྲི། རྒྱ་མཚོ་ཧུབ་ཀྱིས་བཏུང་ཟེར་བའི་དཔེ་ལྟར་གོང་གི་བརྗོད་གཞི་དེ་དག་ལ་བསྡོམས་བརྒྱབ་རྒྱུ་ནི་དུམ་བདེ་པོ་ཞིག་གཏན་ནས་མིན། རེད་དེ་ལས་དང་སྨོན་ལམ་ཟབ་པོས་མདུད་པ་ཐེབས་པའི་རྨུ་ཐག་དེ་བཀློད་མ་ཕོད་པར་གོང་ཞུས་བརྗོད་གཞི་ལྔ་པོའི་གནས་ལ་བགྲོད་པའི་ལམ་ཐིག་ཅིག་གདབ་པར་འདོད་དོ།
༼བརྗོད་གཞི་དང་པོ་ཆོས་འཁོར་རིམ་པ་གསུམ་དང་དེ་དག་དྲང་བ་དང་ངེས་པའི་དོན་འགྲེལ་ཚུལ།༽
ཐེངས་འདིར་སྟོན་པས་ཆོས་འཁོར་རིམ་པ་གསུམ་གང་དུ་བསྐོར་བའི་གནས་དུས་དང་མཚན་ཉིད་སོགས་འབྲི་རྒྱུ་མི་གཙོ་བར་དྲང་ངེས་ཀྱི་ཆ་ནས་གླེང་རྒྱུ་ཡིན། དེས་ན་སྤྱིར་ཆོས་འཁོར་རིམ་པ་གསུམ་ཞེས་པའི་གོ་དོན་དང་། བྱེ་བྲག་ཏུ་མདོ་སྡེ་དགོངས་འབྲེལ་ལས་གསུངས་ཚུལ་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་གསུངས་ཚུལ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་ཚུལ་སོགས་དུ་མ་ཞིག་ཡོད་པ་ལས་དེ་དག་གི་ཁྱད་པར་ཅུང་ཟད་ཕྱེ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་། གང་ལགས་ཤེ་ན་མང་མང་ཞིག་གིས་ཆོས་འཁོར་རིམ་པ་གསུམ་གྱི་རྣམ་བཞག་དང་དེ་དག་ལ་དྲང་ངེས་འབྱེད་ལུགས་ཆོས་བརྒྱུད་བྱེ་བྲག་པ་ག་གེ་མོ་ཞིག་གི་ཡིག་ཆ་བྱེ་བྲག་པ་གཅིག་པུ་ཞིག་གི་ནང་དུ་ཇི་ལྟར་བཤད་པ་ལྟར་ལས་གཞན་མ་མཐོང་ཞིང་། དེས་ན་གཞན་ལུགས་ལ་དེ་ལྟར་བཤད་ཚུལ་མེད་པའམ། ཡོད་ཀྱང་ལུང་དང་རིག་པའི་རྒྱབ་རྟེན་ཚད་ལྡན་མེད་པར་བསམ་སྟེ་གཞན་ལ་ལྟ་སྟངས་ནོར་བ་འཛིན་པ་དུ་མ་མཐོང་བས་དེ་དག་ལ་ངོ་སྤྲད་པ་དང་། བྱེ་བྲག་ཏུ་ས་སྐྱའི་བཤད་གྲྭ་ཁག་ཕལ་ཆེར་ཞིག་གི་ནང་དུ་བར་ཞིག་ནས་༧རྗེ་བཙུན་གོང་མ་རྣམས་ལྔའི་དགོངས་པ་འགྲེལ་བའི་ཡིག་ཆ་ལ་ཀུན་མཁྱེན་གོ་རམ་པའི་གཞུང་ཁོ་ནར་ལྟ་བ་ལས་པཎ་ཆེན་ཤཱཀྱ་མཆོག་ལྡན་ལྟ་བུའི་མཁྱེན་པ་ནམ་མཁའ་ལྟར་ཡངས་པའི་མཁས་པ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དེ་ཚོའི་གསུང་རྣམས་ཟུར་ལྟའི་སློབ་ཚན་གྱི་གྲལ་དུ་འཇོག་པ་ལྟ་བུར་མཐོང་བས་ད་རེས་ཁོང་གི་གཞུང་དག་ལ་ཀུན་གྱིས་ཐུགས་སྣང་གསར་པ་ཞིག་དང་འཕར་མ་ཞིག་ཡོང་བའི་ཆེད་དུ་གཙོ་བོར་དམིགས་པ་ཡིན། དེ་ལྟར་བྱུང་ན་རིས་མེད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཕན་ཚུལ་བར་ལྟ་སྟངས་ཡང་དག་པ་ཞིག་དང་དོན་དམ་པའི་རིས་མེད་ཀྱི་འདུ་ཤེས་ཤིག་སྐྱེ་ངེས་རེད། ད་རུང་ཤིན་ཏུ་ཉམ་ཉེས་ཆེ་བའི་མཁས་པའི་གསུང་དུ་མ་ཞིག་མི་ཉམ་རྒྱུན་འཛིན་ཡོང་བར་སྨན། འོ་ན་སྤྱིར་ཆོས་འཁོར་རིམ་པ་གསུམ་གྱི་གོ་དོན་ཇི་ལྟར་ཞེ་ན། ཡོངས་གྲགས་ལ་དགོངས་འགྲེལ་ལས་གསུངས་པ་ལྟར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པ་རྣམ་པ་ཕྱེ་བའི་ཆོས་འཁོར་གྱི་རིམ་པ་ལྟར་ཁོ་ནར་མ་ངེས་ཤིང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ནོར་བུ་རིན་པོ་ཆེ་སྦྱོང་ཚུལ་རིམ་པ་གསུམ་དང་དཔེ་དོན་སྦྱར་ཏེ་ཆོས་འཁོར་དང་པོར་མི་རྟག་པ་དང་སྡུག་བསྔལ་བ་སོགས་ཀྱི་གཏམ་དང་། བར་པ་སྟོང་པ་ཉིད་དང་མཚན་མ་མེད་པའི་གཏམ་དང་། ཐ་མར་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱི་ཆོས་འཁོར་རིམ་པ་གསུམ་པོ་ཁོ་ནས་ཀྱང་མ་ངེས། དེ་བཞིན་དུ་དེ་བཞིན་བཤེགས་པའི་ཐུགས་རྗེ་ཆེན་པོའི་མདོ་ལས། འཁོར་ལོ་གསུམ་གྱི་རྣམ་བཞག་བསྟན་པ་ཁོ་ནས་ཀྱང་མ་ངེས། དེས་ན་མདོ་དུ་མ་ཞིག་གི་ནང་དུ་ཆོས་འཁོར་གྱི་རིམ་པ་མི་འདྲ་བ་སྣ་ཚོགས་ཤིག་གསུངས་ཤིང་། དེ་དག་གི་དགོངས་པ་སོ་སོར་མ་འདྲེས་པར་འཆད་དགོས་པ་ལས་མདོ་གཅིག་ཁོ་ན་མཐོང་བའི་རྒྱུ་མཚན་དང་དེ་ལ་འགྲེལ་བཤད་མཁན་པོ་གཅིག་ཁོ་ནའི་འགྲེལ་ལུགས་ལྟར་འཆད་པ་ནི་ཐོས་རྒྱ་ཆུང་དྲགས་པ་དང་། རིས་མེད་བསྟན་པ་རྒྱ་མཚོར་འཇུག་པའི་སྒོ་ཁེགས་ཤིང་། དུས་ནམ་ཡང་བསྟན་པ་སྤྱིའི་གོ་བ་འཆར་མི་ཐུབ། ངས་འདིར་དྲང་ངེས་ཀྱི་རྣམ་པར་འབྱེད་པ་ལ་རོང་སྟོན་ཤཱཀྱ་རྒྱལ་མཚན་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གཉིས་ཀྱི་གསུང་གཙོ་བོར་དྲངས་ཡོད་། རྒྱུན་མཚན་གང་ལགས་ཤེ་ན། རོང་སྟོན་ཆེན་པོ་ལྟ་བུར་མཚོན་ན་སྤྱིར་བན་བོན་བར་གྱི་འབྲེལ་པ་དང་། ལྷག་ཏུ་གཡུང་དྲུང་བོན་དང་ས་སྐྱའི་བར་འབྲེལ་ལམ་གྱི་སྒོ་ཆེན་ལྟ་བུར་གྱུར་ཡོད་ཅིང་། ད་དུང་བཀའ་བརྒྱུད་དང་ས་སྐྱའི་བར་དུ་འབྲེལ་ལམ་ཟབ་མོ་བསྐྲུན་ཡོད། བྱེ་བྲག་ཏུ་གོ་ཤཱཀ་སྟག་གསུམ་དུ་གྲགས་པའི་ས་སྐྱའི་ཡིག་ཆ་འཛིན་པའི་མཁས་མཆོག་དེ་དག་གིས་ཁུངས་གཏུག་སའི་ཡིག་ཆ་གཙོ་བོ་དེ་མཁས་པ་འདི་ཉིད་ཀྱི་གསུང་ལ་ཐུག་ཡོད། ཇི་སྐད་དུ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རོང་སྟོན་གྱི་རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ་ལས། རྒྱ་མཚོར་མི་འདུ་ཆུ་བོ་དེ་གང་ཡིན། །དེ་ལས་མི་འབབ་ཆུ་ཀླུང་དེ་གང་ཞིག །ཁྱོད་བློས་མ་བསྡུས་དམ་པའི་ཆོས་དེ་ཅི། །ཁྱོད་ཀྱིས་མ་གསུངས་ཆོས་ཚུལ་གང་དེ་སུ། །ཞེས་གསུངས་པ་བཞིན་བོད་གངས་ཅན་ལྗོངས་ན་སྐབས་དེར་མཁས་པ་འདི་ལས་མཚན་སྙན་ཆེ་བ་མེད་ཅིང་། མཁས་པ་འདིས་མ་བརྟེན་པ་དང་འདི་ལ་མ་ཐུག་པ་བོད་ཆེན་མོའི་ལྗོངས་འདི་ན་ཕལ་ཆེར་མེད་ཚོད་རེད་འདུག གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ནི། སྤྱིར་བོད་འདི་ན་སངས་རྒྱས་པའི་དབུ་མའི་ལྟ་གྲུབ་དེ་བསྡོམས་བརྒྱབ་ན་རང་སྟོང་དང་གཞན་སྟོང་གཉིས་སུ་མ་འདུས་པ་མེད་ལ། དེ་གཉིས་མཐའ་ཐུག་དགོངས་པ་འགལ་མེད་དུ་འགྲེལ་ཞིང་། དེའང་རང་སྟོང་པ་རྣམས་ཀྱིས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཁོ་ན་ངེས་དོན་མཐའ་ཐུག་དང་། གཞན་སྟོང་པ་རྣམས་ཀྱིས་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཁོ་ན་ངེས་དོན་མཐའ་ཐུག་ཏུ་འདོད་པ་གཉིས་ཀའང་ངེས་དོན་མཐའ་ཐུག་ཏུ་འགྲེལ་ཐུབ་མཁན་མཁས་པ་འདི་ལས་ལྷག་བོད་གངས་ཅན་གྱི་ལྗོངས་ཆེན་པོ་འདིར་སྔར་མ་བྱུང་ཞིང་། ལྗོངས་འདིར་རང་སྟོང་ལྟ་བའི་སྲོལ་འབྱེད་པ་ཆེན་པོ་ཀུན་མཁྱེན་དོལ་པ་ཤེས་རབ་རྒྱལ་མཚན་གྱིས་ཀྱང་རྗེ་བཙུན་བྱམས་མགོན་གྱི་རྒྱུད་བླ་མ་དང་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཙམ་ལས་རིག་ཚོགས་དང་གསུང་གཞན་རྣམས་འཁོར་ལོ་གསུམ་པའི་དགོངས་པ་ལྟར་འགྲེལ་ཐུབ་མེད། མཁས་པ་འདིས་ནི་ཀླུ་སྒྲུབ་ཀྱི་ཚོགས་གསུམ་ཀ་འཁོར་ལོ་གསུམ་པའི་དགོངས་དོན་ལྟར་ངེས་དོན་མཐའ་ཐུག་ཏུ་འགྲེལ་འདུག་པས་གཞན་ལས་ཁྱད་པར་འཕགས་པ་ཡིན། ད་དུང་བཀའ་བརྒྱུད་པའི་ཕྱོགས་ནས་ཀུན་མཁྱེན་པདྨ་དཀར་པོ་དང་ཀརྨ་པ་རྣམས་ཤཱཀ་མཆོག་པ་དང་ཐུགས་གཅིག་པ་ལྟ་བུ་ཡིན། མདོར་ན་མཁས་པ་འདི་གཉིས་ཕྱོགས་མང་པོ་ཞིག་ནས་ཧ་ཅང་གལ་གནད་ཅིག་ལ་ཐུག་འདུག་པས་ཁོང་གཉིས་ཀྱི་གསུང་ཁག་ཅིག་རྩ་འདོན་ཞུ་དོན་དེ་ལྟར་ཡིན། ད་བརྗོད་གཞི་དངོས་ལ་འཇུག་ན་སྤྱིར་ཆོས་འཁོར་རིམ་པ་གསུམ་ཞེས་པའི་གོ་དོན་དུ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དབུ་མ་རྣམ་པ་ངེས་པའི་ཆོས་ཀྱི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས། འཁོར་ལོ་གསུམ་གྱི་རྣམ་པར་བཞག་པ་བྱེད་པ་དེ་ནི་སྟོན་པའི་སྐུ་ཚེའི་སྟོད་སྨད་དང་། འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་མང་ཉུང་གི་བྱེ་བྲག་དང་། གནས་ཝཱ་ར་ཎཱ་སཱི་དང་། བྱ་རྒོད་སྤུངས་པ་ལ་སོགས་པར་བསྐོར་བའི་བྱེ་བྲག་གིས་འཇོག་པ་མ་ཡིན་གྱིས། གདུལ་བྱ་བློ་མཆོག་ཏུ་གྱུར་པ་མ་ཡིན་པ་རྣམས། དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་རིམ་གྱིས་དྲང་བའི་རིམ་པ་མི་འདྲ་བ་གསུམ་ཡོད་པ་དེ་ལ་འཁོར་ལོ་གསུམ་གྱི་རྣམ་བཞག་མཛད་པ་འདི་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མཐའ་ཐུག་པ་གདོན་མི་ཟ་བ་ཡིན་ནོ། དེའང་བྱམས་ཀླུ་གཉིས་དགོངས་པ་གནད་གཅིག་ཏུ་འགྲེལ་ཏེ། དབུ་མ་རྣམ་ངེས་ལུང་རིག་རྒྱ་མཚོ་དེ་ཉིད་ལས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རྣམ་པ་གཏན་ལ་དབབ་པ་བསྡུ་བར་དགོངས་འགྲེལ་གྱི་དོན་དམ་རྣམ་པ་ངེས་པའི་ལེའུ་རྒྱས་པར་དྲངས་ནས་དྲང་ངེས་ཀྱི་ཚུལ་རྒྱས་པར་གཏན་པ་ཕབས་པ་དང་། ཐེག་པ་ཆེན་པོ་རྒྱུད་བླ་མར། མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡི་ཐབས་མཁྱེན་པ། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིན། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་པས། །ཐེག་པ་མཆོག་ལ་སྨིན་འཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏོ། ཞེས་གསུངས་པ་དེས་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའིི་མདོ་ཡི་དགོངས་པ་ཉེ་བར་བསྡུས་ཏེ་བཤད་ཅིང་། དེའང་འཁོར་ལོ་དང་པོར་ཆོས་ཀྱི་སྡོམ་བཞི་དང་། འཁོར་ལོ་གཉིས་པར་རྣམ་པར་ཐར་པའི་སྒོ་གསུམ་དང་། འཁོར་ལོ་གསུམ་པར་བདེ་བར་གཤེགས་པའི་སྙིང་པོ་སྟོན་པར་གསུངས་ཤིང་། འཁོར་ལོ་ཐ་མ་ཉིད་ངེས་དོན་གྱི་འཁོར་ལོ་ཡིན་པར་གསུངས། སློབ་དཔོན་འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་ཞིག་ཤེས་ཏེ་མཁན་པ་ཡིན། །ཞེས་གསུངས་པ་དེས་མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་བཞེད་པའི་འཁོར་ལོ་གསུམ་གྱི་རིམ་པ་བསྟན་པར་འདོད། དེའང་ཇི་སྐད་དུ། རིན་པོ་ཆེའི་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟར་བུར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏོ། །ཁ་ཅིག་བསོད་ནམས་འགྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བརྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བརྟེན། །ཟབ་མོ་འཁུ་འཕྲིགས་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་པ་དང་། དབུ་མ་རྩ་བ་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགག་མེད་ཅེས་ཀྱང་བསྟན། །ཞེས་དང་། ཡང་དེ་ཉིད་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་པ་དང་། དེའི་སྔ་འགྲེལ་དུ་ཟླ་བའི་ཞབས་ཀྱིས། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་་ལ་འཇུག་པའི་བསྟན་པའི་རིམ་པ་ནི། འདི་ཡིན་པར་ཤེས་བྱ་སྟེ། །ཞེས་གསུངས་སོ། དེ་ལྟར་བཤད་པ་རྣམས་ཀྱི་གྲུབ་པའི་དོན་ནི་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་དེ་ཉིད་ངེས་པའི་དོན་མཐའ་ཐུག་པ་དང་། འཁོར་ལོ་ཐ་མའི་བསྟན་བྱའི་གཙོ་བོ་ཡིན་ནོ། ཞེས་བྱ་བ་འདི་ངེས་པ་ཡིན་ནོ། དེ་ལ་འདི་སྙམ་དུ། འཁོར་ལོ་གསུམ་གྱི་རྣམ་པར་བཞག་པ་བཤད་མ་ཐག་པ་དེ་ནི་དགོངས་འགྲེལ་ལས་འབྱུང་བ་དང་མི་མཐུན་པས་ཆོས་འཁོར་གསུམ་གྱི་རྣམ་པར་བཞག་པར་མ་ཡིན་གྱི། སྙམ་དུ་སེམས་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། རྒྱལ་བས་ཆོས་སྟོན་ཚུལ་གྱི་ཐེམ་སྐས་མི་འདྲ་བ་གསུམ་བྱུང་བ་དེ་ཉིད་ལ་འཁོར་ལོ་གསུམ་གྱི་ཐ་སྙད་འདོགས་པ་མ་ཡིན་ན། འཁོར་ལོ་གསུམ་གྱི་འཇོག་མཚམས་མི་བརྙེད་པའི་ཕྱིར་དང་། དགོངས་འགྲེལ་ལས་འབྱུང་བ་དང་མི་མཐུན་པ་ཙམ་གྱིས་རྣམ་བཞག་དེ་འཇོག་པར་ནུས་པ་མ་ཡིན་ན། དེ་བཞིན་བཤེགས་པའི་ཐུགས་རྗེ་ཆེན་པོའི་མདོ་ལས། འཁོར་ལོ་གསུམ་གྱི་རྣམ་བཞག་མ་བསྟན་པར་ཐལ་བའི་ཕྱིར་དང་། དེ་ཡང་། དེ་ལྟར་ན། རྒྱུད་བླ་མར། མཆོག་གི་སྤྲུལ་པའི་སྐུས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་འཆད་པ་ན། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། རབ་ཏུ་སྨིན་དང་ལུང་སྟོན། ཞེས་གསུངས་པ་དེས་དོན་ཅི་ཞིག་བསྟན་པ་ཡིན། ཁྱེད་ཀྱིས་སྨྲ་དགོས་པའི་ཕྱིར་རོ། དགོངས་འགྲེལ་ལས་གསུངས་པ་ཁོ་ན་དང་མཐུན་པར་དེའི་རྣམ་བཞག་འཆད་དགོས་ན། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ངེས་དོན་མཐའ་ཐུག་མ་གསུངས་པར་ཐལ་བ་དང་། བདེན་བཞིའི་ཆོས་འཁོར་གྱི་ནང་ན་ངེས་དོན་མཐའ་ཐུག་མེད་པར་ཐལ་བ་དང་། སྟོན་པས་སྐུ་ཚེའི་སྟོད་ལ་ཐེག་པ་ཆེན་པོའི་ཆོས་མ་གསུངས་པར་ཐལ་བ་རྣམས་འཇུག་ལ། དེ་ཡང་འདོད་ན་ནི། ཟླ་བའི་ཞབས་ཀྱིས་ཉན་རང་ལ་ཆོས་བདག་མེད་པ་རྟོགས་པ་ཡོད་པའི་ཤེས་བྱེད་དུ་དྲངས་པ་རྣམས་དང་འགལ་བར་ངེས་སོ། དེའི་འཐད་པ་ཡང་། བདེན་པ་བཞིའི་ཆོས་འཁོར་བསྐོར་བ་ན། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་མངོན་དུ་བྱས་པ་གྲངས་མེད་པ་ཞིག་ཡོད་པར་གསུངས་པ་དང་། ཁྱད་པར་ཀུན་ཤེས་ཀཽ་ཌི་ནྱ་ལ་བདེན་པ་བཞི་ལན་གསུམ་དུ་བཟླས་པས་མཐོང་ལམ་སྐྱེས་པར་བཤད་པ་དེར་ཆོས་ཀྱི་བདག་མེད་བསྟན་པ་མེད་ན། ཟླ་བ་གྲགས་པའི་ལུགས་ཁོ་ནས་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འཆད་ནུས་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་ཚིག་ཙམ་དུ་ཟད་པ་ཡིན་པས། ཞེས་འཁོར་ལོ་ཐ་མ་ངེས་དོན་དུ་བསྐྲལ་བར་མ་ཟད་འཁོར་ལོ་བར་པའང་ངེས་དོན་དུ་ལེགས་པར་བཀྲལ་ཏེ། དབུ་མ་རྣམ་ངེས་ལུང་རིགས་བང་མཛོད་དེ་ཉིད་དུ། གནས་ཚུལ་མཐར་ཐུགས་སེམས་པ་ལ་ཞུགས་པ་དེའི་ཚེ། སྤྲོས་པའི་མཐའ་གང་ཡང་ཞལ་གྱིས་མི་བཞེས་པ་ནི་དེའི་བཞེད་པ་མཐར་ཐུག་ཡིན་པའི་ཕྱིར། དེ་བས་ན་འཁོར་ལོ་ཐ་མ་གཉིས་སུ་དོན་དམ་པའི་བདེན་པ་སྟོན་ཚུལ་ལ་གཉིས་ཏེ། གནས་སྐབས་ཀྱི་ངེས་དོན་བརྗོད་བཅས་ཀྱི་སྒོ་ནས་བསྟན་པ་དང་། མཐར་ཐུག་གི་ངེས་དོན་བརྗོད་བྲལ་གྱི་སྒོ་ནས་བསྟན་པའོ། །དང་པོ་ནི། སྟོང་ཉིད་དང་། སྤྲོས་བྲལ་ལ་སོགས་པའི་མིང་གིས་བསྟན་པ་དེའོ། །གཉིས་པ་ནི། བརྗོད་བྲལ་དུ་ཡང་བརྗོད་པར་མི་ནུས་མོད། འོན་ཀྱང་སྒྲོ་བཏགས་ནས་བརྗོད་པ་ཐམས་ཅད་བྲལ་ལོ་ཞེས་བསྟན་པའོ། །གཉིས་ཀའི་མཐར་ཐུག་གི་དགོངས་པ་བརྗོད་བྲལ་ལ་ཐུག་ན་ཡང་། གཅིག་གིས་ནི་བདེན་སྟོང་སོགས་སུ་བརྗོད་དགོས་པར་བཤད་ལ། གཅིག་ཤོས་ཀྱིས་ནི་བདེན་སྟོང་སྤྲོས་བྲལ་དུའང་བརྗོད་མི་ནུས་པར་བཤད་པ་ནི། འཁོར་ལོ་ཕྱི་མ་གཉིས་ཀྱི་ཁྱད་པར་ཡིན་ནོ། །འོ་ན་ལུགས་འདི་ལ་རྒྱུད་བླ་མའི་བཤད་བྱའི་མདོ་རྣམས་འཁོར་ལོ་གང་དུ་དྲང་ཞེ་ན། དེ་ཉིད་ལ་ཡང་གསུམ་ཀ་ཡོད་པར་འཆད་དགོས་ཏེ། དེ་ཉིད་ལ་བདག་ཡོད་པར་འཆད་པ་དང་། མེད་པར་འཆད་པ་དང་། སྤྲོ་བྲལ་དུ་འཆད་པ་གསུམ་ཀ་སྣང་བའི་ཕྱིར་རོ། །དཔེར་ན་ཤེས་ཕྱིན་གི་མདོ་བརྒྱད་སྟོང་པ་ལྟ་བུ་གཅིག་ལ་གསུམ་ཀ་དམིགས་པ་བཞིན་ནོ། །དེ་ལྟ་མོད་ཀྱི་ལུགས་འདི་ལ་ཡང་། ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་དང་། ཕྱིར་མི་བཟློག་པའི་གཏམ་གྱི་འཁོར་ལོ་གཉིས་ཀྱི་སྤྱི་ལྡོག་ནས་ངེས་དོན་དང་། བྱེ་བྲག་ཏུ་སྒྲ་ཇི་བཞིན་པ་མ་ཡིན་པའི་ངེས་དོན་དུ་ཁས་བླངས་ན་བདེ་བ་ཡིན་ནོ། ཞེས་གསུངས། གོང་གི་ཤཱཀ་མཆོག་པའི་གསུང་དུམ་དེའི་ནང་དུ་སྤྱིར་ཆོས་འཁོར་གསུམ་གྱི་གོ་དོན་ཇི་ལྟར་ཡིན་ལེགས་པར་གསལ། བྱེ་བྲག་མདོ་སྡེ་དགོངས་འགྲེལ་ལྟ་བུ་ལས་འབྱུང་བའི་ཆོས་འཁོར་གསུམ་གྱི་དྲང་ངེས་འགྲེལ་ཚུལ་ནི། རོང་སྟོན་ཤཱཀྱ་རྒྱལ་མཚན་ཞེས་བོད་ཆོལ་ཁ་གསུམ་གྱི་མཁས་པ་ཕལ་མོ་ཆེ་ཁོང་གི་ཞབས་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུའི་སྙན་པ་ཆེས་ཆེར་གྲགས་པ་དེས་ཆོས་འཁོར་རིམ་པ་གསུམ་པོ་དེ་ལ་འདི་ལྟར་འདོད་དེ། གང་ཉིད་ཀྱིས་མཛད་པའི་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་གནས་རྣམ་པར་འབྱེད་པ་ཟབ་དོན་གནད་ཀྱི་ཟླ་འོད་ཅེས་བྱ་བ་ལས། ཆོས་འཁོར་གསུམ་ལ་དྲང་དོན་ངེས་དོན་དུ་སོ་སོར་ཕྱེ་བ་ཡང་ཤས་ཆེ་བའི་བྱེ་བྲག་ལས་རྣམ་པ་འབྱེད་ཀྱི། དེ་ཁོ་ནར་ངེས་པར་མ་ཡིན་ཏེ། གསུམ་ཆར་གྱིས་དྲང་ངེས་གསུམ་ཀ་སྟོན་པའི་ཕྱིར་རོ། དེས་ན་གང་ན་ཀུན་རྫོབ་ཀྱི་བདེན་པ་སྣང་བར་སྟོན་པ་ནི་དྲང་དོན་དང་། དོན་དམ་པའི་བདེན་པ་སྟོན་པ་ནི་ངེས་དོན་དུ་བསྡུ་བར་བྱའོ། འདི་ནི་མཁས་མཆོག་བུདྡྷ་ཤྲཱི་རིའི་ལེགས་བཤད་བཀོད་པ་ཡིན་ནོ། །ཞེས་དང་། དེའང་དགོངས་པ་ངེས་པར་འགྲེལ་པ་ལས་དང་པོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་གསུངས་མོད་ཀྱང་། འདི་ནི་སེམས་ཙམ་པའི་མདོ་ཡི་དབང་དུ་བྱས་པ་ཡིན་པས་དབུ་མ་པས་ངེས་དོན་དུ་མི་འདོད་དོ། དབུ་མ་ལྟར་ན། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པའི་སྟོན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་པའི་དོན་ཤེས། །ཞེས་གསུངས་པ་ལྟར་འདོད་དོ། ཆོས་འཁོར་རིམ་པ་གསུམ་པོ་རེ་རེ་ལའང་ཆོས་འཁོར་གསུམ་ཀའི་བརྗོད་བྱ་ཚང་བར་ཡོད་གསུངས། དེའང་། ཡུལ་ཝཱ་རཱ་ཎ་སཱིར་བསྐོར་བ་རྣམས་ལའང་བརྗོད་བྱ་གསུམ་ཆར་ཡོད་ལ། བར་པ་ལ་ཡང་བརྗོད་བྱ་གསུམ་ཆར་དང་། ཐ་མ་ལ་ཡང་བརྗོད་བྱ་གསུམ་ཆར་ཡོད་པས། འཁོར་ལོ་དང་པོར་གྲགས་པ་ལ་བདེན་བཞིའི་ཆོས་ཀྱི་དབང་དུ་བྱས་པ་ནི་དང་པོའི་དང་པོ་ཡིན་ལ། རང་གིས་མཚན་ཉིད་ཀྱིས་སྟོང་པར་སྟོན་པ་ནི་དང་པོའི་བར་པའོ། མཚན་ཉིད་གསུམ་དུ་རྣམ་པར་ཕྱེ་བ་ནི་དང་པོའི་ཐ་མའོ། བར་པ་ལ་ཡང་བདེན་བཞི་དང་། མཚན་ཉིད་མེད་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་དང་། མཚན་ཉིད་གསུམ་དུ་སྟོན་པ་རྣམས་ལ་བར་པའི་དང་པོ་དང་། བར་པའི་བར་པ་དང་། བར་པའི་ཐ་མ་ཞེས་བྱའོ། ཐ་མ་ལ་ཡང་བརྗོད་བྱ་དེ་དང་། དེ་དག་སྟོན་པ་ལ་ཡང་རིམ་བཞིན་དུ་ཐ་མའི་དང་པོ་དང་། ཐ་མའི་བར་པ་དང་། ཐ་མའི་ཐ་མ་ཞེས་བྱའོ། དཔེར་ན། འདུལ་བ་ལུང་ལ་ཡང་ཇི་སྐད་བཤད་པའི་བརྗོད་བྱ་ཡོད་པ་དང་། རྒྱས་འབྲིང་བསྡུས་གསུམ་ཀ་ལ་ཡང་གསུམ་ཀ་ཡོད་པ་དང་། ལང་ཀར་གཤེགས་པའི་མདོ་ལ་སོགས་ལ་ཡང་གསུམ་ཀ་ཡོད་པ་བཞིན་ནོ། མངོན་པར་རྟོགས་པའི་རྒྱན་ལ་ཡང་ལམ་ཤེས་ཀྱི་སྐབས་སུ། འཕགས་པའི་བདེན་པ་བཞི་དག་གི། རྣམ་པ་ཞེས་གསུངས་པ་དང་། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། ཞེས་ཉན་རང་གི་དབང་དུ་བྱས་པའི་ཆོས་དང་། གཟུགས་རྟགས་མ་ཡིན་མི་རྟག་མིན། ཞེས་སོགས་རང་བཞིན་མེད་པར་སྟོན་པའི་ཆོས་དང་། དེ་མ་རྫོགས་དང་རབ་རྫོགས་དང་། ཞེས་པས་མཚན་ཉིད་གསུམ་གསུངས་པ་ལྟ་བུའོ། ཞེས་གསུངས། དེ་དང་མཚུངས་པར་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་ཡུམ་དོན་དུ། ལུང་གི་ཆོས་འཁོར་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སོགས་གསུམ་ཡོད་ཅིང་། དེ་རེ་རེ་ལ་ཡང་དང་པོའི་དང་པོ་སོགས་གསུམ་གསུམ་ཡོད་དོ། ཞེས་དང་། དུས་ཀྱི་སྒོ་ནས་ཀྱང་སྟོན་པའི་སྐུ་ཚེའི་སྟོད་ལ་བདེན་བཞི་དང་། བར་ལ་མཚན་ཉིད་མེད་པ། ཐ་མར་ལེགས་ཕྱེའི་ཆོས་འཁོར་མ་ངེས་ཏེ། སྟོན་པ་མྱ་ངན་ལས་འདས་ཁར་ཀུན་ཏུ་རྒྱུ་རབ་བཟང་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང་། བྱ་རྒོད་ཕུང་པོའི་རི་ལ་ཡང་གསུམ་ཆར་བསྐོར་བའི་ཕྱིར་རོ། ཞེས་གསུངས། དེ་གསུམ་ལ་ཁྱབ་པ་མེད་པར་ཐལ། རིམ་བཞིན་དུ་སྟོན་པ་མྱ་ངན་ལས་འདའ་ཁར་དྲི་ཟའི་རྒྱལ་པོ་རབ་དགའ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཕྱིར་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཁོངས་སུ་གནས་པར་བྱ། །ཞེས་པའི་མཚན་ཉིད་མེད་པའི་ཆོས་འཁོར་འདི་སྟོན་པ་སངས་རྒྱས་མ་ཐག་གསུང་པའི་ཕྱིར། འཁོར་ལོ་ཐ་མར་གཏོགས་པའི་བྱམས་པ་གཟུགས་ཀྱི་དབྱེ་བ་ནི་གསུམ་སྟེ། ཀུན་བཏགས་པའི་གཟུགས་དང་། རྣམ་པར་བཏགས་པའི་གཟུགས། ཆོས་ཉིད་ཀྱི་གཟུགས་སོ། ཞེས་པ་འདི་སྟོན་པའི་སྐུ་ཚེའི་བར་ལ་གསུངས་པའི་ཕྱིར་རོ། ཞེས་གསུངས། ཡང་ཡུམ་དོན་དེ་ཉིད་དུ་རོང་སྟོན་གྱི་དགོངས་པ་དང་མཐུན་པར་ཀུན་མཁྱེན་གོ་རམས་པས་མདོ་སྡེ་དགོངས་འགྲེལ་ལས་སེམས་ཙམ་པའི་ལུགས་ལྟར་བཀའ་དང་པོ་གཉིས་དྲང་དོན་དང་ཐ་མ་ཁོ་ན་ངེས་དོན་དུ་འགྲེལ་ཚུལ་ཙམ་མ་ཚད་དབུ་མ་པའི་ལུགས་ཀྱི་འགྲེལ་ཚུལ་ཞིག་ཀྱང་དགོས་པར་སྣང་ཞེས་གསུངས་པ་ཙམ་ལས་དབུ་མའི་ལུགས་ལ་ཆོས་འཁོར་གསུམ་པོ་དྲང་ངེས་འགྲེལ་ཚུལ་གསུངས་མེད། འོན་ཏེ་ལྟ་བའི་ཤན་འབྱེད་མཚོན་པའི་ཀུན་མཁྱེན་གྱི་གཞུང་གཞན་དུ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཁོ་ན་ངེས་དོན་མཐའ་ཐུག་ཏུ་འགྲེལ་ཞིང་བཀའ་ཐ་མ་དྲང་དོན་དུ་ནན་གྱིས་སྒྲུབ། སྤྱིར་རྒྱལ་བའི་བཀའ་ལ་དྲང་ངེས་འབྱེད་ཚུལ་ནི། གསེར་མདོག་པན་ཆེན་ཤཱཀྱ་མཆོག་ལྡན་གྱིས། དབུ་མ་རྣམ་པ་ངེས་པའི་ཆོས་ཀྱི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བའི་ལེའུ་དང་པོ་ལས། མཁས་པ་ཁ་ཅིག་གིས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་དྲང་ངེས་ཀྱི་སྲོལ་འབྱེད་ཚུལ་མི་འདྲ་བ་གཉིས་ཁོ་ན་ཡིན་ཏེ། དེའང་འདི་ལྟར། ཐོག་མེད་སྐུ་མཆེད་ཀྱིས་ནི། མདོ་དེ་དང་དེའི་དངོས་བསྟན་གྱི་དོན་དེ་དང་དེ་སྒྲ་ཇི་བཞིན་དུ་བཤད་དུ་རུང་བ་དང་མི་རུང་བ་ལ་འཆད་ལ། དེ་ཡང་དགོངས་པ་ངེས་པ་འགྲེལ་བའི་ལུང་ལ་བརྟེན་པའོ། ཀླུ་སྒྲུབ་ཡབ་སྲས་ཀྱིས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པ་ལ་དེ་དང་དེའི་དོན་དུ་འཆད་དོ། དེ་ཡང་བློ་གྲོས་མི་ཟད་པ་བསྟན་པའི་མདོ་དང་། ཏིང་ངེས་འཛིན་གྱི་རྒྱལ་པོའི་མདོ་ལ་བརྟེན་པའོ། ཞེས་གཞན་གྱི་འདོད་པ་དྲངས་ཏེ། སྲོལ་འབྱེད་གཉིས་ཀྱི་མདོ་ཡི་དྲང་ངེས་ཀྱི་གོ་དོན་སོ་སོ་བ་དེ་ལྟར་འཆད་པ་མི་འཐད་དེ། གཉིས་ཀས་གཉིས་ཀ་བཞེད་པའི་ཕྱིར། ཇི་ལྟར་ཞེ་ན། ཀླུ་སྒྲུབ་ཡབ་སྲས་ཀྱིས། སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་དྲང་ངེས་སུ་བཞག་པ་ཡོད་དེ། ཇི་སྐད་དུ། འཇུག་པ་ལས། མདོ་སྡེ་གང་ལ་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །གཟུགས་ལ་ཤིན་ཏུ་ཆགས་དང་དེ་དག་ལ། །གཟུགས་བཟློག་པ་ཏེ་དེ་ཡང་དྲང་དོན་ཉིད། །འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་གསུངས་ཤིང་། དེའི་སྐབས་ཀྱི་ལུང་དེ་ངོས་འཛིན་པ་ན། ཇི་ལྟར་ནད་པས་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་གསུངས་པར་མཛད། །ཅེས་པའི་མདོ་དྲས་ཤིང་། རིགས་པ་དེ་འཆད་པ་ན། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་དཀག་གྲུབ་པས། དང་པོར་ཤེས་བྱ་དགག་པ་མཛད་པ་ཡིན། ཞེས་གསུངས་ལ། དེ་དག་གི་སྐབས་ཀྱི་དོན་ཡང་། སེམས་ཙམ་པས་ཕྱི་རོལ་གྱི་དོན་མེད་ཅིང་། རྣམ་པ་ཤེས་པ་རང་བཞིན་གྱིས་གྲུབ་པར་སྟོན་པའི་མདོ་དྲངས་པ་དེ་དག་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་ཕྱིར། དྲང་བའི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཡིན་གྱི། ཀུན་རྫོན་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་རྟགས་ཀྱིས་དྲང་དོན་དུ་བསྒྲུབས་ན། དབུ་མ་པ་རང་ལ་རྟགས་མི་འགྲུབ་པ་དང་། སྐབས་ཀྱི་དོན་ལས་ཉམས་པར་འགྱུར་བའི་ཕྱིར་དང་། ཇི་སྐད་དུ། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུན་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་དག་ལ་འོ། །ཞེས་དང་། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་པ་དེས་ཀྱང་སྒྲ་ཇི་བཞིན་མ་ཡིན་པ་རྒྱུ་མཚན་དུ་བྱས་ནས་དྲང་དོན་དུ་བཤད་པ་ཡིན་ལ། དེ་ལས་གཞན་དུ་ཀུན་རྫོབ་ཀྱི་བརྗོད་བྱའི་གཙོ་བོར་བསྟན་པ་ལ་འཆད་ན། ཀུན་གཞི་དང་དངོས་པོ་རང་བཞིན་གྱིས་ཡོད་པ་སོགས་ཀུན་རྫོན་བདེན་པར་ཁྱེད་ཀྱིས་ཁས་ལེན་དགོས་པས། ཁྱེད་ལ་ཁས་བླངས་ནང་འགལ་འབྱུང་བའི་ཕྱིར་དང་། གཞུང་གི་དོན་ལས་ཉམས་པའི་ཕྱིར་ཞེས་གསུངས། ཞེས་དགག་པ་མཛད་དེ། རང་ལུགས་ལ། དྲང་བའི་དོན་ཅན་གྱི་གསུང་རབ་ཀྱི་མཚན་ཉིད་ནི། གདུལ་བྱའི་ཁྱད་པར་གནས་སྐབས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་དགོས་པའི་གདུལ་བྱ་ལ། བསྟན་བྱའི་ཁྱད་པར་ཀུན་རྫོབ་ཀྱི་བདེན་པ་ཉིད་གནས་སྐབས་ཀྱི་བསྟན་བྱའི་གཙོ་བོར་སྟོན་པའི་གསུང་རབ་བོ། ངེས་པའི་དོན་ཅན་གྱི་གསུང་རབ་ཀྱི་མཚན་ཉིད་ནི། གདུལ་བྱའི་ཁྱད་པར་དོན་དམ་པའི་བདེན་པ་སྟོན་པ་སྐབས་སུ་བབ་པའི་གདུལ་བྱ་ལ་བསྟན་བྱའི་ཁྱད་པར་དོན་དམ་ཉིད་གནས་སྐབས་དང་མཐར་ཐུག་གི་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གསུང་རབ་བོ། དེ་རེ་རེ་ལ་ཡང་གཉིས་གཉིས་ཏེ། དགོངས་པ་ཅན་དང་། དགོངས་པ་ཅན་མ་ཡིན་པའོ། དང་པོ་དྲང་དོན་གྱི་སྒྲ་ཇི་བཞིན་པ་ནི། འདུས་བྱས་མི་རྟག་པ་སྟོན་པའི་མདོ་ལྟ་བུའོ། གཉིས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ལ་གཉིས་ལས། དགོངས་པ་ཅན་ནི། འོ་སྐོལ་གྱི་སྟོན་པས་ང་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། ཞེས་གསུངས་པ་ལྟ་བུའོ། དགོངས་པ་ཅན་མ་ཡིན་པ་ནི། ཕྱི་རོལ་པ་བསྟན་པ་ལ་གཞུག་པའི་དོན་དུ་བདག་ཡོད་པར་གསུངས་པ་ལྟ་བུའོ། །གཉིས་པ་ངེས་དོན་གྱི་སྒྲ་ཇི་བཞིན་པ་ནི། ཆོས་ཐམས་ཅད་བདག་མེད་དུ་སྟོན་པའི་མདོ་ལྟ་བུའོ། སྟག་ཚང་ལོ་ཙཱ་བས་ཀྱང་འདི་བཞིན་འདོད་དེ། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས། རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་མ་དཔྱད་པ་དང་ཅུང་ཟད་དཔྱད་པ། ལེགས་པར་དཔྱད་པའི་གནས་སྐབས་གསུམ་དུ་ཕྱེས་ཏེ་ཐ་མར་ལེགས་པར་དཔྱད་པའི་ཚེ་རྒྱལ་བའི་ཡུམ་གྱི་དངོས་བསྟན་ཕལ་ཆེ་བ་ལྟ་བུ་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་སྟོང་པ་དང་མི་སྟོང་བ་ལ་སོགས་པ་གང་དུའང་མ་གྲུབ་ཅིང་ཅིར་ཡང་གཟུང་དུ་མི་རུང་གསུངས་པ་ལྟ་བུ་དང་། བསྟན་བཅོས་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་ཅིང་། །མི་སྟོང་ཞེས་ཀྱང་མི་བྱ་ལ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་པའི་རྐང་པ་དང་པོ་གསུམ་པོ་ལྟ་བུ་མང་དུ་གསུངས་པ་རྣམས་ནི་ལེགས་པར་དཔྱད་པའི་གནས་སྐབས་ལ་སྦྱར་ཏེ་བཤད་པས་ཕན་ཚུན་འགལ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །དེ་ལྟར་ཤེར་ཕྱིན་གྱི་མདོ་ལས། གཟུགས་སྒྲ་སོགས་མེད་པར་བཤད་པ་གང་བྱུང་ལ། སེམས་ཙམ་པས་ཀུན་བཏགས་ཞེས་དང་། རང་རྒྱུད་པ་དངོས་པོ་དང་རྗེས་མཐུན་པ་དག་དོན་དམ་པར་ཞེས་པའི་དགག་བྱ་སྦྱོར་བ་ལ་སྐྱབས་འཚོལ་བ་བྱེད་པ་དག་གིས། ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་དྲང་དོན་དུ་དངོས་ཤུགས་ལས་ཁས་བླངས་པས། མདོ་དོན་འཆད་པ་ལ་ཀླུ་སྒྲུབ་ལུགས་སུ་མི་འགྱུར་གྱི། འདྲེས་རྐང་གང་དང་གང་གི་སྔོན་དུ། བྱང་སེམས་ཤེར་ཕྱིན་ལ་སྤྱོད་པའི་ཚེ་ཞེས་འབྱུང་བས། ཆོས་གང་དང་གང་གི་རངབཞིན་སེམས་པའི་ཚེ་ཆོས་དེ་དང་དེ་རང་བཞིན་མེད་པར་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་ཞིང་། དམིགས་པ་ཉེར་ཞིའི་དབྱིངས་ལ་འཇོག་པའི་ཚེ། ཡོད་མེད་དང་ཡིན་མ་ཡིན་སོགས་གང་དུའང་བརྗོད་དུ་མེད་པས་རྒྱལ་བ་ཉིད་ཀྱིས་དེ་ལྟར་སྦྱར་ནས། དངོས་བསྟན་ལ་རིགས་པའི་གནོད་པ་གང་ཡང་མེད་པ་ཉིད་ཀྱི་བརྗོད་ཚུལ་གྱི་སྒོ་ནས་ཀྱང་ངེས་དོན་སྒྲ་ཇི་བཞིན་པའི་མདོ་སྡེར་འཆད་པ་ནི་འཕགས་པའི་བཞེད་པ་ཡིན་པ་གདོན་མི་ཟའོ། ཞེས་གསུངས། ཤཱཀ་མཆོག་པའི་དགོངས་པ་མུ་མཐུད་དེ། གཉིས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ལ་གཉིས་ལས། དགོངས་པ་ཅན་ནི་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་མདོ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ནི། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་། གནས་སྐབས་སུ་ཀུན་རྫོབ་བདེན་པ་སྟོན་དགོས་པའི་གདུལ་བྱ་ནི་གཉིས་ཏེ། ངེས་དོན་གྱི་སྣོད་དུ་མ་གྱུར་པ་དང་། གྱུར་ཀྱང་ཐབས་ཀྱི་ཆ་སྟོན་དགོས་པའོ། །སྟོན་ཚུལ་ལ་གཉིས་ཏེ། བསྟན་བྱའི་དོན་གྱི་གཙོ་བོར་སྟོན་པ་དང་། བརྗོད་བྱའི་དོན་གི་གཙོ་བོར་སྟོན་པའོ། །འདི་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ཅི་ཞེ་ན། བསྟན་བྱའི་གཙོ་བོ་ནི་ཞེ་འདོད་ཀྱི་གཙོ་བོ་ལ་བྱ་ལ། བརྗོད་བྱ་ནི་དངོས་དང་ཞེན་པའི་བརྗོད་བྱ་གང་རུང་ཁོ་ནའོ། །དེ་ལྟར་ན་བརྗོད་བྱ་ཡིན་ལ་བསྟན་བྱ་མ་ཡིན་པ་ནི། བདག་ཡོད་པ་དེ་བདག་ཡོད་དོ་ཞེས་པའི་མདོའ་ིཞེན་པའི་བརྗོད་བྱར་བཞག་དགོས་པ་ལྟ་བུའོ། །དེའི་ཕྱིར་སྒྲ་ཇི་བཞིན་པ་ཡིན་མིན་ནི་བརྗོད་བྱའི་ངོས་ནས་བཞག་ལ། དྲང་ངེས་ཀྱི་འཇོག་མཚམས་ནི། བསྟན་བྱའི་དོན་གྱི་གཙོ་བོ་ལས་རྣམ་པར་ཕྱེ་བ་ཡིན་ནོ། །ཡང་གང་ལ་དོན་དམ་པ་སྟོན་པའི་གདུལ་བྱ་ལ་ཡང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་ཡོད་ཀྱང་། མཐར་ཐུག་དོན་དམ་པའི་བདེན་པ་སྟོན་མི་དགོས་པའི་གདུལ་བྱ་མི་སྲིད་ལ། གནས་སྐབས་གདུལ་བྱ་དམན་པའི་རིགས་ཅན་ལ། དམན་པ་ཉིད་ལ་ལྟོས་པའི་ངེས་དོན་སྟོན་ཚུལ་དང་། ཐེག་པ་ཆེན་པོའ་ིརིགས་ཅན་ལ་ཐེག་པ་ཆེན་པོ་ལ་ལྟོས་པའི་ངེས་དོན་སྟོན་ཚུལ་གཉིས་ལས། དང་པོ་ནི། སྲོལ་འབྱེད་གཉིས་པོ་གང་གི་ལུགས་ལྟར་ན་ཡང་། འཁོར་ལོ་དང་པོར་བསྟན་ལ། སྟོན་ཚུལ་གཉིས་པ་ནི་འཁོར་ལོ་གཉིས་པ་ཕན་ཆད་ནས་སྟོན་པ་ཡིན་ནོ། །དེ་ལྟར་དྲང་ངེས་གཉིས་ལ། སྒྲ་ཇི་བཞིན་པ་ཡིན་མིན་སོགས་བཞི་བཞི་ཕྱེ་བ་དེ་བཞིན་དུ། གཞན་བཞི་པོ་ལའང་དྲང་ངེས་སོགས་བཞི་བཞི་འབྱེད་དགོས་པ་ཤེས་པར་བྱས་ནས་འདི་ལྟར་བཤད་པར་བྱ་སྟེ། རྗོད་བྱེད་གསུང་རབ་ལ་དྲང་དོན་གྱི་དྲང་དོན་དང་། དྲང་དོན་གྱི་ངེས་དོན་གཉིས་དང་། ཡང་། ངེས་དོན་གྱི་དྲང་དོན་དང་། ངེས་དོན་གྱི་ངེས་དོན་གཉིས་ཏེ་བཞིའོ། །བརྗོད་བྱ་བདེན་པ་གཉིས་ལའང་དེ་བཞིན་དུ་བཞི་སྟེ། སྔ་མ་བཞི་དང་གོ་རིམ་བཞིན་དུ་བཤད་བྱ་དང་འཆད་བྱེད་དུ་སྦྱར་བར་བྱ་བ་ཡིན་ནོ། །རྣམ་གཞག་དེ་ལྟར་སྟོན་པའི་ལུང་གི་ཁུངས་ནི། འཕགས་པ་བློ་གྲོས་མི་ཟད་པ་བསྟན་པའི་མདོ་ལས། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པ་བསྟོན་པ་དེ་དག་ནི། དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པའི་བདེན་པ་བསྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་གསུངས་པ་དེ་ལས་ནི་བརྗོད་བྱ་བདེན་པ་གཉིས་ཀྱི་སྒོ་ནས་དྲང་ངེས་ཀྱི་རྣམ་གཞག་མཛད་པའོ། །ཡང་མདོ་སྡེ་དེ་ཉིད་ལས། མདོ་སྡེ་གང་དག བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལ་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ། སྐད་སྣ་ཚོགས་ཀྱིས་བཤད་པར་བྱ་བ་བདག་པོ་མེད་པ་ལ་བདག་པོ་ལྟ་བུར་བསྟན་པ་དེ་དག་ནི་དྲང་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། སེམས་ཅན་ མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་རྣམ་པར་ཐར་པའི་སྒོ་སྟོན་པ་དེ་དག་ ནི་ངེས་པའི་དོན་ཞེས་བྱ་སྟེ། ཞེས་གསུངས་པ་འདིས་ནི། རྗོད་བྱེད་སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་དྲང་ངེས་གཞག་པའོ། །དེ་ཡང་མདོ་སྔ་མ་གཉིས་ཀྱིས་ནི། ངེས་དོན་གྱི་ངེས་དོན་དང་། དྲང་དོན་གྱི་ངེས་དོན་གཉིས་བཤད་ལ། མདོ་ཕྱི་མ་གཉིས་ཀྱིས་ནི་ངེས་དོན་གྱི་དྲང་དོན་དང་། དྲང་དོན་གྱི་དྲང་དོན་གཉིས་བཤད་དོ། །དེ་ཡང་། བདག་དང་སེམས་ཅན་སོགས་ཡོད་པར་སྟོན་པའི་མདོ་དང་། དེའི་བརྗོད་བྱ་ནི་དྲང་དོན་གྱི་དྲང་དོན་ནོ། །འདིར་དྲང་དོན་དངོས་ནི། ཡང་དག་ཀུན་རྫོབ་དང་། དྲང་དོན་གྱི་ཡང་དྲང་དོན་ནི་ལོག་པའི་ཀུན་རྫོབ་ལ་བྱེད་པ་ཡིན་ལ། དེའི་ཚེ་དྲང་དོན་གྱི་ཡང་དྲང་དོན་གི་མདོའ་ིབརྗོད་བྱ་ལོག་པའི་ཀུན་རྫོབ་དང་། དེའི་བསྟན་བྱའི་གཙོ་བོ་ཡང་དག་པའི་ཀུན་རྫོབ་ལ་བྱེད་དགོས་པར་ཤེས་པར་བྱ་ལ། དེ་ཡང་སངས་རྒྱས་ཀྱི་གསུངས་དགོངས་འགྲེལ་དང་བཅས་པའི་དབང་དུ་བྱས་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །ཡང་བདག་དང་སེམས་ཅན་སོགས་མེད་པར་སྟོན་པའི་མདོ་དང་དེའི་བརྗོད་བྱ་ནི་ངེས་དོན་གྱི་དྲང་དོན་ནོ། །དེ་ཡང་གང་ཟག་གི་བདག་མེད་གནས་སྐབས་ཀྱི་ངེས་དོན་ཡིན་པ་ནི། སྲོལ་འབྱེད་གཉིས་ཀའི་ལུགས་ལ་འདྲ་བར་ཁས་ལེན་དགོས་པ་ཡིན་ཏེ། དེ་ཉན་ཐོས་དང་ཐུན་མོང་པའི་ངེས་དོན་ཡིན་གྱི། ཐེག་ཆེན་ཐུན་མོང་མ་ཡིན་པའི་ངེས་དོན་མཐར་ཐུག་ཏུ་མི་བཞེད་པར་མཚུངས་པའི་ཕྱིར་རོ། །ཡང་མཐར་ཐུག་གི་དོན་དམ་པའི་བདེན་པ་སྟོན་པའི་གསུང་རབ་དང་། དེའི་བརྗོད་བྱ་ནི་ངེས་དོན་གྱི་ངེས་དོན་དང་། ཡང་དག་པའི་ཀུན་རྫོབ་སྟོན་པའི་གསུང་རབ་དང་དེའི་བརྗོད་བྱ་ནི། དྲང་དོན་གྱི་ངེས་དོན་ནོ། །འོ་ན་དྲང་ངེས་ཀྱི་ཚུལ་བཞི་པོ་དེ་ལས་གང་དབང་བཙན་པར་བྱེད་ཅེ་ན། བཤད་པ། ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་གསུང་རབ་ཚད་མར་ཁས་བླངས་ནས། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ། དྲང་དོན་ཉིད་གཞིར་བྱས་པའི་དྲང་ངེས་གཉིས་པོ་དབང་བཙན་པར་བྱེད་དགོས་པ་ཡིན་ཏེ། དེའི་ཚེ་ཅིག་ཤོས་གཉིས་པོ་ཚད་མར་བྱས་ན། ཐ་སྙད་ཀྱི་བདེན་པ་འཇོག་མི་ཤེས་པ་དང་ཐབས་ཀྱི་ཆ་རྣམས་དོར་བ་དང་། ཀུན་རྫོབ་ཀྱི་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་སོགས་ཀྱི་ཉེས་པས་གོས་པར་འགྱུར་རོ། །ཡང་དོན་དམ་པའི་བདེན་པ་གཙོ་བོར་གཏན་ལ་འབེབས་པའི་གསུང་རབ་ཚད་མར་བྱས་ནས་དོན་དམ་པའི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ། ངེས་དོན་ཉིད་གཞིར་བྱས་པའི་དྲང་ངེས་ཀྱི་ཚུལ་གཉིས་པོ་ཁོ་ན་ཁས་ལེན་དགོས་པ་ཡིན་ཏེ། དེའི་ཚེ་གཞན་གཉིས་པོ་ཚད་མར་ཁས་བླངས་ན་དོན་དམ་པའི་བདེན་པ་ལས་ཉམས་པར་འགྱུར་བའི་ཕྱིར། དཔེར་ན་མྱུ་གུ་སྐྱེ་མེད་དུ་ཁས་ལེན་དགོས་པ་དེའི་ཚེ། མྱུ་གུ་སྐྱེ་བར་སྟོན་པའི་ལུང་རྣམས་ཁས་བླང་དུ་མི་རུང་བ་བཞིན་ནོ། །དོན་དེ་ཉིད་ཐུགས་ལ་ཉེ་བར་བཞག་ནས། རྗེ་བཙུན་ས་སྐྱ་པཎྜི་ཏས་ལྟ་བའི་ལུང་སྦྱོར་དང་། སྤྱོད་པའི་ལུང་སྦྱོར་མ་འདྲེས་པར་བྱེད་དགོས་པར་གསུངས་སོ། །འོ་ན་དྲང་དོན་གི་ཚུལ་གཉིས་ཀས་དྲང་དོན་གྱི་གོ་ཆོད་པ་དང་། ངེས་དོན་གི་ཚུལ་གཉིས་ཀས་ངེས་དོན་གྱི་གོ་ཆོད་པར་ཁས་ལེན་པ་ཡིན་ནམ་ཞེ་ན། སྤྱི་ཙམ་ནས་དྲང་ངེས་ཀྱི་རྣམ་པར་གཞག་པ་བྱེད་པ་དེའི་ཚེ། དེས་དེའི་གོ་ཆོད་པ་ཡིན་ཏེ། དེའི་ཚེ་དབྱེ་བའི་ཡ་གྱལ་དེ་དང་དེ་ཡིན་ན། དབྱེ་གཞི་དེ་དང་དེ་ཡིན་དགོས་པའི་ཕྱིར། བདེན་པ་གཉིས་ཀྱི་རྣམ་གཞག་ཁས་ལེན་ཚུལ་ཤས་ཆེ་ཆུང་གི་ཁྱད་པར་ཡོད་པ་དེའི་ཚེ་ནི། དེས་དེའི་གོ་ཆོད་པའི་ངེས་པ་ཡོད་པ་མ་ཡིན་ཏེ། དཔེར་ན། ངེས་དོན་གྱི་དྲང་དོན་ཡིན་ན། དོན་དམ་བདེན་པ་འཇོག་པའི་དུས་ཀྱི་དྲང་དོན་ཡིན་དགོས་པ་བཞིན། དེའི་འཐད་པ་ཡང་། གང་ཟག་གི་བདག་མེད་དེ་ཉེར་ལེན་གི་ཕུང་པོ་ལྔ་ལ་ལྟོས་ནས་སམ། སྤྱི་ཙམ་ནས་དོན་དམ་བདེན་པ་ཡིན་ཡང་། ཆོས་ཀྱི་བདག་མེད་ལ་ལྟོས་ནས་དྲང་དོན་དུ་འཆད་དགོས་པ་ནི། ཤིང་རྟའི་སྲོལ་གཉིས་ཀ་ལ་འདྲ་བ་ཡིན་པས་སོ། ཞེས་གསུངས་ཏེ་དྲང་ངེས་ཀྱི་དོན་ལེགས་པར་ཕྱེས་སོ།
༼བརྗོད་གཞི་གཉིས་པ་སྤྲོས་བྲལ་གྱི་དོན།༽
ད་ནི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་མཐའ་ཐུག གསུང་རབ་ཐམས་ཅད་ལྟ་བའི་ཡང་སྙིང་སྤྲོས་བྲལ་གྱི་སྐོར་ཅུང་ཟད་ཞུ་ན། དེའང་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་དེ་ཉིད་ཀྱིས་དབུ་མ་རྣམ་པ་ངེས་པའི་ཆོས་ཀྱི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བའི་ལེའུ་དང་པོ་ལས། ངེས་དོན་མཐའ་ཐུག་ངོས་བཟུང་བ་ཞེས་པའི་ས་བཅད་མཛད་དེ་སྤྲོས་བྲལ་གྱི་དོན་འདི་ལྟར་འཆད་དེ། ཇི་སྐད་དུ། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། བརྗོད་པར་བྱ་བ་བཟློག་པ་སེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་དང་། བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་བྱ། །ཞེས་དང་། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་རྣམས་ལ་རྣམ་པར་བརྟགས་པ་ན། རྗོད་བྱེད་ཀྱི་སྒྲ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་ཤིང་ཡོད་མེད་དང་། ཡིན་མིན་ལ་སོགས་པའི་མཐའ་གང་དུ་ཡང་བསམ་པ་དང་བརྗོད་པར་མི་ནུས་ལ། རྒྱལ་བས་ཀྱང་ཐ་སྙད་ཀྱི་སྒོ་ནས་སྒྲོ་བཏགས་ནས་སྟོན་པ་མ་གཏོགས་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་བསྟན་པར་མི་ནུས་པའི་དབྱིངས་ནམ་མཁའ་ལྟ་བུ་ཞིག་ལ་ངེས་པའི་དོན་དང་དོན་དམ་པའི་བདེན་པ་དང་། དེ་ཁོ་ན་ཉིད་ཅེས་བྱ་བའི་མིང་གིས་བཏགས་ནས་བསྟན་པ་ཡིན་ནོ། ཞེས་དང་། འདི་ཡང་ཡུལ་གྱི་དབང་དུ་བྱས་པ་ཡིན་ལ། ཡུལ་ཅན་གྱི་དབང་དུ་བྱས་ན་དབྱིངས་དེ་དང་ངོ་བོ་ཐ་དད་པ་ལྟ་བཞོག ལྡོག་པའི་ཁྱད་པར་ཙམ་ཡང་ཀུན་མཁྱེན་གྱིས་མ་གཟིགས་པའི་ཡེ་ཤེས་དེ་ཉིད་ཀྱང་ངེས་པའི་དོན་དུ་འཆད་དགོས་པ་ཡིན་ཏེ། ཟླ་བའི་ཞབས་ཀྱིས་དོན་དམ་བདེན་པ་འཇོག་པའི་དུས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་དོན་དམ་པའི་བདེན་པར་བཤད་པ་བཞིན་ནོ། །འདིའི་ལུང་དང་རིགས་པ་ཡང་འོག་ནས་འཆད་པར་འགྱུར་རོ། །གནས་འདི་ལ་གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་དག་ན་རེ། དོན་དམ་བདེན་པའི་མཚན་གཞི་ངོས་གཟུང་བར་མི་ནུས་པ་དང་། དེ་སྨྲ་བསམ་བརྗོད་མེད་དུ་ཁས་ལེན་པ་དང་། ཆོས་ཀྱི་དབྱིངས་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་ཁས་མིན་ལེན་ཞིང་། བསམ་བྱུང་གི་རིགས་པས་ཀྱང་དེ་དང་དེ་དག་ཏུ་ཡིད་ལ་མི་བྱེད་པར་འདོད་པ་དེ་དག་ནི། སྔོན་གངས་ཅན་དུ་ལོག་པའི་ཆོས་དུ་མ་བྱུང་བ་དག་ལས། ཧྭ་ཤང་གིས་བཤད་པའི་ཆོས་དཀར་པོ་ཆིག་ཐུབ་དང་། གཞན་ཡང་ཞི་བྱེད་དང་། རྫོགས་ཆེན་དང་། ཕྱག་རྒྱ་པར་གྲགས་པ་དག་གི་ལུགས་བླ་ན་མེད་པ་ཡིན་པས་དབུ་མའི་ལྟ་བ་རྟོགས་པའི་གོལ་ས་ཆེན་པོ་ཡིན་ནོ། །དེའི་ཕྱིར་གནས་ལུགས་ཀྱི་དོན་མཐར་ཐུག་སེམས་པ་ལ་ཞུགས་པ་དེའི་ཚེ་ན། མྱུ་གུ་བདེན་སྟོང་ལྟ་བུ་དོན་དམ་པའི་མཚན་གཞི་དང་། མྱུ་གུ་ལྟ་བུ་ཡང་བདེན་པས་སྟོང་པར་ཁས་ལེན་གྱི། དེ་དེས་སྟོང་པ་ཡིན་ནོ་ཞེས་བརྗོད་དུ་མི་རུང་བ་དང་། བདེན་སྟོང་དེ་ཡང་ཡོད་པར་ཁས་ལེན་གི། དེ་ཡོད་པ་མ་ཡིན་ནོ། །ཞེས་བརྗོད་དུ་རུང་བ་མ་ཡིན་ཏེ། རྩོད་བཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་བཤད་པས་སོ། །ཞེས་གསུང་ངོ་། །དེ་ལྟར་འཆད་པ་དེ་དག་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་ལ། རྒྱལ་བས་ཆོས་སྟོན་ཚུལ་གྱི་རིམ་པ་གསུམ་འབྱུང་བ་དེའི་ནང་ནས། བར་དུ་བདག་བཟློག་པའི་ལུང་དང་རིགས་པ་གསུངས་པ་རྣམས་ཀྱི་དོན་དང་ཅུང་ཟད་ཉེ་བ་ཡིན་མོད། ཐ་མར་ལྟ་བ་ཀུན་བཟློག་པ་ཞེས་བྱ་བའི་ལུང་དང་རིགས་པ་རྣམས་ལས་ཆེས་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་ཡིན་པས། ཇི་སྐད་དུ་ཡུམ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཟླ་བའི་ཞབས་ཀྱིས་ཚིག་གསལ་དུ་མདོ་དྲངས་པ་ལས། འོད་སྲུངས་གང་དག་བདག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི། སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། འཕགས་པ་ཉིད་ཀྱིས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། བླུན་པོ་མཁས་པའི་ང་རྒྱལ་ཅན། །སྟོང་ལ་མངོན་པར་ཞེན་མི་བྱ། །ཞེས་དང་། བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང་། །གཉིས་མིན་ཞེས་ཀྱང་བྱ་བ་སྟེ། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང་། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། གང་ལ་བདག་མེད་དོ་སྙམ་པའི་འཛིན་སྟངས་ཀྱི་ཤུགས་དྲག་པོ་མེད་པ་དེས་ནི། བདག་ཏུ་འཛིན་པའི་བློ་ལ་གནོད་པ་བྱེད་ནུས་པ་མ་ཡིན་ཏེ། དེ་དང་འཛིན་སྟངས་འགལ་བ་མེད་པའི་ཕྱིར་རོ། །གཞན་དུ་ན། གཉིད་འཐུག་པོ་དང་འདུ་ཤེས་མེད་པའི་སྙོམ་འཇུག་གིས་ཀྱང་དེ་ལ་གནོད་པ་ཧ་ཅང་ཐལ་ལོ། །དེ་བས་ན་མཉམ་གཞག་ཏུ་གང་ཟག་གི་བདག་དང་ཆོས་ཀྱི་བདག་གིས་སྟོང་ངོ་། །ཞེས་པའི་རྣམ་པ་ཅན་གྱི་འཛིན་སྟངས་ཀྱི་ཤུགས་དང་མ་བྲལ་བ་བྱ་དགོས་ཏེ། རྗེ་བཙུན་གྱིས། ཇི་སྐད་དུ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པ་ལས་གསལ་བ་ཡིན་ནོ། །ཞེས་འཆད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཇི་ལྟར། མགོན་པོ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་གཞུང་ལས། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པ་དང་བདེན་མེད་ཀྱི་སྤྲོས་པ་གཅོད་པའི་རིགས་པ་གཉིས་གསུང་པ་དང་། རྗེ་བཙུན་བྱམས་པའི་གཞུང་ལས། རྫས་འཛིན་རྟོག་པའི་གཉེན་པོ་སྒོམ་པའི་རིམ་པ་དང་། བཏགས་འཛིན་རྟོག་པའི་གཉེན་པོ་སྒོམ་པའི་རིམ་པ་གཉིས་གསུངས་པ་ལས། ཁྱེད་ཀྱི་འདོད་པ་དེ་རིམ་པ་དང་པོ་དེ་དང་དེའི་ནང་དུ་ཆུད་པ་ཙམ་ཡིན་ཀྱང་། རིམ་པ་གཉིས་པ་དེའི་ནང་མ་ཚུད་པར་གསུངས་ཤིང་། དེ་ཡང་ཇི་ལྟར་ཞེ་ན། ཇི་སྐད་དུ། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའ་ིབག་ཆགས་བཟློག་པར་འགྱུར། །ཞེས་པའི་གཞུང་གིས་བསྟན་པའི་དོན་ལ། ཁྱེད་ཀྱི་འདོད་པ་དེ་ཅུང་ཟད་ཉེ་བར་མཁོ་ཡང་། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱིས་ནས་སྟོང་བར་འགྱུར། །ཞེས་པའི་གཞུང་གི་དོན་ལ། ཁྱེད་འཆད་པའི་རིགས་པ་དེ་དག་གིས་མ་བསྙབས་པ་གསུངས་ཏེ། དབུ་མའི་རྩ་བ་ལས། སྟོང་ངོ་ཞེས་ཀྱང་མི་བྱ་ཞིང་། །མི་སྟོང་ཞེས་ཀྱང་མི་བྱ་ལ། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་པ་ངེས་དོན་མཐར་ཐུག་གི་དབང་དུ་བྱས་པ་དང་ཐ་སྙད་ཀྱིས་སྟོན་པའི་ཚེ་ཇི་ལྟར་བྱ་སྙམ་པ་ལ། དེ་ཉིད་ལས། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་པ་དེའི་དོན་ཟླ་བའི་ཞབས་ཀྱི་འགྲེལ་པ་ན། སྟོང་ངོ་ཞེས་ཀྱང་བརྗོད་བྱ་ལ། །མི་སྟོང་ཞེས་ཀྱང་བརྗོད་བྱ་སྟེ། །གཉིས་དང་གཉིས་མིན་བརྗོད་པར་བྱ། །ཞེས་བྱ་བའི་དོན་དུ་བཤད་པ་རྣམས་ཀྱིས། ཁྱེད་ཅག་གི་འདོད་པ་དེ་སུན་དབྱུང་བའི་ཕྱིར། བྱམས་པའི་གཞུང་གི་དོན་ཡང་ཁྱེད་ཀྱིས་ལེགས་པར་མ་བཤད་དེ། ཁྱེད་ཀྱིས་དབུ་མའི་ལྟ་བར་བཤད་པ་དེ་ནི་རྗེ་བཙུན་གྱི་བཞེད་པའི་བཏགས་འཛིན་རྟོག་པ་དེ་ཉིད་ལས་མ་འདས་པའི་ཕྱིར་དང་དེའི་གོ་དོན་ཡང་བཏགས་པ་ཙམ་དུ་བདེན་པར་འཛིན་པ་ལ་འཆད་ན། རྫས་འཛིན་རྟོག་པ་དང་ཁྱད་པར་མི་ཕྱེད་པའི་ཕྱིར་དང་། ཇི་སྐད་དུ། མ་མཐོང་སྟོན་པར་མཛད་པ་དང་། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཅིར་ཡང་མ་མཐོང་བ་ལ། དེ་ཁོ་ནའི་དོན་མཐོང་བར་མིང་བཏགས་པ་ཡིན་གྱི། སྟོང་ངོ་སྙམ་དུ་མཐོང་དགོས་པར་མ་བཤད་པའི་ཕྱིར་དང་། ངེས་འབྱེད་ཡན་ལག་ཅེས་སོགས་ཀྱི་དོན་ཡང་སྐབས་དེ་དང་དེར་སྤྲོས་པའི་མཐའ་གང་དུ་ཡང་མ་གཟིགས་པ་དེ་ཉིད་ལ་སེམས་པ་དང་འཇལ་བ་ལ་སོགས་པའི་དོན་ཡིན་གྱི། སྦྱོར་ལམ་དུ་གཟུགས་སོགས་བདེན་པས་སྟོང་པར་ཞེན་པའི་འཛིན་སྟངས་ཀྱི་རྒྱུན་ཡོད་པ་དེ་ཉིད་ལ། མཐོང་སྒོམ་ལམ་གིས་མཉམ་པར་འཇོག་དགོས་པར་སྟོན་པ་མ་ཡིན་ཏེ། ཇི་སྐད་དུ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་སྐབས་དེར་ཡང་བདེན་སྟོང་དུ་ཞེན་པ་འགོག་དགོས་པར་གསུངས་པའི་ཕྱིར་རོ། །འོ་ན་བདེན་མེད་དུ་འཛིན་པའི་སྤྲོས་པ་གང་གིས་གཅོད་ཅེ་ན། ཇི་སྐད་དུ། རྩ་བ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང་། ཡེ་ཤེས་སྙིང་པོས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། སྐྱེ་བ་ལ་སོགས་བཀག་པ་ཡང་། །དམ་པའི་དོན་དང་མཐུན་ཕྱིར་འདོད། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་དང་། རྒྱན་ལས། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་སོགས་གསུངས་པའི་རིགས་པ་ལས་སོ། །དེ་ལ་ཡང་འདི་སྐད་ཅེས། སྐྱེ་སོགས་བཀག་པས་ཁྱད་པར་དུ་བྱས་པའི་མ་ཡིན་པར་དགག་པ་དེ་ཉིད་ཀུན་རྫོབ་བདེན་པར་སྟོན་པ་ཡིན་གྱི། སྐྱེ་སོགས་བདེན་གྲུབ་བཀག་པའི་མེད་དགག་དེ་དེར་སྟོན་པ་མ་ཡིན་ནོ། །ཞེས་ཟེར་རོ། །དེ་ཡང་མ་ཡིན་ཏེ། གཞུང་གི་འཕྲོས་དང་མི་མཐུན་པའི་ཕྱིར། ཇི་ལྟར་ཞེ་ན། གཞུང་དེའི་གོང་དུ། གྲུབ་མཐས་སྒྲོ་མ་བཏགས་པའི་སྐྱེ་བ་ཙམ་ཡང་དག་ཀུན་རྫོབ་དང་། དེས་སྒྲོ་བཏགས་པའི་སྐྱེ་བ་ལ་སོགས་པ་ལོག་པའི་ཀུན་རྫོབ་ཏུ་བཤད་པ་ལ་འཕྲོས་ནས་དེ་བཀག་པའི་མེད་པར་དགག་པ་དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་རོ་སྙམ་པ་ལ། དགག་བྱ་བཀག་ཙམ་གྱི་ཆ་ནས་དོན་དམ་པ་དང་མཐུན་པ་དང་། རིགས་པས་དཔྱད་མི་བཟོད་པའི་ཆ་ནས་ཀུན་རྫོབ་ཡིན་ཞེས་བྱ་བའི་དོན་དུ་གསལ་བར་བཤད་པའི་ཕྱིར་དང་། སྐྱེ་བ་བདེན་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་མྱུ་གུ་ལྟ་བུ་དེ། མཐུན་པའི་དོན་དམ་ཡིན་ཞེས་ཟེར་བ་ཡེ་ཤེས་སྙིང་པོའ་ིརྨི་ལམ་དུ་ཡང་མི་རྨི་བའི་ཕྱིར་དང་། ཁྱེད་ལྟར་ན། ཇི་སྐད་དུ། ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པའི་སྐབས་ཀྱི་བཀག་པ་དེ་མྱུ་གུ་ལྟ་བུ་མ་ཡིན་དགག་ཞིག་ལ་འཆད་དགོས་ལ། མེད་པར་གསལ་ཞེས་པའི་དོན་ཡང་། བདེན་པར་མེད་ཅེས་པ་ལ་འཆད་དགོས་པས། དེ་ལྟ་ན། དགག་བྱ་ཡོད་པ་མ་ཡིན་པས། །ཞེས་སོགས་ཀྱི་གཞུང་གི་དོན་བདེན་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་མྱུ་གུ་བདེན་པར་མེད་དེ། དགག་བྱ་བདེན་གྲུབ་བདེན་པར་ཡོད་པ་མ་ཡིན་པའི་ཕྱིར། ཞེས་འཆད་དགོས་པས། བློ་དང་ལྡན་པ་སུ་ཞིག་ཡིད་ཆེས་པར་འགྱུར། གལ་ཏེ་འོ་ན། བདེན་མེད་དུ་འཛིན་པ་དང་། སྤྲོས་བྲལ་དུ་འཛིན་པའི་མཚན་མ་ཡང་གཅོད་པ་དེའི་ཚེ། དོན་དམ་བདེན་པའི་མཚན་གཞི་ངོས་གཟུང་བར་མི་ནུས་པ་དང་། གང་དོན་དམ་པའི་བདེན་པ་ཡིན་ན། བརྗོད་པ་ཐམས་ཅད་དང་བྲལ་དགོས་པ་དང་། ཡོད་མེད་ལ་སོགས་པའི་མཐའ་གང་རུང་མ་ཡིན་དགོས་པ་འདི་ལ། ཡིད་ཆེས་པའི་ལུང་མེད་ན་སུ་ཞིག་མགུ་བར་འགྱུར་ཏེ། དོན་དེ་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་སྙམ་ན། བཤད་པ། ཇི་སྐད་དུ། དབུ་མའི་རྩ་བ་ལས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ནོ། །ཞེས་དང་། ཡེ་ཤེས་སྙིང་པོས། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང་། ཟླ་བའི་ཞབས་ཀྱི་ཚིག་གསལ་དུ། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅི་ཡང་མི་གསུངས་པ་ཡིན་ནོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་རྣམ་པར་བརྟགས་པས་ཡིད་ཆེས་པར་འགྱུར་རོ། །ཅི་སྟེ་དེ་དག་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ཤེས་ངོ་ལ་དགོངས་པ་ཡིན་ནོ། །ཞེས་ཟེར་མོད། དེའི་ཚེ་ཁོ་བོ་ཅག་གི་འདོད་པ་གྲུབ་ལ། ཁྱེད་ཅག་གི་གང་མི་འདོད་པ་དེ་ཉིད་ལག་ཏུ་ཐོབ་པར་འགྱུར་ཏེ། ཅི་ཡང་ཡིད་ལ་མི་སེམས་པ་ཞེས་བྱ་བ། ཧྭ་ཤང་གི་འདོད་པར་ཁྱོད་ཀྱིས་བསྒྲུབ་པ་དེ་ཉིད་སླར་འོངས་པའི་ཕྱིར། ཞེས་ལུང་དང་རིགས་པ་ཡང་དག་པའི་ལམ་ནས་དབུ་མ་སྔ་རབས་པ་དང་ཕྱི་རབས་པའི་བར་གྱི་མཐའ་ཐུག་དབུ་མའི་ལྟ་བ་གཏན་ལ་འབེབ་སྟངས་ཀྱི་ས་མཚམས་ལེགས་པར་ཕྱེས་འདུག་པས་མི་ཚེ་རྡོ་ཅལ་གྱི་སྟེང་དུ་ཐལ་སྒྲ་བརྡབ་མཁན་གྱི་རིགས་པ་སྨྲ་བ་དག་གི་མིག་གི་བདུད་རྩི་དང་རྣ་བའི་ལོངས་སྤྱོད་ཉིད་དུ་འཁུམས་སོ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ཆོས་རྩོད་ནི་འཐད་ལྡན་རིག་པའི་ལམ་ནས་ཡིན་ལུགས་དཔྱད་པར་མེད་དུ་མི་རུང་བའི་ཡག་དག་པའི་རིག་པའི་རྣམ་བཞག་ཅིག་ཡིན་པ་ལས་འཇིག་རྟེན་པའི་ཆགས་སྡང་ཉེ་རིང་གིས་ཀུན་ནས་བསླངས་པའི་ཁ་རྩོད་སྣ་རྩོད་དང་གཏན་ནས་མི་འདྲ། ཆོས་རྩོད་ནི་ཆོས་རྩོད་ལས་གཞན་ཞིག་གི་ངོ་བོར་ནམ་ཡང་བསྒྱུར་མི་རུང་། སྐབས་འདིར་རིས་མེད་ཀྱི་ལྟ་གྲུབ་གླེང་པའི་སྐབས་ཡིན་པས་ཆོས་བརྒྱུད་ཕན་ཚུན་གྱི་ལྟ་གྲུབ་བར་དགག་པ་རྒྱབ་རེས་བྱས་འདུག་སྙམས་ཏེ་འགའ་ཞིག་གི་ཐུགས་ལ་ཕོག་སྲིད་ཀྱང་། དེ་ནི་ཧ་ཅང་ཐུགས་གུ་དོག་དྲགས་པ་ཡིན་ཏེ། ཆོས་གྲྭ་ཆེན་པོ་དག་གི་ནང་དུ་ཉིན་རེ་བཞིན་འདིར་ལྟར་རྩོད་པ་རྒྱབ་བཞིན་ཡོད་ཅིང་། ཕན་ཚུན་བར་ཚིག་གི་འདའ་མོ་སྣ་ཚོགས་འཕེན་རེས་བྱེད་ཅིང་མཚམས་རེར་ཐལ་ཅག་དང་རྡོག་འདེད་ཀྱང་གཞུ་རེས་བྱེད་ཀྱི་ཡོད། འོན་ཀྱང་ཕན་ཚུན་འཁོན་འཛིན་དང་སྡང་བ་གང་ཡང་མེད་པར་སེམས་ཐག་ཇེ་ཉེ་དང་བློ་བསྐྱེད་ཇེ་རྒྱས་སུ་འགྲོ་བཞིན་ཡོད། དེ་ནི་བོད་གངས་ཅན་པའི་བླ་ན་མེད་པའི་ཆོས་སྲོལ་བཟང་པོ་ཞིག་ཡིན། ཆོས་བརྒྱུད་ཕན་ཚུན་བར་ལྟ་གྲུབ་ཀྱི་དགག་བཞག་བྱེད་དུས་ཐུགས་ལ་ཕོག་མཁན་དག་ནི་ཆོས་ར་ཆེན་པོའི་ནང་དུ་རྩོད་པའི་གྲལ་དུ་གཏན་ནས་ཞུགས་མ་མྱོང་པའམ་ཞུགས་མྱོང་ཡང་ཞུགས་གོ་མ་ཆོད་པ་ཡིན། ཐལ་སྒྲ་འབྱིན་དུས་སྙིང་རླུང་སྡང་ན་རིག་པ་སྨྲ་བའི་ཞབས་འདྲེན་ཡིན་པས་གཟབ་འཚལ། ང་ཚོའི་རིས་མེད་འདི་ཕན་ཚུན་བར་ཆོས་དང་མཐུན་པའི་དགག་བཞག་གང་ཡང་བྱེད་ཆོག་ལ་བྱེད་དགོས་ངེས་ཤིག་ཡིན། ཆོས་ལུགས་གཞན་ཕལ་མོ་ཆེ་ཞིག་གིས་བླ་མས་ཆོས་བཤད་དུས་ལུང་འབོག་པ་ལྟ་བུ་ཞིག་དང་སྒྲུང་བཤད་པ་ལྟ་བུ་ཞིག་ལས་དེ་ལ་ཡར་དོགས་འདྲི་དང་དགག་བཞག་གི་རྩོད་པ་རྒྱབ་མི་ཆོག་པར་ཅི་གསུངས་བཞིན་རྗེས་སུ་འདུར་རྒྱུགས་བྱེད་དགོས་པའི་རྨོང་དད་ཀྱི་ལམ་སྲོལ་དང་མི་འདྲ་བར་རིགས་པ་ཡང་དག་པའི་ལམ་ནས་དགག་བཞག་གང་ཡང་བྱེད་ཆོག་པའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་འདི་ནི་ང་ཚོའི་བསོད་ནམས་དང་གཟི་རྗིད་ཅིག་ཡིན་པས་འདི་གོ་ལ་ཧྲིལ་པོར་ངོམས་སུ་ཆོག་པ་ཞིག་བྱེད་དགོས། ངས་འདི་ལྟར་གསལ་བཤད་བྱེད་དོན་ནི་སེམས་ཆུང་འགའ་ཞིག་གི་ཐུགས་ལ་ཕོག་ཏུ་དོགས་ཏེ་ཞུས་པ་ཡིན་པས་ཐུགས་ལ་ངེས་པར་འཚལ།
༼བརྗོད་གཞི་གསུམ་པ་ས་ལུགས་ལ་མདོ་སྔགས་གཉིས་ཀྱི་ལྟ་བ་གནད་གཅིག་ཏུ་ཐུག་པ་མ་ཟད་ཐལ་རང་གཉིས་ཀྱི་མཐའ་ཐུག་གི་ལྟ་བ་ལའང་ཡང་ལྕི་མེད་པའི་ཚུལ།༽ མཚམས་འདི་ནས་ས་ལུགས་ལ་མདོ་སྔགས་གཉིས་ཀྱི་མཐའ་ཐུག་གི་ལྟ་བའི་ཁྱད་པར་ཅུང་ཟད་ཞུ་ན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས། སྡོམ་གསུང་རབ་དབྱེ་ལས། ཕ་རོལ་ཕྱིན་པའི་ལྟ་བ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་པའི་གསུང་དེ་ནི་མདོ་སྔགས་གཉིས་ཀའི་མཐའ་ཐུག་གི་ལྟ་བའི་གནད་གཅིག་ཏུ་གཞོལ་བའི་ཆོས་ཀྱི་སྡོམ་ཆེན་པོ་ཞིག་སྟེ་འདིའི་ཐད་དུ་ཅུང་ཞིག་གླེང་ན། དགེ་རྩེ་མ་ཧ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱིས། གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་བཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད་ལས། དོན་འདི་ལ་ཆོས་རྗེས་སྟོང་ཉིད་སྤྲོས་བྲལ་ཙམ་ལ་ཆོས་སྤྱིའི་ལྟ་བ་བཞག་པའི་སྐབས་གཅིག་དང་། ཉམས་མྱོངས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་གསང་སྔགས་ཐུན་མོང་མ་ཡིན་པའི་ལྟ་བ་བཞག་པའི་གནས་སྐབས་གཉིས་མ་རྟོགས་པར། ཁ་ཅིག་གིས་ཆོས་རྗེ་ལ་དགག་པ་མཛད་པ་མི་འཐད་པའི་ཚུལ་གསུངས་ཏེ། དགེ་རྩེ་མ་ཧ་པཎྜི་ཏ་ཉིད་ཀྱིས་ཆོས་རྗེའི་གསུང་དེའི་དགོངས་པ་འགྲེལ་པ་ན། གོང་དུ་ལུང་དྲངས་མ་ཐག་པའི་ཆོས་རྗེའི་གསུང་ཤོ་ལོ་ཀ་གཅིག་པུ་དེའི་རྐང་པ་དང་པོ་གཉིས་ཐོག་མར་ལུང་དུ་དྲངས་ཏེ། འདིའི་དགོངས་པ་ཇི་བཞིན་བླངས་ཚེ། སྔགས་ཀྱི་ལྟ་བ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟབ་གསལ་གཉིས་མེེད་དེ་ཉིད་ངོ་བོའི་ཆ་ནས་སྤྲོས་པའི་མཐའ་གང་དུའང་མ་ལྷུང་བ་ལ་དགོངས་ནས་ལྟ་བ་དེའི་མཚན་ཉིད་སྤྲོས་པ་དང་བྲལ་བ་ཡིན། དེ་ལྟ་ཡིན་པས་སྤྲོས་བྲལ་གྱི་ཆ་ནས་དབུ་མའི་སྤྲོས་བྲལ་ལས་ལྷག་པ་མེད། དེ་མེད་པས་སྤྲོས་བྲལ་གྱི་ངོས་ནས་དབུ་མ་དང་གསང་སྔགས་ཁྱད་པར་མེད་པའི་དོན་ཤེས་དགོས་ཏེ། དེ་མ་ཐག་ཏུ། སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་གསུངས་པའི་ཕྱིར་རོ། སྤྲོས་བྲལ་དེ་ཡང་སྤྱིར་ཡོད་མེད་སོགས་གང་དུའང་ཁས་བླངས་མེད་པའི་དོན་ཙམ་ལས། བོད་འགའ་ཞིག་གི་ཞེ་འདོད་ལྟར་མེད་དགག་གི་སྟོང་ཉིད་ཁོ་ནར་བཞེད་པ་མིན་ཞིང་། སྤྲོས་བྲལ་དེ་ལ་རྣམ་པའི་བདེ་བ་ཆེན་པོ་དང་སོ་སོ་རང་རིག་གི་རིག་པས་ཉམས་སུ་མྱང་བྱར་གྱུར་པ་སྔགས་ཀྱི་ལྟ་བའི་ཁྱད་ཆོས་སུ་བཞེད་པ་ཡིན། ཞེས་གསུངས་པ་འདི་ལས་ལྷག་པའི་ཆོས་རྗེའི་དགོངས་པ་འགྲེལ་མཁན་ཞིག་མ་མཐོང་བས་ཐེངས་འདིར་མཁས་པ་གཞན་གྱི་ལུང་དྲངས་མེད། མདོ་སྔགས་གཉིས་ཀྱི་ལྟ་བ་ལ་ཁྱད་པར་མེད་ན་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོང་དང་། ཞེས་སོགས་གསུང་རབ་དུ་མ་ལས་མདོ་ལས་སྔགས་ཁྱད་པར་འཕགས་ཚུལ་དུ་མ་ཞིག་གསུངས་པ་མ་ཡིན་ནམ་ཞེ་ན། དེའི་ལན་དུ་ས་སྐྱའི་བསྟན་འཛིན་ཀུན་གྱིས་མགྲིན་གཅིག་ཏུ་འདི་ལྟར་གསུངས་ཏེ། ཐབས་ཀྱི་སྒོ་ནས་མདོ་ལས་སྔགས་ཁྱད་པར་དུ་འཕགས་པ་ལས་ལྟ་བའི་སྒོ་ནས་ཁྱད་པར་དུ་འཕགས་པ་མི་འདོད། མདོ་སྔགས་གཉིས་ཀའི་མཐའ་ཐུག་གི་ལྟ་བ་སྤྲོས་བྲལ་ལ་ཐུག་ཅིང་། སྤྲོས་བྲལ་ལས་ལྷག་པའི་ལྟ་བ་ཞིག་མདོ་སྔགས་གང་དུའང་ཡོད་པར་མི་འདོད་དོ། མདོ་སྔགས་གཉིས་ལ་ཐབས་ཀྱི་ཁྱད་པར་ཙམ་ལས་ལྟ་བ་ལ་ཁྱད་པར་མེད་པར་མ་ཚད་ཐེག་པ་གསུམ་ལའང་ཐབས་ཀྱི་ཁྱད་པར་ཙམ་ལས་ལྟ་བ་ལ་ཁྱད་པར་ཡོད་པར་མི་འདོད་དེ། ཐམས་ཅད་ཀྱིས་བདག་མེད་པ་དང་སྟོང་པ་ཉིད་ཁས་ལེན་པའི་ཕྱིར། འགའ་ཞིག་གིས་ཆོས་ཀྱི་སྡོམ་བཞི་འམ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིས་ཕྱི་ནང་གི་གྲུབ་མཐའི་ཁྱད་པ་འབྱེད་མི་ནུས་ཏེ། ཉན་ཐོས་མང་བསྐུར་བས་བརྗོད་དུ་མེད་པའི་བདག་ཁས་ལེན་པའི་ཕྱིར་ཟེར། དེ་ནི་རུང་བ་མ་ཡིན་ཏེ། སྟག་ཚང་ལོ་ཙྭ་བས་གྲུབ་མཐའ་ཀུན་ཤེས་ལས། རང་སྡེ་བྱེ་སྨྲར་གཏོགས་པ་འགའ་ཞིག་བདག་འདོད་ཅིང་སྐད་ཅིག་གིས་མི་འཇིག་པའི་འདུས་བྱས་ཁས་ལེན་པ་ཡང་ཡོད་མོད། ཕུང་པོ་ལས་དོན་གཞན་དག་རྟག་པར་མི་འདོད་ཅིང་། གཏན་འཇིག་མི་སྲིད་པའི་རྟག་དངོས་སུ་ཁས་མི་ལེན་པས་མུ་སྟེགས་དང་ཁྱད་པར་ཆེའོ། ཞེས་ལེགས་པར་གསུངས། ཕྱི་རོལ་མུ་སྟེགས་བྱེད་དང་ནང་པའི་ཁྱད་པར་གཙོ་བོ་ཡང་ཕྱི་རོལ་གྲངས་ཅན་སོགས་ཀྱིས་བདག་ཁས་ལེན་ཅིང་། དེའང་ཁྱད་ཆོས་ལྔ་ལྡན་དང་ཡོན་ཏན་དུ་མ་འབྱུང་བའི་བརྟེན་དུ་འདོད། དེ་ལས་བཟློག་སྟེ་སངས་རྒྱས་ཀྱིས་བདག་འཛིན་དེ་ཉེས་པ་ཀུན་གྱི་རྩ་བ་ཡིན་པ་ཐེག་པ་གསུམ་དང་མདོ་སྔགས་གཉིས་ཀར་ལེགས་པར་གསུངས་ཤིང་བདག་མེད་པའི་ཆོས་ཚུལ་ལེགས་པར་སྲོད་བཏོད་པས་བདག་ཁས་ལེན་མིན་གྱིས་ཕྱི་ནང་གི་ཁྱད་པར་འབྱེད་མི་ནུས་ཟེར་བ་ནི་ལོག་པར་བཤད་པ་ཆེན་པོའོ། ཐ་སྙད་འདོགས་པའི་བདག་ཙམ་ལ་ནི་དགག་པ་བྱེད་པ་མ་ཡིན། བདག་ཅིག་འདོད་ཚད་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ཚན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་དགག་བྱ་རུ་གྱུར་པའི་བདག་དེ་ཡིན་པས་མ་ཁྱད་པའི་ཁྱད་པར་འབྱེད་ཤེས་དགོས། དེ་མ་ཤེས་ན་ཕྱི་ནང་གི་ཁྱད་པར་ཙམ་ཡང་འབྱེད་མི་ཤེས་པའི་མུན་སྤྲུལ་དུ་འགྱུར་རོ། སྟོང་ཉིད་བསྟན་ཚུལ་ལ་གསལ་རྒྱས་རྫོགས་པའི་ཁྱད་པར་ཡོད་ཀྱང་སྟོང་ཉིད་ཐམས་ཅད་ལ་བསྟན་ཅིང་། དེ་མ་བསྟན་ན་འཁོར་བ་ལས་ཐར་ཐབས་མེད་པའི་ཕྱིར། འོན་ཀྱང་ཐབས་ཀྱི་སྒོ་ནས་ཐེག་ཆེན་ཁྱད་པར་འཕགས་ཏེ་ཐབས་སྙིང་རྗེ་ཆེན་པོའམ་ཐེག་ཆེན་སེམས་བསྐྱེད་དེ་ཐེག་དམན་ལ་བསྟན་པ་མེད་པའི་ཕྱིར། མདོར་ན་ཕར་ཕྱིན་ཐེག་པའི་ལུགས་ལ་གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཐབས་ཤེས་ཟུང་འཇུག འབྲས་བུ་མ་སྐུ་གཉིས་ཟུང་འཇུག་དང་གཅིག་ཏུ་མཐུན་པར་སྔགས་ཀྱི་སྐབས་སུ་གཞི་འཁོར་འདས་དབྱེར་མེད། ལམ་གསལ་སྟོང་འཛིན་མེད། འབྲས་བུ་སྐུ་བཞི་དང་ཡེ་ཤེས་ལྔའམ། ཡང་ན་རྒྱུད་གསུམ་གྱི་སྒོ་ནས་རྒྱུད་ཀྱི་དོན་མ་ལུས་པར་བསྡུས་ཏེ་གསུངས་པ་དང་། མདོ་སྔགས་གང་གི་ལུགས་ལའང་སྟོང་པ་ཉིད་དང་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་གསུམ་ནི་སྲོག་ཤིང་ལྟ་བུར་ཡིན་ཅིང་། སྤང་བྱ་དང་འབྲས་བུ་གང་གི་ཆ་ནས་ཀྱང་ཁྱད་པར་ཏིལ་འབྲུ་ཙམ་ཡང་མ་དམིགས་སོ། ཁྱད་པར་གཅིག་ཡོད་པ་དེ་ནི་ཐབས་ཀྱི་ཁྱད་པར་ཙམ་མོ། དཔེར་ན་ཕར་ཕྱིན་ཐེག་པའི་སྐབས་སུ་བྱང་ཕྱོགས་སོ་བདུན་དེ་སེམས་ལ་གནད་དུ་བསྣུན་ནས་བཤད་ཅིང་། དེ་ཉིད་སྔགས་ཀྱི་སྐབས་སུ་ལུས་ལ་གནད་དུ་བསྣུན་ནས་བཤད་པ་ལྟ་བུའོ། ད་དུང་ཐལ་རང་གཉིས་ལ་མཐའ་ཐུག་དབུ་མའི་ལྟ་བ་གཏན་ལ་འབེབ་བྱེད་ཀྱི་རིག་པ་གཏོང་ཚུལ་མི་འདྲ་བའི་ཁྱད་ཙམ་ལས་ལྟ་བ་ལ་མཐོ་དམན་ཅུང་ཟད་ཙམ་ཡང་ཡོད་པ་འཇོག་ཏུ་མི་རུང་ཞིང་། དེས་མ་ཚད་ཐེག་པ་གསུམ་ཀར་མཐའ་ཐུག་གི་ཐར་པ་མཚན་ཉིད་པ་རེ་རེ་འཐོབ་རྒྱུ་ཡོད་པ་གཅིག་མཚུངས། མདོ་སྔགས་གཉིས་ཀར་ད་ལྟའི་ཐ་མལ་པའི་ལུས་འདི་མ་སྤངས་པར་ལུས་འདི་ཉིད་ཀྱི་སྟེང་དུ་འཚང་རྒྱ་རུང་བ། མདོ་ལུགས་དང་སྔགས་ལུགས་གཉིས་ཀར་སོ་སོའི་རང་རྐང་གི་ལམ་ནས་མཐའ་ཐུག་སངས་རྒྱས་ཀྱི་སར་བགྲོད་ཐུབ་པ་གཅིག་མཚུངས། དབུ་མ་ཐལ་འགྱུར་པའི་ལུགས་ལ་གནས་ལུགས་དཔྱོད་པའི་རིགས་ངོར་དགག་གཞི་དགག་བྱ་ཐ་དད་དུ་འཇོག་མི་རུང་བ་དང་། སྔགས་ཀྱི་ལུགས་ལ་སྦྱང་གཞི་དང་སྦྱོང་བྱེད་གཅིག་ཏུ་སྦྱར་དགོས་པའི་གལ་གནད་སོགས་ཡིད་འཕྲོག་པའི་ས་སྐྱའི་ཐུན་མིན་གྱི་འཆད་ཚུལ་དུ་མ་ཞིག་ཡོད་ཀྱང་ཐེངས་འདིར་ཡིག་ཚོགས་མང་གིས་དོགས་ཏེ་སྡོམ་ཚིག་ཙམ་ཞིག་བཀོད་པ་ཡིན།
༼བརྗོད་གཞི་བཞི་པ་སྔགས་ལམ་ལ་ཞུགས་པར་དབང་སྐུར་སྔོན་དུ་འགྲོ་དགོས་པའི་གནད།༽
ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས། སྣང་གསུམ་མཛེས་རྒྱན་ལས། སྤྱིར་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་རྡོ་རྗེ་ཐེག་པའི་ལམ་གྱི་སྲོག་ཤིང་ལ་གནད་དུ་ཆེ་བ་དྲུག་བཤད་དེ། སངས་རྒྱས་ཡེ་ཤེས་ཞབས་ནི། སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཐ་མལ་རྣམ་རྟོག་ཡིན་པས། དེའི་གཉེན་པོ་ལྷའི་ང་རྒྱལ་བསྒོམ་པ་བསྐྱེད་རིམ་གནད་དུ་ཆེ་བར་བཞེད་དེ། སྒྲུབ་ཐབས་ཀུན་བཟང་ལས། ཐ་མལ་རྣམ་རྟོག་རྒྱུན་ནི་མ་གཏོགས་པར། སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་སེམས་ལ། །སེམས་ནི་དངོས་སུམ་དག་ཏུ་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས། འཕགས་པ་ཀླུ་སྒྲུབ་ནི། འཁོར་བའི་སྡུག་བསྔལ་གྱི་རྩ་བ་རླུང་ལ་བརྟེན་ནས་སེམས་ཀྱི་འཕྲོ་འདུ་སྣ་ཚོགས་བྱས་པ་ལས་བྱུང་བའི་ཉོན་མོངས་དང་རྣམ་རྟོག་ཡིན་པས། དེའི་གཉེན་པོ་རླུང་བསྒོམ་པ་གནད་དུ་ཆེ་བར་བཞེད་དེ། རིམ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡག་དག་འདྲེས་གྱུར་ཏེ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་ཀུན་ལ་ནི་དམིགས་པར་བྱེད། །ཅེས་གསུངས། རྡོ་རྗེ་དྲིལ་བུ་པ་ནི། འཁོར་བའི་རང་བཞིན་རྒྱུ་རྣམ་རྟོག་དང་། འབྲས་བུ་སྡུག་བསྔལ་ཡིན་ལ། དེའི་གཉེན་པོ་མྱང་འདས་ཀྱི་རྒྱུ་ཏིང་ངེ་འཛིན་ཡིན་ཞིང་། ཏིང་ངེ་འཛིན་དེ་ཡང་ཐབས་གཞན་ཇི་ཙམ་འབད་ཀྱང་སྐྱེ་དཀའ་ལ། བླ་མ་དང་མཁའ་འགྲོའི་བྱིན་རླབས་ཞུགས་ན་སྐྱེ་སླ་བས། བྱིན་རླབས་གནད་དུ་ཆེ་བར་བཞེད་དེ། དེས་མཛད་པའི་བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པ་སྦས་པ་ཡི། བྱིན་རླབས་རིམ་པ་འདི་བཤད་བྱ། ཞེས་གསུངས། རྒྱ་ཆེན་ཨིནྡྲ་བྷཱུ་ཏི་ནི། འཁོར་བའི་རང་བཞིན་སྡུག་བསྔལ་ཡིན་ལ། དེའི་གཉེན་པོ་བདེ་བ་ཡིན་ཞིང་། བདེ་བའི་གཙོ་བོ་ཕྱག་རྒྱ་བསྟན་པ་ལས་འབྱུང་བས། ཕྱག་རྒྱའི་ལམ་གནད་དུ་ཆེ་བ་བཞེད་དེ། དབང་ཡོན་ཏན་རིམ་པ་ལས། བདེ་བས་བདེ་བ་ཆེན་པོ་ཀུན། །སྲིད་པའི་སྡུག་བསྔལ་གཅོད་བྱེད་ཅིང་། །མྱ་ངན་འདས་པའི་གནས་ཐོབ་ཅེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །ཞེས་གསུངས། གྲུབ་ཆེན་ས་ར་ཧ་དང་ཏོག་རྩེ་པ་ལ་སོགས་པ་ནི། འཁོར་བའི་སྡུག་བསྔལ་གྱི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པ་ཡིན་པས། དེའི་གཉེན་པོ་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསྒོམ་པ་གནད་དུ་ཆེ་བར་བཞེད་དེ། དོ་ཧ་ལས། ཀྱེ་ལགས་གང་སྨྲས་རྫུན་ཞིང་ལོག་སྨྲ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་བས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་གསུངས། སློབ་དཔོན་བིར་ཝ་པ་ནི། འཁོར་བའི་སྡུག་བསྔལ་གྱི་རྩ་བ་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལས་བྱུང་བ་ཡིན་ལ། དེའི་གཉེན་པོ་རྣམ་བྱང་གི་རྟེན་འབྲེལ་ཡིན་ཞིང་རྟེན་འབྲེལ་གྱི་གནད་ཤེས་ན། ཉོན་མོངས་དང་རྣམ་རྟོག་ཀྱང་ལམ་དུ་འགྱུར་ལ། གནད་མ་ཤེས་ན་ལྷ་དང་སྟོང་ཉིད་བསྒོམ་པ་རྣམས་ཀྱང་བར་ཆད་དུ་འགྲོ་བའི་སྐབས་སྲིད་པས་རྟེན་འབྲེལ་ཉིད་གནད་དུ་ཆེ་བར་བཞེད་དེ། གསུང་ངག་ལས། རྟེན་ཅིང་འབྲེལ་བ་འབྱུང་བ་ལྔས་ལམ་ཡོངས་སུ་རྫོགས་པར་བསྟན་ཏོ་ཞེས་གསུངས། དེས་ན་གནད་དུ་ཆེ་བ་ལྔ་ཡང་རྟེན་འབྲེལ་གནད་དུ་ཆེ་བ་ཞེས་བྱ་བ་འདིར་འདུ་བས་ན། ལམ་འདི་གཞན་ལས་རྒྱ་ཆེ་ཞིང་སྒྲོ་སྐུར་དང་བྲལ་བ་ཡིན་པར་བཞེད་དོ། དེ་ལྟ་བུའི་རྟེན་འབྲེལ་གྱི་ཐོག་མ་དབང་ནས་སྒྲིག་དགོས་པར་བཞེད་དེ། རྗེ་ས་ཆེན་གྱིས་དབང་བཞིའི་ངོ་སྤྲོད་ལས། རྣལ་འབྱོར་དབང་ཕྱུག་བིར་ཝ་པ། །གསང་སྔགས་རྡོ་རྗེ་ཐེགས་པ་ལ། །རྟེན་འབྲེལ་གནད་དུ་ཆེ་བར་བཞེད། །རྟེན་འབྲེལ་གྱི་རྩ་བ་དབང་བསྐུར་ཡིན། །ཞེས་དང་། དེའི་རང་འགྲེལ་ལས། སྤྱིར་གསང་སྔགས་རྟེན་འབྲེལ་ལམ་དུ་བྱེད་པ་ཡིན་ལ། རྟེན་འབྲེལ་ཐམས་ཅད་དབང་གི་དུས་སུ་སྒྲིག་པ་ཡིན་པས། ཐོག་མར་བླ་མ་ཞིག་ལ་དབང་བཞི་རྫོགས་པར་ཐོབ་པར་གལ་ཆེ། དབང་དེ་ཡང་བརྡ་ཙམ་མམ། ངོ་སྤྲོད་ཙམ་མམ། བྱིན་རླབས་ཙམ་མ་ཡིན་པར། གྲུབ་པའི་བླ་མ་བརྒྱུད་པའི་བཀའ་མ་ཆད་པ། ལྷད་མ་ཞུགས་པ། ལུས་ངག་ཡིད་ཡེ་ཤེས་སྐུ་བཞིར་བྱིན་གྱི་རློབ་པའི་རྟེན་འབྲེལ་སྒྲིག་མཁྱེན་པ་ཞིག་ལ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཐོབ་དགོས་སོ་ཞེས་གསུང་ཞིང་། དེ་ལྟར་དབང་བཞི་ཚུལ་བཞིན་ཉམས་སུ་བླངས་པས་བུམ་དབང་གིས་ས་དྲུག གསང་དབང་གིས་ས་བཞི། ཤེས་རབ་ཡེ་ཤེས་ཀྱིས་ས་གཉིས། དབང་བཞི་པས་ས་ཕྱེད་ཐོབ་སྟེ་མཐར་འབྲས་བུར་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ། ཤིན་ཏུ་རྣམ་པར་དག་པ་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་སྐུ་སྟེ་ལྔ་ནི་གོ་རིམ་བཞིན་དུ་རྟེན་འབྲེལ་ལྔ་འགྲིགས་པའི་འབྲས་བུའོ། དེའང་རྟེན་འབྲེལ་འགྲིག་པའི་གཞི་ནི། རྒྱུ་རྟེན་བརྟེན་པ་གཉིས་ལས། རྟེན་ལ་ཕྱི་རོལ་གྱི་ཡུལ། ལུས་རྩ། རྩ་ཡི་གེ ཁམས་བདུད་རྩི། སྙིང་པོ་ཡེ་ཤེས་རླུང་སྟེ་ལྔ་དང་། བརྟེན་པ་སྒོ་ལྔའི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། ཉོན་ཡིད། ཀུན་གཞི་རྣམ་ཤེས། དེརྣམས་ཀྱི་ཆོས་ཉིད་དེ་ལྔ་ནི། གོ་རིམ་བཞིན་དུ་ཕྱི། ནང་། གསང་བ། དེ་ཁོ་ན་ཉིད། མཐའ་ཐུག་རྟེན་འབྲེལ་རྣམས་སོ། ལམ་ནི་སྨིན་བྱེད་དབང་ལ་འཇུག་པ་ཡན་ཆད་དང་། བུམ་དབང་སོགས་དབང་བཞི་དང་། གྲོལ་བྱེད་ལམ་གྱི་སྔོན་འགྲོ། བསྐྱེད་རིམ། རང་བྱིན་རླབས། དཀྱིལ་འཁོར་འཁོར་ལོ། རྡོ་རྗེ་རྦ་རླབས་ཏེ་ལྔ་ནི་གོ་རིམ་བཞིབ་དུ་རྟེན་འབྲེལ་ལྔ་འགྲིག་པའི་ཐབས་སོ། རྣམ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་རིན་པོ་ཆེ་གྲགས་པ་མཚན་ལ་འཕན་ཡུལ་གྲོང་པའི་རྣམ་འབྱོར་བྱང་ཆུབ་སེངྒེའི་དྲིས་ལན་དུ། བྱང་ཆུབ་སེངྒེས་ཞུས་དོན། དབང་བསྐུར་མ་ཐོབ་པར་གསང་སྔགས་སྤྱོད་པའི་བཤད་པ་ཨེ་ཡོད་ཅེས་དང་། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱིས་དབང་བསྐུར་གོ་ཨེ་ཆོད། ཁྱེད་གསང་སྔགས་ཀྱི་བདག་པོ་ཡིན་པས་གསང་སྔགས་ཀྱི་ལམ་འགྲོ་ཚུལ་ཅི་འདྲ་ཞིག་ཡིན། ནཱ་རོ་པ་དང་མར་པ་ལ་ལས་མཇལ་བར་འདོད། ལ་ལས་མ་མཇལ་བར་འདོད་པ་ལ་ཁྱེད་ལ་དེའི་རྒྱུས་མངའ་འམ་ཟེར་ནས་ཇི་ཡིན་གྱི་རྒྱུ་མཚན་ཐུག་ལ་འདོགས་པར་ཞུ། ཞེས་དྲི་བ་བཞི་བཏང་བ་ལས་དྲི་བ་དང་པོའི་ལན་དེ་སྐབས་འདིར་ཉེ་བར་འཁོ་བས་དེའི་ལན་དུ་རྗེ་བཙུན་གྲགས་རྒྱན་གྱིས་འདི་ལྟར་གསུངས་ཏེ། སྤྱིར་མ་སྨིན་པ་ལ་གསང་སྔགས་བཤད་པར་བྱ་བའི་རྒྱུད་ཀྱི་བྱེ་བྲག་རྟོག་པའི་རྒྱུད་ཅེས་བྱ་བ། འཕགས་པ་དོན་ཡོད་ཞགས་པ་ལ་སོགས་པ་འགའ་མ་གཏོགས་པ་རྒྱུད་སྡེ་བཞི་པོ་ཐམས་ཅད་ལས་རང་རང་གི་ཆོ་གས་སྨིན་པར་བྱས་པ་ལས་མ་སྨིན་པ་གཞན་ལ་བཤད་པར་བྱ་བ་གནང་བ་མ་མཐོང་སྟེ། དེ་ཡང་བྱ་བའི་རྒྱུད་ཀྱི་རྩ་བ་ལྟ་བུར་དཔུང་པ་བཟང་པོ་ལས། རིགས་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་བཤད་ཅེས་དང་། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཀུན་ཏུ་འཇུག་པར་མ་ནུས་ན་ཡང་དཀྱིར་འཁོར་གཅིག་ཙམ་དུ་འཇུག་དགོས་ཏེ། དེ་ཉིད་ལས། བསམ་པ་ཞན་ཅིང་ཉམས་ཀྱིས་མི་ལྕོགས་པས། །དཀྱིལ་འཁོར་ཐམས་ཅད་བལྟ་བར་མི་ནུས་ནའང་། །དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི། །གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན། །གནོད་སྦྱིན་ཚོགས་དང་མཚན་མོ་རྒྱུ་བ་དང་། །ས་བླའི་གདོན་དང་ཀུན་དང་ཀླུ་བདག་དང་། །ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་དང་། །བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་བལྟ། །ཞེས་བྱ་བ་གསུངས་སོ། སྤྱོད་པའི་རྒྱུད། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ཇི་ལྟར་ཡང་དག་པའི་ལྟ་བ་མེད་པ་ལ་སྡོམ་བརྩོན་མེད་པ་དང་། སྐྱབས་སུ་མ་སོང་བ་ལ་ཆོས་པར་གཏོགས་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་མེད་པ་ལྟར་མངོན་པར་དབང་བསྐུར་མ་བྱས་པ་ལ་ཡང་སྔགས་པའི་ཐ་སྙད་མེད་པར་རིགས་པར་བྱའོ། ཞེས་དང་། དེའི་རྒྱུད་ཕྱི་མ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཀྱང་། ཁྱོད་ཀྱིས་དབང་མ་བསྐུར་བ་རྣམས་ལ་མིང་ཙམ་ཡང་བསྟན་པར་མི་བྱའོ་ཞེས་བཤད་དོ་ཞེས་དང་། རྣལ་འབྱོར་རྒྱུད་ཀྱི་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས་ཀྱང་། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་འབྱུང་ངོ་། དེ་དག་ཐམས་ཅད་པས་ཀྱང་རྣལ་འབྱོར་ཆེན་པོའི་རྒྱུད་འདི་ནི་ཤིན་ཏུ་གསང་ཞིང་སྦ་བར་བྱ་སྟེ། དབང་གི་སྔོན་དུ་ཡང་དམ་ལ་བཞག་པ་བཞི་ལ་སོགས་པ་རྒྱས་པར་གསུངས་ལ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང་། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེ་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་གསུངས་ཏེ། དངོས་གྲུབ་ཐོབ་ཀྱང་ཞེས་བྱ་བ་ནི། ཐུན་མོང་གི་དངོས་གྲུབ་ནམ་མཁའ་ལ་འགྲོ་བའི་བར་ཐོབ་ཀྱང་ངན་འགྲོར་འགྲེོ་སྟེ། དབང་མ་ཐོབ་པར་ལམ་ཟབ་མོ་ཉམས་དུ་བླངས་པའི་ཕྱིར་རོ། ངེས་བརྗོད་བླ་མ་ལས་ཀྱང་། གང་ཞིག་དབང་བསྐུར་མེད་པ་ལ། །གཞན་དུ་དེ་ཉིད་མ་བསྟན་ཅིག ཅེས་གསང་སྔགས་ཀྱི་ལམ་ལ་འཇུག་པར་རྒྱུད་སྡེ་བཞི་ཀར་དབང་བསྐུར་སྔོན་དུ་འགྲོ་དགོས་པ་དང་། ཁྱད་པར་དུ་བླ་མེད་ཀྱི་ཟབ་ལམ་ལ་འཇུག་པར་ངེས་པར་དབང་བསྐུར་སྔོན་དུ་འགྲོ་དགོས་པ་རྒྱལ་བས་ཡང་ཡང་གསུངས་ཤིང་། ཆོས་རྗེ་འཇམ་དཔལ་དབྱངས་ས་སྐྱ་པཎྡི་ཏས་སྡོམ་གསུམ་རབ་དབྱེ་ལས། གྲུབ་མཐའི་རྣམ་དབྱེ་མི་ཕྱེད་ཅིང་། །རྒྱུད་སྡེའི་རིམ་པ་མི་ཤེས་པར། །རྣམ་བཞག་ལེགས་ལེགས་འདྲ་ན་ཡང་། །ལྷམ་དཔེ་ཞྭ་ལ་བཀལ་བ་ཡིན། །དེས་ན་རྒྱུད་སྡེ་བཞི་པོ་ཡི། །དབང་དང་ལམ་གྱི་དབྱེ་བ་ལ། །མི་འདྲའི་དབྱེ་བ་རྣམ་བཞི་ཡོད། །རང་རང་ཆོ་ག་བཞིན་བྱེད་ན། །དེ་ནས་གསུངས་པའི་དངོས་གྲུབ་འབྱུང་། །ལ་ལ་དབང་བསྐུར་མ་བྱས་ཀྱང་། །གལ་ཏེ་སྔགས་ལ་མོས་ཐོབ་ན། །དེ་ཉིད་ཆོས་ཀྱི་སྒོ་ཡིན་པས། །གསང་སྔགས་བསྒོམ་དུ་རུང་ཞེས་ཟེར། །འོ་ན་སྡོམ་པ་མ་ཐོབ་ཀྱང་། །རབ་ཏུ་བྱུང་ལ་མོས་པ་ཉིད། །སྡོམ་པ་ལེན་པའི་སྒོ་ཡིན་པས། །སྡོམ་པ་སྲུང་བས་ཆོག་གམ་ཅི། །སེམས་བསྐྱེད་སྡོམ་པ་མ་ཐོབ་ཀྱང་། །སེམས་བསྐྱེད་པ་ལ་མོས་པ་ཉིད། །བྱང་ཆུབ་སྤྱོད་པའི་སྒོ་ཡིན་པས། །སེམས་བསྐྱེད་བླངས་ཡང་ཅི་ཞིག་དགོས། །དེ་བཞིན་སོ་ནམ་མ་བྱས་ཀྱང་། །ལོ་ཐོག་ལ་ནི་མོས་པ་ཉིད། །བཟའ་རྒྱུ་ཟ་བའི་སྒོ་ཡིན་པས། །སོ་ནམ་ལ་ཡང་འབད་ཅི་དགོས། །འདི་འདྲའི་རིགས་ཀྱི་ཆོས་ལུགས་ཀུན། །དེ་འདྲའི་རིགས་ཀྱིས་སུན་ཕྱུང་ངོ་། །ཞེས་དང་། དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་བསྒྲིག་པའི་གདམས་ངག་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །དེས་ན་གང་ཟག་དབང་པོ་རབ། །དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས། །དབང་གིས་གྲོལ་བར་མ་ནུས་པའི། །གང་ཟག་གཞན་ལ་བསྒོམ་དགོས་སོ། །དེས་ན་དབང་བསྐུར་ཐོབ་པ་དེ། །བསྲུང་ཞིང་འཕེལ་བར་བྱེད་པ་ལ། །བསྒོམ་པ་ཞེས་སུ་བཏགས་པ་ཡིན། །དེ་ཕྱིར་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་མེད་པའི་ཆོས་གཞན་མེད། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། །དེས་ན་ཐུབ་པས་རྒྱུད་སྡེ་ལས། །དབང་བསྐུར་ཁོ་ན་བསྔགས་པ་དང་། །མཁས་རྣམས་ཅི་ནས་དབང་བསྐུར་ལ། །གུས་པའི་རྒྱུ་མཚན་དེ་ལྟར་ཡིན། །ཞེས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་དབང་བསྐུར་ལས་གཞན་པའི་ཐབས་མེད་པར་གསལ་བར་གསུངས་ཤིང་། དབང་བསྐུར་གྱི་དོན་ནི་དབང་ཆོག་དང་དབང་རྫས་ཙམ་ལ་རྟེན་དགོས་པའི་དོན་མིན་པར་དབང་བཞི་པོ་རེ་རེ་ལའང་མཉམ་བཞག་དང་། རྗེས་སྤྱོད། བཟའ་བ། བསྲུང་བ། མི་འབྲལ་བའི་དམ་ཚིག་སྟེ་ལྔ་ལྔ་གསུངས་ཤིང་། དཔེར་ན་བུང་དབང་གི་མཉམ་མཞག་དམ་ཚིག་བསྐྱེད་རིམ། གསང་དབང་གི་མཉམ་བཞག་རྩ་རླུང་། ཤེས་རབ་ཡེ་ཤེས་ཀྱི་མཉམ་བཞག་དཀྱིལ་འཁོར་འཁོར་ལོ། དབང་བཞི་པའི་མཉམ་བཞག་རྡོ་རྗེའི་རྦ་རླབས་ལྟ་བུར་སོར་སོར་ཡོད་ཅིང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་གཞུང་ཤིང་རྒྱས་པ་གཞུང་ཇི་ལྟ་བཞིན་བཀྲི་བའི་ལམ་གྱི་དངོས་གཞིའི་ཁྲིད་ཡིག་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་ལས། རྡོ་རྗེ་ཐེག་པའི་ལུགས་ཀྱི་བརྟེན་པ་སེམས་ལ་རྟོགས་པ་འཆར་བ་རྟེན་ལུས་ལ་གནད་དུ་བསྣུན་པར་རག་ལས་པར་གསུངས་པའི་ཕྱིར་རོ། དེས་ན་སྐབས་འདིར་བསྟན་གྱི་ལུས་ནི་རྟེན་དཀྱིལ་འཁོར་བཞི་ཆར་ལ་གོ་དགོས་སོ། གང་དུ་དབང་བསྐུར་བ་གདན་སོགས་སོགས་ཏེ། བུམ་དབང་གི་དེ་ཁོ་ན་ཉིད་ལྷ་གདན་གསུམ་ཚང་བ། གསང་དབང་གི་དེ་ཁོ་ན་ཉིད་ཡི་གེ་ལ། ཤེས་རབ་ཡེ་ཤེས་ལྷའི་དེ་ཁོ་ན་ཉིད་བྱང་སེམས་ལ། དབང་བཞི་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རླུང་ལ་གདན་གསུམ་ཚང་བ་སྟེ། དེ་ཡང་སྐུར་བྱེད། བསྐུར་བྱ། སྐུར་རྫས་གསུམ་ཆར་ལ་གདན་གསུམ་ཚང་བ་ཤེས་ཤིང་བསྒོམ་པ་དང་ལྡན་པའི་སྒོ་ནས་སོ། གང་དུ་བསྐུར་རྒྱུའི་དབང་སྟེ། བྱིན་རླབས་ཕྲ་མོ་ཙམ་ལ་དབང་དུ་མིང་བཏགས་པ་ཙམ་མམ། རང་གིས་བདག་འཇུག་ལེན་པ་ཙམ་མམ། རྗེས་གནང་ཙམ་མ་ཡིན་པར། རྒྱུད་སྡེ་ནས་བཤད་པའི་དབང་གི་ཆོ་ག་ཚང་ལ་མ་ནོར་བ་ཞིག་གིས་བསྐུར་རོ། མདོར་ན་ལམ་བཞི་བསྒོམ། ལྟ་བ་བཞི་རྟོགས། གྲུབ་མཐའ་བཞི་སྙོགས། འབྲས་བུ་བཞི་ཐོབ་པ་ལ་དབང་བར་བྱས་པས་ན་དབང་སྟེ། ཞེས་གསུངས། ཡང་འགའ་ཞིག་གིས་དབང་དང་ལམ་འགལ་བ་ལྟར་སྣང་ཡང་མི་འགལ་ཏེ། རྗེ་བཙུན་རིན་པོ་གྲགས་པ་རྒྱལ་མཚན་གྱིས། རྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་འགྲེལ་དག་ལྡན་ལས། དགའ་བཞི་བཤད་པའི་སྐབས་སུ་དབང་དང་ལམ་འགལ་བར་སྙམ་པའི་དོགས་པ་ཞིག་བསླངས་ཏེ། དེའི་ལན་དུ། དབང་གི་དུས་ཉིད་དུའང་ལམ་དུ་མི་འགྱུར་བར་དེའང་མི་རིགས་ལ། དབང་དང་ལམ་འགལ་བ་ཡང་མི་རིགས་ཤིང་། ཞེས་གསུངས། འཇིག་རྟེན་ཕལ་པ་དག་ནི་ད་རིང་ང་བླ་མ་སུ་ཞིག་གི་སྐུ་མདུན་དུ་དབང་ཞུ་བར་སོང་ཡང་ཚོགས་ཆང་ཁ་ལ་རག་མ་སོང་། རྡོ་དྲིལ་མགོ་ལ་བཞག་མ་སོང་བས་ང་ལ་དབང་ཐོབ་མ་སོང་ཟེར་ཞིང་། དེ་ལྟར་བྱུང་ན་དབང་ཐོབ་ཤག་ཤག་དང་། བླ་མས་ཀྱང་དབང་བཞིའི་ངོ་སྤྲོད་ཙམ་དང་། དབང་བཞིའི་ཉམ་ལེན་ཅུང་ཟད་ཙམ་ཡང་རྒྱུད་ལ་མེད་བཞིན་དུ་དབང་སྐུར་ཅི་ཐུབ་དང་དེའི་རྗེས་སུ་འཇིག་རྟེན་ཇི་སྙེད་ཅིག་ཇ་ཚོམ་དུ་འཇུག་པ་ནི་གསང་སྔགས་ཉམ་པའི་རྟགས་མཚན་མངོན་དུ་གྱུར་པ་ཡིན་པས་གཟབ་འཚལ། ངས་འདི་ལྟར་འབྲི་དོན་ནི་སྤྱི་དབང་དུ་གྲགས་ཚད་དང་། རྒྱུད་སྡེ་འོག་མ་གསུམ་གྱི་དབང་ཙམ་གྱི་དོན་བཤད་པ་མིན་པར་གསང་སྔགས་རྡོ་རྗེ་ཐེག་པའི་བླ་མེད་ཀྱི་དབང་བཞིའི་གལ་གནད་ངོ་འཕྲོད་པར་བྱ་བའི་ཕྱིར་ཡིན། དེ་ལྟར་ཤེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་དབང་བསྐུར་ལ་མ་རྟེན་པར་ལམ་གཞན་མེད་པར་མཁྱེན་ཡོང་། དེ་ཤེས་པས་ཐ་མལ་གྱི་ལུས་འདི་མ་སྤངས་པར་ཚེ་གཅིག་ལ་འཚང་རྒྱ་ཐུབ་པའི་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་ཤེས་པར་འགྱུར་རོ། དེའང་མཚན་ཉིད་ལྡན་པའི་བླ་མ་ལས་ཐོབ་དགོས་པ་བཤད་པ་ནི་ཆོས་དང་འཇིག་རྟེན་གྱི་ཤེས་བྱ་གང་ཡང་ཐོག་མར་བསླབ་མཁན་གྱི་དགེ་རྒན་མེད་པར་ཤེས་པར་དཀའ་ཞིང་། ལྷག་དུག་སྨན་དུ་བསྒྱུར་བའི་སྨན་སྦྱོར་དང་། སྲོག་གི་ཉེན་ལ་ཐུག་པའི་བཤའ་བཅོས་ལྟ་བུ་ནི་ཉམས་མྱོང་དང་སྦྱངས་བ་གཉིས་ཀ་ལྡན་པའི་དགེན་ལ་མ་རྟེན་པར་ལག་ཏུ་ལེན་རྒྱུ་ཤིན་ཏུ་ཉེས་ཆེ་ཞིང་། དེ་བས་ཉེན་ཆེ་བ་དང་ལག་ལེན་དཀའ་བའི་མདོ་ཡི་སྐབས་སུ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་རྣམས་སྤང་བྱ་བཤད་པ་དེ་དག་སྔགས་ཀྱི་སྐབས་སུ་སྤོང་མི་དགོས་པར་གྲོགས་ཀྱི་ཚུལ་དུ་རྟེན་ཏེ་སྐྱོན་ཡོན་ཏན་དུ་ལེན་པའི་གདམས་ངག བར་ཆད་དངོས་གྲུབ་ཏུ་ལེན་པའི་གདམས་ངག་ལྟ་བུའི་ལམ་ཟབ་མོ་དག་ཉམས་སུ་ལེན་པར་དེ་སྟོན་ཤེས་མཁན་གྱི་ལམ་སྟོན་མཁན་ཞིག་མེད་པར་ལམ་ལ་འཇུག་པར་མི་ནུས་པས་བླ་མའི་མན་ངག་ལ་རྟེན་དགོས་པར་བཤད་པ་ཡིན། གལ་ཏེ་སྨིན་བྱེད་ཀྱི་དབང་ལ་རྟེན་མི་དགོས་པར་རང་ཉིད་སྨིན་ཟིན་པའང་སྨིན་པའི་ལམ་གཞན་ཞིག་ཡོད་ན་བླ་མ་ལས་དབང་ལུང་མན་ངག་ཞུ་དགོས་དོན་ཅིའང་མེད། གལ་ཏེ་ད་དུང་བླ་ལ་ངེས་པར་རྟེན་དགོས་ཟེར་ན་བླ་མ་རང་ཉིད་ཀྱི་ལྟོ་ཕོ་བ་དང་མིང་སྐམ་པོ་ཙམ་ལ་རེ་སྟེ་སངས་རྒྱས་ཀྱི་བསྟན་པ་སྒེར་དཔྱོད་བདག་དབང་བྱས་པ་ཙམ་ལས་གཞན་ཅི་ཡང་མ་ཡིན་པར་ཐག་ཆོད་པས་དུས་དེ་ནས་བཟུང་སྟེ་བླ་མ་འདོར་བར་བྱའོ། འོན་ཏེ་གསང་སྔགས་ལ་འཇུག་པའི་ལམ་ནི་དབང་འདི་ཉིད་ཁོ་ནར་ཐུག་འདུག་པས་དབང་གི་གོ་དོན་དང་གལ་གནད་ལ་ཏིང་ཚུག་པར་བསླབས་ཏེ་གཟབ་པར་བྱའོ།
༼བརྗོད་གཞི་ལྔ་པ་འཁོར་འདས་དབྱེར་མེད་དང་གསལ་སྟོང་འཛིན་མེད་ཀྱི་དོན།༽
ས་ལུགས་ལ་སྔགས་ཀྱི་ལྟ་བའི་ཆོས་སྐད་དུ་འཁོར་འདས་འབྱེར་མེད་དམ་གསལ་སྟོང་འཛིན་མེད་ཅེས་ཞུ། སྔགས་ལུགས་ཀྱི་ལྟ་བ་དེ་སྤྱིར་ངོ་བོའི་ཆ་ནས་ཕ་རོལ་དུ་ཕྱིན་པའི་སྐབས་ནས་བཞད་པའི་དོན་དམ་སྤྲོས་བྲལ་ལས་མ་འདས་ཀྱང་ཐབས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་དུ་མ་ཞིག་བཤད་ཅིང་། དེའང་འཁོར་འདས་དབྱེར་མེད་ཅེས་པའི་དོན་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་པ་རྣམ་སྨྲ། དེ་ཉིད་གཟིགས་རྣམས་འཁོར་བ་དང་། །མྱ་ངན་འདས་པ་གཉིས་མི་བཞེད། །ཅེས་དང་། བྲམ་ཟེ་ཆེན་པོ་ས་ར་ཧས། འཁོར་བ་གང་དེ་མྱ་ངན་འདས་པར་ངེས། །དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་གི་དབྱེ་བ་རྣམ་པར་ངེས། །ཞེས་དང་། གཉིས་མེད་སྟོང་ཉིད་གཅིག་པུ་ཡིན། ཅེས་འཁོར་འདས་དབྱེར་མེད་ཀྱི་དོན་ལེགས་པར་གསུངས། གསལ་སྟོང་འཛིམ་མེད་ཀྱི་དོན་ཡང་། ངོར་ཆེན་ཀུན་མཆོག་ལྷུན་གྲུབ་ཀྱིས་རྒྱུད་གསུམ་མཛེས་རྒྱན་ལས། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྐབས་སུ། །མཚན་ཉིད་གསལ་བ་འཁོར་བ། རང་བཞིན་སྟོང་པ་མྱང་འདས། །ངོ་བོ་ཟུང་འཇུག་དབྱེར་མེད། ཉམས་སུ་བླང་བའི་གནད་གསུམ་གྱི་སྐབས་སུ། །ཆོས་ཅན་གསལ་བ་འཁོར་བ། ཆོས་ཉིད་སྟོང་པ་མྱང་འདས། ངོ་བོ་ཟུང་འཇུག་དབྱེར་མེད། རྒྱུད་གསུམ་གྱི་རྒྱུ་རྒྱུད་སྐབས་སུ། གསལ་བ་སེམས་ཀྱི་མཚན་ཉིད་འཁོར་བ། སྟོང་པ་སེམས་ཀྱི་རང་བཞིན་མྱང་འདས། བཅོས་མིན་སེམས་ཀྱི་ངོ་བོ་དབྱེར་མེད། ཐབས་རྒྱུད་ཀྱི་སྐབས་སུ། སྦྱང་གཞི་འཁོར་བ། སྦྱོང་བྱེད་མྱང་འདས། སྦྱང་གཞི་དེ་སྦྱོང་བྱེད་དེའི་ངོ་བོར་དག་པ་དབྱེར་མེད། འབྲས་རྒྱུད་ཀྱི་སྐབས་སུ། ལྷུན་གྲུབ་འཁོར་བ། གནས་གྱུར་མྱང་འདས། མི་འགལ་བར་དབྱེར་མེད། ཅེས་ཆོས་ཅན་དང་ཆོས་ཉིད་དང་། རྒྱུད་གསུམ་གྱི་སྒོ་ནས་གསལ་སྟོང་ཟུང་འཇུག་གི་དོན་གཏན་ལ་དབབས་ཚུལ་གསལ་བར་གསུངས། ཡང་དེ་ཉིད་དུ། སེམས་ཀྱི་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་གསུམ་གདོད་མ་ནས་དབྱེར་མི་ཕྱེད་པ། རྒྱུད་གཅིག ངོ་བོ་གཅིག རོ་གཅིག སོ་སོ་མ་ཡིན་ཐ་མི་དད་པ་དེ་ཉིད་ལ་འཁོར་འདས་ཀུན་གྱི་རྩ་བ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། དེ་ལྟར་ཡང་རྩ་རྒྱུད་ལས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པ་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་དང་། ཡང་ལམ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྐབས་སུ་རྣལ་འབྱོར་དབང་ཕྱུག་གིས། འདི་ཉིད་གསལ་ཞིང་སྟོང་པ་ཉིད། །རིག་པ་དེ་ཉིད་མ་འགག་པ། །རང་རིག་ཡེ་ཤེས་སྐད་ཅིག་མ། །འདི་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཏེ། །འདི་ནི་མཆོག་ཏུ་བདེ་བ་ཉིད། །འདི་ལས་མཚོན་ཏེ་ཤེས་པར་བྱ། །འདིའི་རང་བཞིན་སྐུ་གསུམ་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཞེས་གསུངས་ཏེ། ཁ་ནང་བལྟས་ཀྱི་སེམས་རང་རིག་ཅིང་གསལ་ཙམ་མ་འགགས་པ་པར་མྱོང་བ་དེ་ཉིད་ལ་གསལ་བ་སེམས་ཀྱི་མཚན་ཉིད་ཅེས་བྱ། གསལ་ཙམ་དེ་ཉིད་རང་གི་ངོ་བོའི་སྒོ་ནས་ཐོག་མར་སྐྱེ་བ་མེད། །བར་དུ་གནས་པ་མེད། མཐར་འགག་པ་མེད། ཁ་དོག་དང་དབྱིབས་སུ་མ་གྲུབ། ལུས་ཕྱི་ནང་བར་གསུམ་གང་དུ་ཡང་མི་གནས། གང་དུ་བཙལ་ཡང་མི་བརྙེད། ཅི་ལྟར་བརྟགས་ཀྱང་མ་གྲུབ་པ་དེ་ཉིད་ལ་སྟོང་པ་སེམས་ཀྱི་མཚན་ཉིད་ཅེས་བྱ་ཞིང་། དེ་ལྟར་རང་བཞིན་ཅིར་ཡང་མ་གྲུབ་པའི་དུས་ཉིད་ན་རང་སྣང་གི་རྩལ་སྣ་ཚོགས་འགག་མེད་དུ་འཆར་བས་གདོད་མ་ནས་མེད་མ་མྱོང་། རང་སྣང་གི་རྩལ་སྣ་ཚོགས་འགག་མེད་དུ་འཆར་བའི་དུས་ཉིད་ན་རང་བཞིན་ཅི་ཡང་མ་གྲུབ་པས་གདོད་མ་ནས་ཡོད་མ་མྱོང་། གདོད་མ་ནས་ཡོད་མ་མྱོང་བའི་རང་བཞིན་སྟོང་པ། གདོད་མ་ནས་མེད་མ་མྱོང་བའི་མཚན་ཉིད་གསལ་བ་གཉིས་གདོད་མ་ནས་བྲལ་མ་མྱོང་བའི་རང་སྣང་དུ་གསལ་ལེ་བ། རང་སྟོང་དུ་སང་ངེ་བ། རང་རིག་ཏུ་རྗེན་ནེ་བ་དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཙམ་ལས་དོན་དམ་གཤིས་ལུགས་ལ་ངོ་བོ་ངོས་བཟུང་མེད། བློས་གཟུང་དུ་མེད། ཚིག་བརྗོད་དུ་མེད། ཐ་སྙད་ཀུན་རྫོན་ཏུ་འཇིག་རྟེན་གྱི་རྨོ་པ་གསལ་བའི་ཕྱིར་གཉིས་མེད་ཅེས་བྱ། ཟུང་འཇུག་ཅེས་བྱ། བརྗོད་བྲལ་ཅེས་བྱ། བཅོས་མིན་སེམས་ཀྱི་ངོ་བོ་ཅེས་བྱའོ། དེ་ལྟ་བུའི་གནས་ལུགས་དེ་འཁོར་འདས་ཐམས་ཅད་ལ་ཁྱབ་ནས་ཡོད་ཀྱང་། རང་ངོ་རང་གིས་མ་ཤེས་པ་རྣམས་ལ་འཁོར་བ་ཞེས་བྱ། ཤེས་པ་རྣམས་ལ་མྱང་འདས་ཞེས་བྱ། འཁོར་འདས་ཞེས་པ་རྟོགས་མ་རྟོགས་ཀྱི་ངོས་ནས་སོ་སོར་བཞག་པ་ཙམ་ཡིན། གནས་ལུགས་རང་ངོས་ནས་འཁོར་བ་ཞེས་ངན་པ་ཞིག་ལོགས་སུ་སྤང་རྒྱུ་མེད། མྱང་འདས་བཟང་པོ་ཞིག་ལོགས་སུ་བསྒྲུབ་རྒྱུ་མེད། དེ་ལེགས་པར་རྟོགས་ན་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྟོགས་པ་ཞེས་བྱ་བ་ཡིན་ནོ། དེ་ཡང་སློབ་དཔོན་ཨཱརྱ་དེ་བས། འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་པ་ཡི་སེམས། །འཁོར་མེད་མྱ་ངན་འདས་མེད་ཅེས། །དེ་ཉིད་མཐོང་བ་རྣམས་ཀྱི་སེམས། ཞེས་དང་། རྗེ་བཙུན་རིན་པོ་ཆེའི་མགུར་ལས། འཁོར་བ་བཙལ་བས་མ་བརྙེད་པ། །དེ་མྱ་ངན་འདས་པའི་རང་བཞིན་ཡིན། །འཁོར་འདས་མེད་པ་གོ་བ་དེ། །འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཡིན། །དབྱེར་མེད་ཀྱི་ངང་ལ་བདེ་མོ་འདུག །འདི་ལྟར་ཤེས་པའི་རྣལ་འབྱོར་པ། །བསྒྲུབ་རྒྱུ་མེད་ཀྱང་སྒྲུབ་ལ་བརྩོན། །བསྒོམ་རྒྱུ་མེད་ཀྱང་སྒོམ་ལ་བརྩོན། །བསྲུང་རྒྱུ་མེད་ཀྱང་དམ་ཚིག་སྲུང་། །དེ་ལྟར་ཤེས་ན་བདེ་སྟེ་མཆི། །བསྒྲུབ་རྒྱུ་མེད་པའི་སངས་རྒྱས་དེ། །རང་གི་སེམས་ལ་ཡོད་པ་ཡིན། །བསྒྲུབ་མེད་སངས་རྒྱས་གྲུབ་སྟེ་མཆི། །ཞེས་དང་། རྩ་རྒྱུད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་བརྙེད་པ་མེད། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་གསུངས། སེམས་ཅན་གྱི་དུས་ནས་སངས་རྒྱས་རང་ཆས་སུ་ཡོད་ཅེས་མདོ་རྒྱུད་ཀྱི་ལུང་དུ་མ་ཞིག་ཡོད། དེ་ལ་འགའ་ཞིག་གིས་དྲང་དོན་ཡིན་ཟེར། གཞན་འགའ་ཞིག་གིས་ངེས་དོན་ཡིན་ཟེར། གཉིས་ཀར་དྲང་ངེས་འགྲེལ་ལུགས་རེ་ཡོད་ཅིང་། སྔ་མས་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་གསུངས་པ་དེ་ངེས་དོན་དང་། ཕྱི་མས་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་གསུངས་པ་དེ་དྲང་དོན་དུ་འགྲེལ་ལུགས་མི་འདྲ་ཙམ་ལས་སོ་སོ་སྐྱེ་བོ་རྣམས་སངས་རྒྱས་ཡིན་ཅེས་སུས་ཀྱང་མི་ཟེར། དེ་ལྟར་ན་ཡང་སྔ་མས་ངེས་དོན་ཡིན་ལུགས་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་ཞེས་པའི་སངས་རྒྱས་ཀྱི་གོ་བ་དེ་ཕྱི་མ་དག་གིས་ལོན་མི་འདུག་སྙམས། གང་ལགས་ཤེ་ན་སྔ་མ་དག་གིས་འདི་ལྟར་འདོད་དེ། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོ་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ཀྱི་རྣམས་གྲངས་སོ། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །ཅེས་པའི་དོན་དང་མཐུན་པར་ཆོས་དབྱིངས་དེ་བཞིན་ཉིད་ལ་སངས་རྒྱས་ཞེས་མིང་གི་རྣམས་གྲངས་སུ་འདོད་བཞིན་འདུག་པས་ཆོས་དབྱོངས་ནི་སོ་སྐྱེས་གང་ཞིག་གི་འཐོབ་བྱའི་འབྲས་བུ་ཡིན་མིན་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དང་མ་གསུངས་ལ་མ་ལྟོས་པར་དབྱིངས་ཀྱི་སངས་རྒྱས་དེ་ཡེ་ནས་ཡོད་ཡོད་པ་ཡིན་པས་དེའི་དོན་མཁྱེན་པར་གལ། ཕྱི་མ་དག་གིས་ནི་སོ་སྐྱེ་དང་སངས་རྒྱས་གཉིས་རྒྱུ་འབྲས་སུ་བཞག་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་ཅེས་པའི་མདོ་ལུང་དག་ནི་འབྲས་མིང་རྒྱུ་རུ་བཏགས་པར་འདོད་དོ། དེས་ན་སོ་སོའི་ཐུན་མིན་བཤད་པ་མ་འཆོལ་བ་དང་གཞན་གྱི་ལེགས་བཤད་ལེན་ཤེས་ན་བསྟན་པ་སྤྱིའི་གོ་བ་འཆར་སྟེ་རིས་མེད་ཀྱི་བསྟན་པ་རིན་པོ་ཆེར་དག་སྣང་ཕྱོགས་མེད་དུ་རྒྱས་ངེས་ཀྱང་ངེས། དེ་ནི་འཕྲོས་དོན་ཙམ་མོ། སྨོན་པ་བཟང་པོས་མཚམས་སྦྱར་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་དུ་རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཐེངས་དང་པོའི་དངོས་གཞིའི་གཏམ་བཤད་ཆེད་དུ་བྲིས་ཟིན་པ་ཞིག་ལ་ཁ་སྣོན་གཅོག་ཕྲི་ཅུང་ཟད་བཏང་སྟེ་བོད་རྒྱལ་ལོ་༢༡༤༥ རབ་གནས་ས་ཁྱི། ཕྱི་ལོ་༢༠༡༨ ཟླ་༠༦ ཚེས་༡༦ ཉིན་ཁྲིཿའགྱུར་མེད་རྡོ་རྗེ་འབོད་པས་རེ་ཞིག་འཇུག་གྲུབ་པར་བགྱིས། །དགེའོ། དགེའོ། དགེའོ།། །།
གསལ་བཤད། གོང་བཀོད་ཀྱི་རྩོམ་ཤོག་བཟོ་བཅོས་འཕྲི་སྣོན་གང་གིས་ཀྱང་མ་ལྷད་ནས་མ་ཕྱི་རང་སོར་བཞག་ཡོད།