རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་རྡོ་རིང་ཡི་གེར་དཔྱད་པ།

རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་རྡོ་རིང་ཡི་གེར་དཔྱད་པ།

རྩོམ་པ་པོ། ལྕགས་མོ་མཚོ།

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིར་གཙོ་བོ་རོང་ཆེན་བཞིའི་ཡ་གྱལ་ཏེ་སྦས་པའི་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི་གཡུང་དྲུང་ལྷ་སྟེང་དགོན་པའི་རྡོ་རིང་ཡི་གེར་དཔྱད་པ་བཏང་ཡོད་ཅིང་། རྡོ་རིང་འདིའི་ངོས་གཅིག་ཏུ་ཆན་ལུང་ཁྲི་ལོ་སོ་གཅིག(1766)དང་སོ་གཉིས(1767)དུས་སྐབས་སུ་ཆུ་ཆེན་རབ་བརྟན་རྒྱལ་པོས་བོན་གྱི་འདུས་སྡེ་ཆེན་མོ་གཡུང་དྲུང་ལྷ་སྟེང་དགོན་རྒྱ་བསྐྱེད་བཞེངས་གྲུབ་ཀྱི་ལོ་རྒྱུས་དང་མཛད་པ་བཀོད་ཡོད་པ་དང་། ངོས་གཞན་དེར་རྒྱ་བོད་ཡིག་རིགས་གཉིས་ཀས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་དགེ་ལུགས་པའི་དགོན་སྡེར་བསྒྱུར་ཟིན་པའི་བསྟན་འཕེལ་གླིང་དུ་ཆིང་སྲིད་གཞུང་གིས་རྒྱལ་རོང་ས་ཆའི་དགོན་སྡེར་དོ་དམ་བྱེད་མཁན་གྱི་མཁན་པོ་བཏང་བ་ལས་མཁན་རབས་གསུམ་པ་བློ་བཟང་འཇམ་དབྱངས་ཀྱིས་གོང་མ་ཆན་ལུང་གི་བཀའ་བཞིན་བསྒྲུབས་པའི་མི་ཚེའི་མཛད་པ་དང་སྐུ་གཤེགས་ཚུལ་སོགས་བཀོད་ཡོད་པས། རྩོམ་འདིར་གཡུང་དྲུང་ལྷ་སྟེང་དང་བསྟན་འཕེལ་གླིང་ཞེས་བན་བོན་གྱི་དགོན་པའི་འཕོ་འགྱུར་དང་འབྲེལ་ནས་དགོན་པའི་མདུན་གྱི་རྡོ་རིང་གི་ངོས་གཉིས་སུའང་དེར་བསྟུན་གྱི་ལོ་རྒྱུས་བཀོད་པའི་ཡི་གེའི་ནང་དོན་ལ་དཔྱད་པ་བཏང་ཡོད་དོ། །

གཙོ་གནད་ཚིག གཡུང་དྲུང་ལྷ་སྟེང་། ལྷོ་ངོས་ཀྱི་ཡི་གེ བྱང་ངོས་ཀྱི་ཡི་གེ བློ་བཟང་འཇམ་དབྱངས།

དང་པོ། གཡུང་དྲུང་ལྷ་སྟེང་དགོན་པའི་ལོ་རྒྱུས་མདོར་བསྡུས།

གཡུང་དྲུང་ལྷ་སྟེང་དགོན་འདི་ནི། སྦས་པའི་ཡུལ་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་ཆུ་ཆེན་རྫོང་ཨན་ཉིང་ཞང(安宁乡)མོ་འབྲུ1གྲོང་ཚོའི(末末扎村)རྒྱལ་མོ་རྔུལ་ཆུའི་བཞུར་འགྲམ་དུ་གནས་ཤིང་། ཆུ་ཆེན་རྫོང་དང་བར་ཐག་སྤྱི་ལེ་སུམ་ཅུ་ལྷག་ཙམ་ཡོད། དགོན་པའི་ཆགས་དབྱིབས་ཀྱི་ཐད་ནས། ངག་རྒྱུན་ལྟར་ན་གནམ་ཟླ་གམ་དང་། ས་ཟླ་གམ། ཆུ་ཟླ་གམ། རི་ཟླ་གམ་གྱི་དབྱིབས་སུ་མངོན་ཞེས་དགོན་པ་ཆགས་སའི་ས་ཆུ་རི་དང་ནམ་མཁའི་དབྱིབས་ནི་ཟླ་གམ་གྱི་དབྱིབས་དང་འདྲ་བར་མ་ཟད། དེ་ནི་རྒྱལ་རོང་ཕུ་མདའ་བར་གསུམ་ལས་ཕུའི་ཁོངས་སུ་གཏོགས་ཤིང་། བཙན་ལྷ་དང་ཆུ་ཆེན་རྫོང་གཉིས་ཀྱི་བར་མཚམས་སུ་གནས་ཡོད།

ལོ་རྒྱུས་སྟེང་གི་གཡུང་དྲུང་ལྷ་སྟེང་དགོན་ནི་རྒྱལ་རོང་ས་ཁུལ་གྱི་བོན་དགོན་ཁག་གི་ལྟེ་བ་བྱས་ཏེ་དུས་རབས་བཅོ་བརྒྱད་པའི་བར་དུ་གནས་ཏེ་ནུས་པ་མི་དམན་པ་ཞིག་བཏོན་ཡོད་ཅིང་། དུས་རབས་བཅོ་བརྒྱད་པའི་སྔོན་གྱི་གཡུང་དྲུང་ལྷ་སྟེང་དགོན་དང་དུས་རབས་བཅོ་བརྒྱད་པའི་རྗེས་ཀྱི་བསྟན་འཕེལ་གླིང་སོགས་གང་ཡིན་རུང་། དགོན་པ་དེས་རྒྱལ་ཁབ་སྲིད་གཞུང་དང་ས་གནས་བར་གྱི་ཆབ་སྲིད་དང་ལོ་རྒྱུས་ཀྱི་འབྲེལ་བའི་ཁྲོད་གོ་གནས་ཆེན་པོ་ཟིན་ཡོད་པར་མ་ཟད། ལྷག་པར་དུ་བསྟན་འཕེལ་གླིང་དུ་བསྒྱུར་རྗེས་སུ་ཆིང་གོང་མའི་དགོན་སྡེ་ཁག་བཞིའི་ཡ་གྱལ་དུ་གྱུར་ཏེ་རྒྱལ་རོང་ས་ཁུལ་གྱི་དགོན་སྡེ་ཡོངས་ལ་དོ་དམ་དང་བདག་པོ་བྱས་མྱོང་།

དེ་ཡང་ལི་ཝེར་གནམ་གྱི་རྒྱལ་པོས་བསྟན་འགྲོའི་ཆེད་དུ་ཞང་ཞུང་ཡུལ་ནས་རྒྱལ་རོང་དུ་ཕེབས་ཏེ་བོན་བསྟན་སྤེལ་བ་ནས་བཟུང་རྒྱལ་རོང་ས་ཆའི་བོན་བསྟན་གྱི་རྫོང་ཧ་ཅང་མཐུག་པར་མ་ཟད། ཡུལ་དེའི་རྒྱལ་པོ་དང་མང་ཚོགས་ཀྱི་རྒྱབ་སྐྱོར་འོག རྒྱལ་མོ་དམུ་རྡོ་ལྟེ་བ་བྱས་ཏེ་བོན་བསྟན་རྒྱ་ཆེར་དར་ཞིང་། དེ་ལས་གཡུང་དྲུང་ལྷ་སྟེང་དགོན་འདིའང་དང་པོ་བོན་སྤེལ་གྱི་གནས་ཆུང་ངུ་འདུ་གནས་ཤིག་ནས་རིམ་བཞིན་ལྷ་སྐུ་སོགས་བཤམས་པའི་གསས་ཁང་དུ་གྱུར་པ་དང་། དེ་ནས་རིམ་བཞིན་རྩ་འཛུགས་ཀྱི་མ་ལག་སོགས་ལྡན་པའི་དགོན་སྡེར་གྱུར་པ་ཞིག་ཡིན་ཞིང་། དེ་བཞེངས་སྐྲུན་གྱི་ལོ་ཚིགས་ཐད་བཞེད་པ་མི་མཐུན་པ་མང་པོ་ཡོད་མོད། དགོན་པའི་རྡོ་རིང་ངོས་ཀྱི་ཡི་གེ་དང་། རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང་། རབ་བརྟན་རྒྱལ་པོའི་བཀའ་ཤོག་དང་རབ་བརྟན་དང་ཁྲོ་སྐྱབས་པར་མའི་བོན་གྱི་ཁམས་ཆེན་སོགས་ལ་གཞིགས་ན། གཡུང་དྲུང་ལྷ་སྟེང་དགོན་པའི་སྔར་མིང་ལ་གཤེན་རབ་ལྷ་ཁང་ཟེར་ཞིང་། དེ་ནི་རབ་བརྟན་རྒྱལ་པོ་ཐོག་མ་ལི་ཝེར་གནམ་གྱི་རྒྱལ་པོར་སྲས་གསུམ་ཡོད་པ་ལས་ཐ་ཆུང་ཁྲོ་ཏིའི་སྐབས་སུ་ཕོ་བྲང་གཡུ་རྩེ་ཞེས་པ་བཞེངས་པ་དང་། དེ་ནས་བརྩིས་པའི་གདུང་རབས་ལྔ་པ་སྲས་བཀའ་རྟགས་ཀྱི་དུས་སུ་བཀའ་རྗེ་གཡུ་རྩེ་ཕོ་བྲང་བཞེངས་ནས་སྔར་ཡོད་གཤེན་རབ་ལྷ་ཁང་ཁྲོ་བོ་སྟག་ལྷ་མེ་འབར་སྲུང་མར་གསོལ་བས་ན། ཡུལ་བཅོ་བརྒྱད་དུ་སྲུང་དམག་དྲེགས་པ་བཅོ་བརྒྱད་དུ་བཀོལ་ཞིང་། ཡང་དེ་ནས་བརྩིས་པའི་གདུང་རབས་བཅུ་བཞི་པ་སྟེ་མང་ཁར་སྒོམ་སྐྱབས་བྱ་བའི་དུས་སུ་གཤེན་རབ་ལྷ་ཁང་ཇེ་རྒྱས་སུ་བཏང་སྟེ་འདུ་གནས་ནས་གསས་ཁང་དུ་འཕེལ་བའི་གོ་རིམ་ཁྲོད་དུ། རབ་བརྟན་རྒྱལ་པོའི་སྲས་ཆུང་བ་ཁྲོ་ཏི་དང་། གདུང་རབས་ལྔ་པ་བཀའ་རྟགས། གདུང་རབས་བཅུ་བཞི་པ་མང་ཁར་སྒོམ་སྐྱབས་གསུམ་གྱི་རིང་དུ་ཐོག་མར་གཡུ་རྩེ་ཕོ་བྲང་བཞེངས་པ་དང་། དེ་ནས་རྒྱ་བསྐྱེད་ཐེངས་གཉིས་མཛད་མྱོང་ཞིང་། བཞེངས་སྐྲུན་དང་རྒྱ་བསྐྱེད་ཐེངས་གསུམ་པོ་ནི་གཞི་རྒྱ་ཆུང་བའི་ཐོག་མའི་རྣམ་པ་ཡིན། དེའི་རྗེས་ཀྱི་རྒྱ་བསྐྱེད་ནི་གོང་མ་ཆན་ལུང་དང་རབ་བརྟན་ནམ་མཁའ་རྒྱལ་པོའི་སྐུ་རིང་ཡིན་ཏེ། འདིའི་སྐབས་ཀྱི་བསྐྱར་བཞེངས་བྱས་པའི་ལོ་ཚིགས་དེ་དགོན་པའི་མདུན་གྱི་རྡོ་རིང་ཡི་གེ་གཞིར་བཟུང་ན། མེ་ཁྱི་ལོ་སྟེ་སྤྱི་ལོ1766 ལོར་རྨང་གཞི་བཏིང་བ་དང་། ཕག་ལོ་སྟེ་སྤྱི་ལོ1767ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་གྲུབ་ཅིང་། ཟླ་བཅུ་གཅིག་པའི་དུས་སུ་ཡོངས་སུ་ལེགས་འགྲུབ་བྱུང་བ་ཡིན་པས། དེ་ནི་སྤྱི་ལོ1747ལོ་ནས་1749ལོའི་བར་གྱི་ཆུ་ཆེན་དམག་འཁྲུག་ཐེངས་དང་པོའི་རྗེས་སུ་རབ་བརྟན་ནམ་མཁའ་རྒྱལ་པོས་བསྐྱར་བཞེངས་མཛད་ཅིང་། སྐབས་དེར་དགོན་པ་རྒྱ་ཆེ་བ་འདི་འདྲ་ཞིག་བཞེངས་པ་ལས་སྐབས་དེའི་རབ་བརྟན་རྒྱལ་པོའི་སྟོབས་ཤུགས་ཧ་ཅང་ཆེ་བ་ཤེས་ཐུབ།

སྤྱི་ལོ1747ནས1776ལོའི་བར་གྱི་ལོ་ངོ་སུམ་ཅུར་ཉེ་བའི་རིང་ཆུ་ཆེན་ས་ཁུལ་དུ་དམག་འཁྲུག་ཆེན་པོ་ཐེངས་གཉིས་བྱུང་ཞིང་། དམག་འཁྲུག་དེས་རྒྱལ་རོང་ལོ་རྒྱུས་སྤྱི་དང་བྱེ་བྲག་ཏུ་རབ་བརྟན་རྒྱལ་པོའི་ལོ་རྒྱུས་དང་གཡུང་དྲུང་ལྷ་སྟེང་དགོན་པའི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་བཟོས་པར་མ་ཟད། ཆུ་ཆེན་དམག་འཁྲུག་ཐེངས་གཉིས་པའི་རྗེས་སུ་གོང་མ་ཆན་ལུང་གིས་བདེ་འགོད་ཀྱི་ཐབས་ཇུས་ཁྲོད་གཡུང་དྲུང་ལྷ་སྟེང་དགོན་དེ་དགེ་ལུགས་པར་བསྒྱུར་ཏེ་མིང་ལ་བསྟན་འཕེལ་གླིང་ཞེས་གསོལ་བ་དང་། དུས་དེ་ནས་གཡུང་དྲུང་ལྷ་སྟེང་དགོན་དེ་གཡུང་དྲུང་བོན་གྱི་དགོན་སྡེ་ནས་དགེ་ལུགས་པའི་དགོན་སྡེ་ཆེན་པོ་ཞིག་ཏུ་གྱུར་ཏེ་གོང་མའི་དགོན་ཆེན་བཞིའི་ཡ་གྱལ་དུ་གྱུར་ཅིང་། ཆིང་སྲིད་གཞུང་ནས་བཏང་བའི་མཁན་པོ་དང་། ཕྱིས་ཀྱི་དབུས་གཙང་ནས་བཏང་བའི་མཁན་པོ་རིམ་བྱོན་གྱིས་ཆིང་རྒྱལ་རབས་དང་། ཀྲུང་ཧྭ་མིན་གོ་སོགས་ཀྱི་དུས་སྐབས་རབ་དང་རིམ་པའི་ནང་དོ་དམ་གང་ལེགས་བྱས་ཤིང་། སྤྱི་ལོ1986ལོར་རང་རྒྱལ་གྱི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། དད་ལྡན་མང་ཚོགས་ཀྱི་འདོད་མོས་ལྟར་ཆུ་ཆེན་རྫོང་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་བོན་བློན་ནམ་མཁའ་བསྟན་འཛིན་སོགས་ཀྱིས་བསྟན་འཕེལ་གླིང་དེ་ཡང་བསྐྱར་བོན་གྱི་དགོན་སྡེ་ཆེན་མོ་གཡུང་དྲུང་ལྷ་སྟེང་དུ་ཕྱིར་བསྒྱུར་ཏེ་ཆོས་སྒོ་ཕྱེས་མོད། དུས་བབ་ཀྱི་དབང་གིས་འཕེལ་རྒྱས་གང་ལེགས་སུ་འགྲོ་མ་ཐུབ། དུས་རབས་ཉེར་གཅིག་པའི་ནང་བོན་བློན་ནམ་མཁའ་བསྟན་འཛིན་གྱིས་མངགས་པའི་རྔ་བའི་རྟོགས་ལྡན་དགོན་པའི་སྤྲུལ་སྐུ་པདྨ་རིན་ཆེན་མཆོག་གིས་དགོན་པ་བདག་སྐྱོང་གི་བྱ་བ་དང་ལེན་བྱས་རྗེས། རིམ་བཞིན་དགོན་པར་ཞིག་གསོ་རྒྱ་ཆེན་པོ་མཛད་དེ་ད་སྐབས་ཀྱི་ཚོགས་ཁང་ཆེན་མོ་རིམ་པ་གསུམ་ཅན་དང་། སྤྱན་རས་གཟིགས་ཀྱི་ལྷ་ཁང་། ཀུན་བཟང་རྒྱལ་བ་རྒྱ་མཚོ་དང་སྒྲུབ་ཁང་། བྱམས་ཁང་ལ་སོགས་བཟོ་སྐྲུན་གྱི་ཆ་ནས་གཞི་རྒྱ་ཆེ་བའི་དགོན་སྡེ་ཞིག་ཏུ་གྱུར་ཡོད།

གཉིས་པ། གཡུང་དྲུང་ལྷ་སྟེང་དགོན་པའི་རྡོ་རིང་གི་སྤྱིའི་རྣམ་པ།

རྡོ་རིང་འདི་ནི་དེང་གི་གཡུང་དྲུང་ལྷ་སྟེང་དགོན་པའི་སྒོ་ཆེན་མདུན་གྱི་ལྷོ་ནུབ་མཚམས་ཀྱི་ཁང་ཆུང་ཞིག་གི་ནང་དུ་ཡོད་ཅིང་། རྡོ་རིང་གི་གཟུགས་ཀྱི་མཐོ་ཚད་ལ་སྨི4 དང་། ཞེང་ལ་སྨི0.6དང་མཐུག་ཚད་ལ་སྨི0.2ཡོད། དེ་སྔར་རྡོ་རིང་ལ་རྡོ་རིང་གི་ངོས་དང་། རྡོ་རིང་གི་ཀླད། རྡོ་རིང་གི་བྲེ་གདན་སོགས་ཡོད་འོས་མོད། ཕལ་ཆེར་ཟིང་འཁྲུག་གི་ནང་དུ་གཏོར་བརླག་ཐེབས་པས་ད་ལྟར་རྡོ་རིང་གི་ཀླད་དང་བྲེ་གདན་མི་འདུག རྡོ་རིང་དེ་ནི་ལོ་རྒྱུས་ཀྱི་རིག་དངོས་རྩ་ཆེན་ཞིག་ཡིན་པས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།

རྡོ་རིང་གི་ངོས་གཉིས་སུ་བན་བོན་གཉིས་སུ་ཕྱེས་ནས་བརྐོས་ཡོད་པར་མ་ཟད། ངོས་གཉིས་ཀྱི་འཁོར་ཕྱོགས་ཀྱི་གོ་བཟློག་བརྗེས་ནས་བརྒྱབ་པ་ཞིག་སྟེ། ཐོག་མར་རབ་བརྟན་རྒྱལ་པོ་ནམ་མཁའི་རིང་གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་བྱས་ཏེ་རྒྱལ་རོང་རྒྱལ་ཁག་བཅུ་བོ་འབངས་སུ་བཀོལ་ནས་བསྐྱར་བཞེངས་ཀྱི་གནས་ཚུལ་སོགས་རྡོ་རིང་དུ་བཀོད་དེ་དགོན་མདུན་དུ་བསླངས་མོད། རྗེས་སུ་བོན་དགོན་འདི་དགེ་ལུགས་པའི་བསྟན་འཕེལ་གླིང་དུ་བསྒྱུར་རྗེས་སུ་རྡོ་རིང་དེ་གོ་བཟློག་བརྗེས་ཏེ་བོན་ལུགས་ཀྱི་ལོ་རྒྱུས་བརྐོས་ཡོད་པའི་ངོས་དེ་ཐུར་ཏུ་བཙུགས་ཤིང་ངོས་གཞན་དེར་བསྟན་འཕེལ་གླིང་གི་མཁན་པོའི་ལོ་རྒྱུས་བརྐོས་ཏེ་དྲང་ཕྱོགས་སུ་བསྐོར་ནས་བཙུགས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་དུ་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལྷོད་ཡངས་སུ་བཏང་ཞིང་ཆུ་ཆེན་རྫོང་སྲིད་གཞུང་གིས་གཡུང་དྲུང་ལྷ་སྟེང་དགོན་པ་བོན་ལུགས་སུ་སྒོ་ཕྱེས་པའི་ཆོག་མཆན་བཀོད་པའི་རྗེས་སུ། རྡོ་རིང་སྟེང་གི་ངོས་གཅིག་གི་བོན་ལུགས་ལོ་རྒྱུས་དང་ངོས་གཞན་དེའི་ཆོས་ལུགས་ལོ་རྒྱུས་གང་ཞིག་དྲང་ཕྱོགས་སུ་བཙུགས་ན་ཡང་དེའི་ངོས་གཞན་པ་དེ་ཐུར་དུ་འཛུགས་དགོས་པ་བྱུང་བས། དགོན་བདག་བླ་མ་པད་མ་རིན་ཆེན་གྱིས་དགོན་པའི་སྒོ་ནས་ཁང་པ་ཆུང་ཆུང་ཞིག་བཞེངས་ཏེ་དེའི་ནང་དུ་རྡོའི་སྟེགས་བུ་གཅིག་གི་སྟེང་དུ་རྡོ་རིང་དེ་འཕྲེད་དུ་བཞག་ནས་བན་བོན་གང་ལ་ཡང་ཕོག་ཐུག་མེད་པ་བྱས་ཡོད།

ད་ལྟར་རྡོ་རིང་དེ་འཕྲེད་དུ་བཞག་ཡོད་པས་ངོས་གཅིག་ལྷོ་ཕྱོགས་སུ་འཁོར་བ་དང་། ངོས་ཅིག་ཤོས་དེ་བྱང་ཕྱོགས་སུ་འཁོར་བར་བྱས་ཡོད་ཅིང་། ལྷོ་ཕྱོགས་སུ་འཁོར་བའི་ངོས་དེར་བོད་ཡིག་རྐྱང་བ་བྲིས་ཡོད་ཅིང་། དེར་བསྡོམས་པས་ཐིག་ཕྲེང་དོན་དགུ་ཡོད་པ་དང་། དེའི་ནང་དོན་ནི་རབ་བརྟན་རྒྱལ་པོ་ནམ་མཁའི་རིང་བོན་གྱི་འདུ་གནས་ཆེན་པོ་གཡུང་དྲུང་ལྷ་སྟེང་དགོན་རྒྱ་བསྐྱེད་དང་། དེའི་གཡོག་ཏུ་རྒྱལ་རོང་རྒྱལ་ཁག་བཅུ་བོ་བཀོལ་ནས་ཁང་ཚན་བརྒྱ་དང་བཅོ་ལྔ་ལེགས་འགྲུབ་བྱུང་བ་དང་རབ་གནས་མཛད་པ་སོགས་ཀྱི་བརྒྱུད་རིམ་དང་། མི་དབང་ནམ་མཁའ་ཉིད་ཀྱིས་དགེ་བསྙེན་གྱི་སྡོམ་པ་བླངས་ཚུལ་དང་། ཀུན་གྲོལ་གྲགས་པ་དང་རབ་བརྟན་རྒྱལ་པོའི་བར་དུ་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ་ཁོང་གིས་རྒྱལ་རོང་རྒྱལ་ཁག་སོ་སོའི་ཁྲོད་གོ་གནས་ཆེན་པོ་ཟིན་པ་སོགས་ཀྱི་ལོ་རྒྱུས་རྡོ་རིང་གི་ཤར་ནས་ནུབ་ཏུ་རིམ་བཞིན་བརྐོས་ཡོད་ཅིང་། ངོས་འདིའི་མཐའ་བཞིར་གཡུ་འབྲུག་དང་པདྨ་ལྟ་བུའི་རྒྱན་རིས་མེད།

བྱང་ཕྱོགས་སུ་འཁོར་བའི་ངོས་ནི་རྒྱ་ཡིག་དང་བོད་ཡིག་གཞུང་གིས་བྲིས་ཤིང་། དེར་དགེ་ལུགས་པའི་བསྟན་འཕེལ་གླིང་དུ་བསྒྱུར་རྗེས་སུ་ལིས་ཧྥན་ཡོན་ནས་བཏང་བའི་མཁན་རབས་གསུམ་པ་བློ་བཟང་འཇམ་དབྱངས་ཀྱི་ལོ་རྒྱུས་དང་མཛད་འཕྲིན་སོགས་ནུབ་ནས་ཤར་ཕྲེང་དུ་རིམ་བཞིན་བརྐོས་ཏེ་བཀོད་ཡོད།

ངོས་འདི་ཧྲིལ་བོ་སྟོད་དང་གཡས་གཡོན་ཁག་གསུམ་དུ་བགོས་པ་སྟེ། ངོས་དེའི་སྟོད་དུ་རྒྱ་ཡིག་སྟར་མ་གཅིག་བྲིས་པ་དང་། ངོས་དེའི་གཡོན་ཕྱོགས་སུ་བོད་ཡིག་ཐིག་ཕྲེང་ཞེ་བརྒྱད་དང་། གཡས་ཕྱོགས་སུ་རྒྱ་ཡིག་སྟར་མ་བཞི་ཡིས་གྲུབ་ཡོད་པར་མ་ཟད། མཐའ་བཞིར་གཡུ་འབྲུག་དང་མེ་ཏོག་པདྨའི་རྒྱན་རིས་ཀྱིས་བསྐོར་ཞིང་། དེར་དུས་རབས18པའི་དུས་མཇུག་གི་ཆན་ལུང་དུས་ཀྱི་པཎྚི་ཛ་སག་བླ་མའི་འཕྲིན་ལས་བཀོད་པ་དང་། རྒྱ་ཡིག་ཏུའང་ཆན་ལུང་ཁྲི་ལོ་དྲུག་ཅུ་པ་སྤྱི་ལོ1795ལོའི་སྐབས་ཀྱི་བསྟན་འཕེལ་གླིང་གི་མཁན་པོ་པཎྚི་ཏ་ཛ་སག་བླ་མ་བློ་བཟང་འཇམ་དབྱངས་ཀྱི་སྐུ་གདུང་བཀོད་ཡོད།

གསུམ་པ། རྡོ་རིང་ངོས་ཀྱི་ཡི་གེ་དང་དེའི་དཔྱད་པ།

གཅིག རྡོ་རིང་གི་ལྷོ་ངོས་ཡི་གེའི་མ་ཡིག་དང་དེའི་དཔྱད་པ།

གཡུང་དྲུང་ལྷ་སྟེང་གི་རྡོ་རིང་ངོ་ན་ཡོད་པའི་ཡི་གེ་བཞུགས་སོ། །

མཆོག་གསུམ་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ།། (དང་པོ་མཆོད་བརྗོད་སོགས་ཡི་གེ་མི་གསལ་བས་འབྲི་རྒྱུ་མ་རྙེད། ཐིག་ཕྲེང་ལྔ་ཙམ་གྱི་འཕྲོ་ནས) ཟབ་དོན་བཀའ་གཏེར་མ་བུ་ཁ་སྤྲད་སོགས། བརྗོད་ཀྱི་མི་ལང་མདོར་བསྡུར་ཟུར་ཙམ་ལགས། རྣམ་འདྲེན་དེ་ཡི་རྗེས་འཛིན་མཆོག་གྱུར་བ། སྨོན་རྒྱལ་རིམ་སྤྱོན་རབ་འབྱམས་དབང་གྲགས་དང་། ཐོས་དབེན་སངས་རྒྱས་རིན་ཆེན་དཔལ་བཟང་ཟུང་། (འདིའི་བར་ན་ཚིག་རྐང་གཅིག་བྲི་རྒྱུ་མ་ལོན) རྟེན་འབྲེལ་དགེ་ལེགས་ངོ་མཚར་བཀའ་ཡི་རྟགས། རང་འདིར་རྣམ་འདྲེན་ཀུན་གྲོལ་བྱིན་རླབས་ལགས། སྔོན་བཞིན་རོང་ཁམས་སྤྱོན་མཆོད་བླ་རབས་ཀུན། གཞི་འདིའི་བསྟན་སྦྱིན་རབ་རྒྱལ་མིང་གི་མཚན། བསྟན་སྦྱིན་རབ་རྒྱལ་རྡོ་རྗེའི་རྒྱལ་གྱི་སྲས། སྲས་པོ་ནམ་འཁའ་ཡེ་ཤེས་རྒྱལ་པོ་མཚན། ཆུང་ངུའི་དུས་ནས་ཐུགས་སྐམ་བློ་རྩལ་རྫོགས། སྲིད་ཞུའི་ཤེས་བྱ་མཁྱེན་ཡང་ཆ་ཤེས་གང་། སངས་རྒྱས་བསྟན་པ་རིན་ཆེན་དགུང་དུ་བཏེགས། ཁྱོན་མང་ཐ་གྲུ་ཕུ་མདའ་བར་གསུམ་དུ། ཕྱི་ནང་ལྷ་ཡི་གཞལ་ཡས་ཁང་བཞེངས་དང་། རྩ་གསུམ་རིས་འབུར་བྲུག་རྡུང་འབབ་འདྲ་སོགས། བཀའ་ཡི་གླེགས་བམ་བྲི་སྒོ་ཀློག་སྒྲུབ་དང་། གསུམ་ལྡན་འདུས་རྗེ་མཆོད་བསྐུལ་མཛད་དཀར་པོས། ས་ཁམས་འགེངས་ཤིང་རྒྱལ་རྒྱུད་འཛིན་པ་ཡིན། སློབ་དཔོན་མཁས་མཆོག་ཚུལ་ཁྲིམས་དབང་རྒྱལ་དང་།བསོད་ནམས་ཕུན་ཚོགས་རྒྱལ་བ་འོད་ཟེར་དང་། བསོད་ནམས་དབང་གི་རྒྱལ་པོ་གྲགས་རྒྱལ་དང་། སྟོན་པ་ཟེ་བཅས་བཟང་པོར་སྤྱོད་པའོ།། འོན་ཀྱང་སྣང་མུན་དཀར་ནག་ངང་ཚུལ་བཞིན། སྔོན་ལས་དུས་ཀྱི་འཁྲུག་པ་ཆེ་ལངས་པའི།། དབང་མེད་སྡིག་པ་མི་བསག་ཀ་མེད་གྱུར། འོན་ཀྱང་མཐར་དམག་ཞི་ནས་རང་སར་བསྐྲད། རོང་ཁམས་རྒྱལ་པོ་བཅུ་བོ་འོག་ཏུ་བསྡུས། གོང་མ་ལྷ་ཡི་ལུང་བཞིན་དགོན་ཆེན་གཡུང་དྲུང་ལྷ་སྟེང་འདུས་སྡེ་བསྐྲུན། དེ་ཡང་ལུང་བས་ཆུ་ཚན་ཕུན་ཚོགས། ལྷ་སྡེ་ཚོགས་པ་ཡི་ས་ཕོ་བྱི་བ་ལོར་བསྟན་པའི་འགོ་ཟུགས། གཤེད་གཞི་ལོ་བ་བསྟན་རིམ་དྲི་མེད་འབྱུང་། སྤྱོད་པའི་དུས་ན་ནུབ་ཀྱང་མཐའ་ནས་དར། ཞེས་སོགས་གསུངས་བཞིན་མི་ཟད་མེ་ཁྱི་ལོ་ཟླ་བ་ལྔ་བའི་ཡར་ཚེས་བརྒྱད་ཉིན། རྨང་བཏིང་གསུམ་ལྡན་བསོད་ནམས་རྒྱལ་མཚན་པས། གཞི་བརྟན་མངའ་དབུས་དགེ་བའི་ལྟས་མང་རྨད། ལས་བྱེད་གཡོག་ཀྱང་ཅག་ལའི་རོང་མི་དང་། བཅན་ལའི་འབངས་མི་ཝོ་བཞིའི་མངའ་འབངས་དང་། སེ་མོ་རྫུང་འགའ་ཅོག་ཙེ་གསུམ་གྱི་འབངས། དམ་བྷའི་བློན་འབངས་ཁྲོ་སྐྱབས་གཟིམས་ལོག་འབངས། དགེ་བཤེས་འཁོར་འབངས་ཡར་རྒན་རྒྱལ་པོའི་འབངས། བཅུ་པོས་ལས་བྱས་ཟླ་བཞིའི་ཁོངས་སུ་གྲུབ། ཕག་ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་གྲུབ། ཟླ་ལྔའི་ཡར་ཚེས་བོད་རོང་ལྷ་བྲི་མཁས། ཟླ་བཅུ་གཅིག་གིས་ཟླ་གཉིས་ཁོངས་སུ་འགྲུབ། དེ་ཚེ་མཁན་ཆེན་བསོད་ནམས་རྒྱལ་མཚན་དང་། སྲག་ངེས་བླ་མ་ཤེས་རབ་གཡུང་དྲུང་དང་། རྟོགས་ལྡན་རྣམ་བཞིས་ལམ་གྱི་རབ་གནས་མཛད། རྟེན་འབྲེལ་འཇའ་གུར་འུར་ཆེམ་དད་སྤྲོ་མངོན། བྲས་བུའི་རབ་གནས་བཀའ་བླུགས་རྒྱལ་བསྟན་དང་། སྨོན་རྒྱལ་རབ་འབྱམས་བསྟན་པའི་རྒྱལ་མཚན་དང་། སྨོན་རྒྱལ་མཁན་རྗེ་སངས་རྒྱལ་རིན་ཆེན་སོགས། བྱས་རྗེ་འཇའ་དང་རྟེན་འབྲེལ་ངོ་མཚར་སྨད། བཤད་གྲ་དགའ་ལྡན་རབ་སྤྲོའི་གཞིའི་རབ་གནས། རྣམ་དག་བླ་མ་བསྟན་གཡུང་དག་གི་བྱས། དེ་ཕོབས་བདག་མི་དབང་ནམ་མཁའི་མཚན། འཇིག་རྟེན་སྒྱུ་མའི་རྣམ་རོལ་མངོན་གཟིགས་པས། གོང་ནས་རིག་འཛིན་ཀུན་གྲགས་གྲགས་པའི་དྲུང་། ཁྱིམ་བསྟེན་དགེ་བསྙེན་སྡོམ་པ་ནོད་པའི་མཚན། ནམ་མཁའ་གཡུང་དྲུང་ཡེ་ཤེས་དབང་གི་རྒྱལ། ཞེས་སོགས་གཞུང་མཐུན་འཛོལ་མེད་བསྲུང་བར་མཛོད། མཁན་པོ་གསུམ་ལྡན་བསོད་ནམས་རྒྱལ་མཚན་དྲུང་། སོ་ཐར་ཚུལ་ཁྲིམས་གོང་སྤར་མནོས་པའི་ཆེད་མཚན་ནི་ནམ་མཁའ་ཡེ་ཤེས་ཞེས་སུ་གསོལ། ཚངས་སྤྱོད་ཚུལ་མངའ་དབང་བཞིའི་བརླན་གྱིས་བསྐྱེད། བྱང་སེམས་འདབ་ལེགས་མངར་བའི་ཡོངས་སུ་གཏམས། དགོན་ཆེན་མི་འགྱུར་གཡུང་དྲུང་ལྷ་སྟེང་། ལུང་དང་མཐུན་པར་ས་འཛིན་ས་བྱི་ལོའི། ཟླ་བ་དང་པོའི་ཡར་ཚེས་ཤིས་པའི་ཉིན། ལུང་ལས་མི་བསླུ་འབུམ་ཕྲག་འཁྱིལ་བའི་སྟོང་། བརྒྱ་ཕྲག་ལྷག་ལ་ཆས་གོས་མཆོད་རྫས་དང་། འབྲུ་དང་བཞེས་ཚོགས་ཡོགས་རྒྱག་མི་དམན་བཏང་། གོང་དུ་བཀུར་བའི་སྨོན་རྒྱལ་རབ་འབྱམས་དང་། མཁན་ཆེན་བསོད་ནམས་རྒྱལ་མཚན་གཉིས་བཅས་བཞུགས། གླིང་གི་བཅའ་འགྲིགས་ཚོགས་ཀྱི་དགེ་སྤྱོད་སོགས། མ་མཉམ་མི་ཉམས་མཉམ་མེད་རྗེསུ་འབྲེངས། རྒྱལ་བསྟན་ལེགས་བྱས་བི་ཤོས་འོར་སྩང་བསྐྲུན། དབང་ཕྱོགས་སྤོ་མཐོན་ཕྲག་པར་གཟི་འབར་ཆེ། རྒྱ་མཚོའི་གོས་ཅན་སྔ་འགྱུར་པད་ཚལ་རྒྱས། ལུས་ཅན་རྐང་དྲུག་དོན་གཉིས་རོ་ལང་དཀྱེས། མཆོད་ཡོན་དགོན་གསུམ་ལོ་རབས་ཟུར་ཙམ་མོ།།

གསུམ་པ་མཇུག་སྡུད་བཀྲས་སྨོན་སྤེལ་བ་ནི། མཐའ་ཀླས་ཕྱོགས་བཅུའི་རྒྱལ་བ་ཡོངས་ཀྱི་རྩ་བ་དཔལ་ལྡན་བླ་མ་ཞེས། བསྟོད་འོས་སྐྱབས་ཀྱི་མཆོག་གྱུར་ཨེ་མ་ཨེ་མའོ་བསོད་ནམས་ཞིང་གི་མཆོག ཁྱེད་ཀྱི་དྲིན་ལས་མངོན་མཐོ་ངེས་ལེགས་སོགས་ཏེ་དགོས་དགུའི་རེ་ཕྲས་ཀུན། སྦྱིན་མཛད་ཁྱབ་གདལ་ཀུན་གྲོལ་གྲགས་དབང་རྩ་གསུམ་བཀའ་བསྟོད་བཅས་ཀྱིས་གཟིགས། གང་གི་ཐུགས་རྗེ་སྐབས་གསུམ་དབུས་འགྱིང་རྩེ་བརྒྱ་སྙིལ་བར་འཆང་བ་ཡིས། ལོག་ཚོགས་ཕས་ཀྱི་རྐྱེན་ངན་སྟོབས་ལྡང་རིམ་མང་ས་ཡི་འོག་ཡིབས་ཤིང་། ཁྱོན་ཡངས་ནོར་འཛིན་ལྗོངས་ཚར་ལྷ་མི་ལེགས་བྲས་བགྲང་ཡས་གྲངས་མང་བ། འཆི་མེད་བྱུང་བས་འཚོ་ཞིང་དགེ་ལེགས་དཔལ་སྤྱོད་ཕན་ཡོན་འབར་གྱུར་ཅིག ཁྱད་པར་ཤར་རོང་ཐ་གྲུ་རྣམ་དག་བཀོད་དབུས་ཞིང་སྐྱོང་དམ་པ་ཡིས། བསྐྱིལ་མི་འདུས་སྡེ་རྒྱ་མཚོའི་འཕྲིན་ནམ་ཟབ་རྒྱས་གཏིང་རིང་རབ་དར་ངོས། ཚད་གསུམ་བདེན་གཉིས་ལེགས་ལམ་བཤད་གྲྭའི་དཔལ་འབར་མཐའ་ནས་དབུས་ཁྱབ་པས། སྔ་འགྱུར་རིང་ལུགས་ལྷ་ཆུའི་རྒྱུན་རིང་གྲོགས་པོ་རྟག་བརྟན་རྒྱལ་གྱུར་ཅིག རབ་མང་རྒྱལ་ཕྲན་ས་འཛིན་དབུས་ན་རབ་བརྟན་རྒྱལ་རྒྱུད་རབ་བརྗིད་པ། ལྷུན་མཐུག་རིང་བ་རི་ཡི་སྤོབ་པ་ལྷུན་རྫོགས་ལྡན་པའི་ལྷུན་ཆོས་ཤིང་། བསྟན་པ་བོན་གྱི་ཉི་མ་བསྟན་འཛིན་བསྟན་སྲིད་མི་ནུབ་བསྟན་དཔལ་མཐོ། གཡོ་མེད་ལྷ་མི་དཀྱིལ་ན་དབྱིག་གཏེར་གཡོ་ཞིང་ལོངས་སྤྱོད་གཡོ་བྲལ་ཤོག དེ་ལྟར་བསྟན་པའི་སྦྱིན་བདག་མི་དམན་དད་པའི་དཔལ་མཐོ་སི་ཡི་ཕྲག གོང་མ་གོང་མའི་རྒྱུད་འཛིན་ཕན་བདེ་སྤེལ་མཛད་སྨོན་རྒྱལ་སུ་རྨའི་གཟི། འཆད་མེད་ཡང་ནས་ཡང་འཆར་ལེགས་ཚོགས་དེ་མཐུས་ཁམས་གསུམ་རི་དྲུག་འགྲོ། ཀུན་ལ་སྙིགས་མའི་སྙུད་ཞི་དགའ་བདེ་ལོངས་སྤྱོད་བཀྲ་ཤིས་མཐའ་བརྟན་ཤོག འདི་སོགས་སྟོང་ཁམས་ལེགས་བྱས་བསྡོམ་སྟེ་ཆབས་གཅིག་མཁའ་མཉམ་འགྲོ་བར་བསྔོ། དོན་དེས་འཁོར་བར་འཁོར་སྤང་བདེ་མི་ལམ་ལྔ་བརྒྱུད་དེ་རིམ་པར་བགྲོད། ས་བཅུ་རིམ་སྤྱོད་བདག་དོན་ལྷུན་གྲུབ་ཕྱི་ནང་གསང་བའི་འོག་མིན་དབྱིངས། འཁོར་ནས་གཞན་དོན་དམ་པ་ཕར་འདས་སྟོང་ཁམས་དུས་ཀྱི་འདྲེན་ནུས་ཤོག གང་འདི་སྐྲུན་པོ་མཆོད་ཡོན་དངོས་ཀྱི་བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། ཉོན་ཤེས་་སྒྲིབ་བྱང་ལམ་བསྒྲོད་པ་རྣམས་བདེ་ཆེན་གོ་འཕང་མྱུར་ཐོབ་ནས། སླར་ཡང་བཤེས་གཉེན་དེ་དཔལ་འགྲོ་བའི་མགོན་ཏུ་སྟོབས་བཅུ་མངའ་བའམ། འཁོར་ལོས་བསྒྱུར་བའི་མངའ་འཛིན་བསྟན་འགྲོ་ཕན་བདེའི་མཛད་མཁོར་བྱེད་གྱུར་ཅིག གང་འདི་མི་དབང་བསླབ་གསུམ་འཛིན་པའི་བཞེད་དུ་སྒྲ་བ་བུརྷའི་མིང་། བདག་ཀྱང་ཚེ་རབས་འདི་ནས་ཀུན་ཏུ་བོན་དང་གང་རྟོག་སླ་འཛོལ་མིན་པར། དམུ་རྒྱལ་སྲས་ཀྱི་རིང་ལུགས་བླ་ནས་བླར་འདེགས་བྱེད་མངའ་ཐོབ་ནས། མཐར་ཐུག་མི་འཁོར་མི་འཕྲུལ་རྣམ་འདྲེན་རྒྱས་པའི་དྲུང་དུ་སྐྱེ་བར་ཤོག དེ་སྐད་རྒྱ་ཆེན་སྨོན་ལམ་བཏབ་འདི་གེགས་མེད་ཡོངས་སུ་འགྲུབ་པར་ཤོག ཅེས་པའོ། །

རྡོ་རིང་ཡི་གེ་འདིའི་ནང་དོན་ཁག་གསུམ་དུ་བགོས་ཆོག་སྟེ། དང་པོ་མཆོད་བརྗོད་དང་། བར་དུ་དངོས་གཞི། ཐ་མར་བཀྲ་ཤིས་སྨོན་ལམ་སྤེལ་བ་ཡིན་ཞིང་། དེར་དངོས་གཞིའི་ཁྲོད་དུ་རབ་རྒྱལ་མི་དབང་ནམ་མཁའ་རྒྱལ་པོ་དང་འབྲེལ་བའི་དོན་ཆེན་འགའ་བརྗོད་པ་སྟེ།

༡ རྡོ་རིང་ལས།“སྨོན་རྒྱལ་རིམ་བྱོན་རབ་འབྱམས་དབང་གྲགས་དང་། ཐོས་དབེན་སངས་རྒྱས་རིན་ཆེན་དཔལ་བཟང་ཟུང་། རྟེན་འབྲེལ་དགེ་ལེགས་ངོ་མཚར་བཀའ་ཡི་རྟགས། རང་འདིར་རྣམ་འདྲེན་ཀུན་གྲོལ་བྱིན་རླབས་ལགས།”2ཞེས་སྨོན་རྒྱལ་རབ་འབྱམས་དབང་གྲགས་དང་། ཐོས་འབེན་སངས་རྒྱས་རིན་ཆེན་ཟུང་ལ་རྟེན་འབྲེལ་ངོ་མཚར་བའི་རྟགས་བྱུང་བ་ནི་ཀུན་གྲོལ་གྲགས་པའི་བྱིན་རླབས་ཡིན་པར་མ་ཟད། བླ་རབས་འདི་དག་གི་བསྟན་པའི་སྦྱིན་བདག་གི་མཚན་ལ་ནམ་མཁའ་ཡེ་ཤེས་རྒྱལ་པོ་ཟེར་བ་རྟོགས་ཐུབ།

༢ རབ་རྒྱལ་ནམ་མཁའ་རྒྱལ་པོ་ཁོང་ནི་བསྟན་སྦྱིན་རབ་རྒྱལ་རྡོ་རྗེ་རྒྱལ་གྱི་སྲས་ཡིན་ཚུལ་བཀོད་པ། “བསྟན་སྦྱིན་རབ་རྒྱལ་རྡོ་རྗེའི་རྒྱལ་གྱི་སྲས། སྲས་པོ་ནམ་འཁའ་ཡེ་ཤེས་རྒྱལ་པོ་མཚན” 3ཞེས་བསྟན་པའི་སྦྱིན་བདག་རབ་བརྟན་རྒྱལ་པོ་རྡོ་རྗེ་རྒྱལ་གྱི་སྲས་ནམ་མཁའ་ཡེ་ཤེས་རྒྱལ་པོ་མཚན་ཏེ་ནམ་མཁའ་ཡེ་ཤེས་ནི་མཁན་ཆེན་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་སོ་ཐར་གྱི་སྡོམ་པ་བཞེས་ཏེ་བཏགས་པའི་མིང་ཡིན། རྡོ་རིང་དུ་བརྐོས་པའི་གནད་འདིས་རྒྱའི་མཁས་པ་རྣམས་ཀྱིས་རྒྱ་ཡིག་ཏུ་བྱུང་བའི莎罗奔དང莎罗奔细གཉིས་མི་སྣ་གཉིས་ཡིན་པར་སྒྲུབ་བྱེད་དྲངས་ཡོད། རྒྱའི་ཡིག་ཚང་དུ། ནམ་མཁའི་རྒྱལ་པོ་ནི་རྡོ་རྗེ་རྒྱལ་གྱི་ནུ་བོ་ཡིན་ཞིང་། ཁོང་གཉིས་ཀྱི་འབྲེལ་བ་ནི་ཕུ་ནུའི་འབྲེལ་བ་ལས་ཡབ་སྲས་ཀྱི་འབྲེལ་བ་ཡིན་པ་གླེང་མེད་དེ། “ཆན་ལུང་སྲིད་ལོ་ཉེར་གསུམ་པ་(1758ལོར)རབ་བརྟན་རྒྱལ་པོ་སློབ་དཔོན་ནད་ཀྱིས་ཚེ་ལས་འདས་ཤིང་། ཁོང་གི་ནུ་བོ་ནམ་མཁས་ཐུའུ་བསིའི་གོ་གནས་རྒྱུད་འཛིན་བྱས” 4ཞེས་རབ་བརྟན་རྒྱལ་པོ་སློབ་དཔོན་ཚེ་ལས་འདས་ཏེ་ནུ་བོ་ནམ་མཁས་རྒྱལ་རྒྱུད་བཟུང་བ་ལས་ཁོ་གཉིས་ཀྱི་འབྲེལ་བ་ནི་ཕུ་ནུའི་འབྲེལ་བ་ཡིན་པ་བཤད། ཡང་ལ་ལས“ཆན་ལུང་སྤྱི་ལོ1743ལོར་སློབ་དཔོན་ནད་ཀྱིས་ཚེ་ལས་འདས་ཤིང་། དེའི་ནུ་བོ་གསེར་ལེགས་འབུམ་བཞིས་རྒྱལ་རྒྱུད་བཟུང་། ཆན་ལུང་སྲིད་ལོ་ཉེར་གསུམ་པ་སྟེ(སྤྱི་ལོ1758ལོར)། གསེར་ལེགས་འབུམ་བཞི་དགུང་ལོ་མཐོ་བས་དེའི་སྲས་ནམ་མཁས་རབ་བརྟན་རྒྱལ་པོའི་རྒྱལ་རྒྱུད་བཟུང” 5ཞེས་སྤྱིར་ཡིན་ན་སློབ་དཔོན་ཟེར་བ་རབ་བརྟན་རྒྱལ་པོ་རྡོ་རྗེ་རྒྱལ་ལ་གོ་མོད། འདིར་སློབ་དཔོན་དང་གསེར་ལེགས་འབུམ་བཞི་ཟེར་བ་གཉིས་བྱུང་ཡོད་པར་མ་ཟད། ནམ་མཁའ་རྒྱལ་པོའི་ཡབ་ནི་གསེར་ལེགས་འབུམ་བཞི་ཟེར་བ་འདི་ཡིན།

ཡིན་ཡང་བོད་ཡིག་གི་ཡིག་ཆ་རྣམས་ལས་སློབ་དཔོན་གྱི་རྗེས་ནས་ནམ་མཁའ་རྒྱལ་པོས་རྒྱལ་སྲིད་བཟུང་བར་མ་ཟད། སློབ་དཔོན་འཚོ་བཞུགས་དུས་སུའང་ཁོ་གཉིས་ཀས་སྲིད་སྐྱོང་བ་སྟེ། “་་་་་་་ཏ་ཀྱིན་ཆྭན་ཐིའུ་བསི་སློབ་དཔོན་དང་ནམ་མཁའ་རྒྱལ་པོ་གཉིས་ཀྱི་ཡི་གེ་ཡིན། ༧ཆེན་ལུང་དགོང་ལོ་ཉར་གསུམ་ཟླ12ཚེས11ལ་ཕུལ” 6ཅེས་སྤྱི་ལོ1758ལོའི་ཟླ12པའི་ཚེས11ཉིན་ཆུ་ཆེན་རབ་བརྟན་རྒྱལ་པོ་སློབ་དཔོན་དང་ནམ་མཁའ་རྒྱལ་པོ་གཉིས་ཀྱིས་གོང་མ་ཆན་ལུང་ལ་ཕུལ་བའི་ཞུ་ཡིག་ཅིག་ཡིན་ཞིང་། འདིར་སློབ་དཔོན་དང་ནམ་མཁའ་རྒྱལ་པོ་གཉིས་བྱུང་བ་དང་། དེ་མིན་ཞུ་ཡིག་ཕུལ་བའི་དུས་ནི1758ལོ་ཡིན་པས་ན། གོང་གི《རྒྱལ་རོང་བོད་ཀྱི་ལོ་རྒྱུས》ཞེས་པར་འཁོད་པའི1758ལོར་སློབ་དཔོན་ཚེ་ལས་འདས་པ་དང་ཕིང་ཀྲི་ཡན་གྱི་(彭陟焱)ཆན་ལུང་སྲིད་ལོ་ཉེར་གསུམ་པ་སྟེ(སྤྱི་ལོ1758ལོར)། གསེར་ལེགས་འབུམ་བཞི་དགུང་ལོ་མཐོ་བས་དེའི་སྲས་ནམ་མཁས་རབ་བརྟན་རྒྱལ་པོའི་རྒྱལ་རྒྱུད་བཟུང་ཞེས་པའི་ལྟ་བ་དེ་གཉིས་ཀྱི་ལོ་ཚིགས་དང་མཐུན་པར་མ་ཟད། ཞུ་ཡིག་དེ་ཟླ12པའི་ཚེས11ཉིན་ཕུལ་བས་སྐབས་དེར་ཚེ་ལས་འདས་མེད་པ་རྟོགས་ཐུབ་པ་དང་། དེ་ལྟར་ན་དུས་ཚོད་ཀྱི་ཆ་ནས་ཕིང་ཀྲི་ཡན་གྱི(彭陟焱)ལྟ་བ་ལྟར1758ལོར་གསེར་ལེགས་འབུམ་བཞི་ཟེར་བ་དགུང་ལོ་བགྲེས་ཏེ་ནམ་མཁའ་རྒྱལ་རྒྱུད་བཟུང་བ་དེ་གོང་གི་ཞུ་ཡིག་ཏུ“སློབ་དཔོན་དང་ནམ་མཁའ་རྒྱལ་པོ་གཉིས་ཀྱིས་ཕུལ”ཞེས་འབྲི་དགོས་པའི་རྒྱུ་མཚན་གྱི་རིགས་ལམ་དང་མཐུན་པས། འདི་ལས་རྒྱའི་ཡིག་ཚང་དུ་འཁོད་པའི་སློབ་དཔོན་བྱ་བ་དང་ནམ་མཁའ་རྒྱལ་པོའི་བར་མཚམས་སུ་རྒྱལ་པོ་ཞིག་བྱུང་མེད་པ་རིགས་འདེད་བྱེད་ཐུབ་ཅིང་། སློབ་དཔོན་གྱི་རྗེས་ནས་ནམ་མཁའ་རྒྱལ་པོ་ཡིན་པ་གསལ་བོར་ཤེས་ཐུབ་ལ། རྒྱའི་ཡིག་ཚང་ཁྲོད་ཀྱི莎罗本ཟེར་བ་རྒྱལ་རོང་སྐད་དེ། ས་ལོབ་དཔོན་ཞེས་བོད་ཡིག་གི་ཡིག་འབྲུ་སོ་སོར་བཀྲལ་བ་ཡིན་ཞིང་ཡི་གེར་བྲིས་ན་སློབ་དཔོན་ཞེས་པ་ཡིན་པས། 莎罗本དང色勒本གཉིས་ནི་བོད་ཡིག་གི་སློབ་དཔོན་ཞེས་པའི་འབྲི་ཚུལ་མི་འདྲ་བ་གཉིས་ཡིན་ནམ་སྙམ། ཡང་ལོ་རྒྱུས་རབ་གསལ་མེ་ལོང་དུ“ལྷ་དབང་རྡོ་རྗེ་ལ་སྲས་ལྔ་འཁྲུངས་པའི་གཅེན་འོག་རྡོ་རྗེ་རྒྱལ་གྱིས་རྒྱལ་སྲིད་སྐྱོང་བས་ན། རྒྱལ་པོ་རེ་ལ་སྐུ་སྲུང་གཅེན་པོ་རེ། བཞེངས་པའི་གསས་ཁང་མཛད་འཕྲིན་མཐའ་ཡས་པས། བོན་སྲིད་རྒྱལ་སྲིད་སྐྱོང་བའི་རིམ་པ་ནི། ཞིབ་པར་རྒྱལ་རབས་མུ་ཏིག་འཕྲེང་བར་གསལ། རྒྱལ་པོ་རྡོ་རྗེ་རྒྱལ་གྱི་སྲས་ལྔ་ལས། ལྕམ་སྲིང་ཨ་ཁོ་བཙན་ལྷའི་བཙུན་མོ་བྱོན། གཅེན་པོ་མི་དབང་ནམ་མཁའ་རྒྱལ་པོའི་མཚན། ཆུང་ངུའི་དུས་ནས་ཐུགས་སྒོམ་བློ་རྩལ་རྒྱས”7ཞེས་ནམ་མཁའ་རྒྱལ་པོ་ནི་རྡོ་རྗེ་རྒྱལ་གྱི་སྲས་ལྔའི་ནང་གི་གཅེན་པོ་ཡིན་པ་བསྟན་པ་དང་། གོང་གི་དགོན་པའི་རྡོ་རིང་དུའང“བསྟན་སྦྱིན་རབ་རྒྱལ་རྡོ་རྗེའི་རྒྱལ་གྱི་སྲས”ཞེས་བྱུང་ཡོད་པར་མ་ཟད། ཁོང་ནི་ཆུང་ངུའི་དུས་ནས་ཐུགས་སྒམ་བློ་རྩལ་རྫོགས་ཤིང་ཤེས་བྱར་མཁྱེན་རྒྱ་ཡངས་པ། སངས་རྒྱས་ཀྱི་བསྟན་པ་དགུང་དུ་བཏེགས་ཏེ་ལྷ་ཁང་མང་པོ་བཞེངས་པའི་མཛད་རྗེས་དང་ཁོང་གི་གཤིས་སྤྱོད་གླེང་བར་མ་ཟད། ད་རུང་ཁོང་ཉིད་ཀྱིས་སློབ་དཔོན་ཚུལ་ཁྲིམས་དབང་རྒྱལ་དང་། བསོད་ནམས་ཕུན་ཚོགས་རྒྱལ་བ་འོད་ཟེར། བསོད་ནམས་དབང་གི་རྒྱལ་པོ་གྲགས་རྒྱལ། སྟོན་པ་ཟེ་བཅས་8ལ་འགྲིག་མཐུན་གྱིས་བཟང་པོར་སྤྱོད་པ་དང་། དེ་མིན་སྔོན་གྱི་དུས་སུ་འཁྲུག་པ་ལངས་དུས9སྡིག་པ་མི་བསག་ཀ་མེད་དུ་གྱུར་ཏེ་མཐའ་བཞིའི་དམག་རྣམས་ཞི་བར་བྱས་ཏེ་རྒྱལ་རོང་རྒྱལ་ཁག་བཅུ་བོ་དབང་དུ་བསྡུས་ཚུལ་བསྟན་ཏེ་ལྷས་སྐྱོང་གོང་མ་ཆན་ལུང་གི་བཀའ་བཞིན་དུ་གཡུང་དྲུང་ལྷ་སྟེང་བཞེངས་སྐྲུན་བྱས་པའི་གནས་ཚུལ་གསལ་བོར་བཀོད་ཡོད།

རབ་བརྟན་རྒྱལ་པོ་མི་དབང་ནམ་མཁའ་རྒྱལ་པོ་ཁོང་ནི་ཆན་ལུང་ཁྲི་ལོ་སོ་ལྔ་པ་སྟེ་སྤྱི་ལོ1770ལོའི་ཟླ4པར་སྐུ་གཤེགས་པ་དང་། དེ་རྗེས་ཁོའི་བུ་བསོད་ནམས་ཀྱིས་རྒྱལ་སྲིད་བཟུང་། དེར་བརྟེན། རྡོ་རིང་གི་ཡི་གེ་འདིས་ནམ་མཁའ་རྒྱལ་པོ་ནི་རྡོ་རྗེ་རྒྱལ་གྱི་བུ་མིན་པར་སྤུན་ཟླ་ཡིན་པའི་བཤད་ཚུལ་ལ་དགག་པའི་ལུང་ཁུངས་བཙན་པོ་ཞིག་སྤྲད་ཡོད།

༣ གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་ཀྱི་བརྒྱུད་རིམ་དང་ལོ་ཚིགས་གསལ་བོར་བཀོད་པ།

རྡོ་རིང་དུ།“ལྷ་སྡེ་ཚོགས་པ་ཡི་ས་ཕོ་བྱི་བ་ལོར་བསྟན་པའི་འགོ་ཟུགས། གཤེད་གཞི་ལོ་བ་བསྟན་རིམ་དྲི་མེད་འབྱུང་། སྤྱོད་པའི་དུས་ན་ནུབ་ཀྱང་མཐའ་ནས་དར”ཞེས་བཀོད་པ་བཞིན། རབ་བརྟན་ནམ་མཁའ་རྒྱལ་པོས་མེ་ཁྱི་ལོ(1766)ལོའི་ཟླ5པའི་ཚེས8ཉིན། དགོན་པའི་རྨང་གཞི་བཏང་སྟེ་བསོད་ནམས་རྒྱལ་མཚན་བྱ་བས་གཞི་བརྟན་པོ་བཙུགས་ཏེ་དགེ་བའི་ལྟས་རྨད་དུ་བྱུང་བ་མང་པོ་བྱུང་ཞིང་། དེར་ལས་བྱེད་པའི་གཡོག་ཏུ་རྒྱལ་རོང་ལྕགས་ལའི་རོང་མི་དང་། བཙན་ལའི་འབངས་མི། ཝོ་གཞིའི་འབངས་མི། སོ་མོ་དང་། རྫི་འགག ཅོག་ཙེ་གསུམ་གྱི་འབངས། དམ་བྷའི་བློན་འབངས་དང་ཁྲོ་སྐྱབས་ཀྱི་འབངས། དགེ་བཤེས་དང་ཡར་རྒན་རྒྱལ་པོའི་འབངས་མི་བཅས་རྒྱལ་ཁག་བཅུ་པོའི་མངའ་འབངས་གཡོག་ཏུ་བཀོལ་ནས་ཟླ་བཞིའི་རིང་དུ་གྲུབ་པར་བྱས་ཤིང་། ཕག་ལོ་སྟེ1767ལོར་དགོན་པའི་ཁང་ཚན་བརྒྱ་དང་བཅོ་ལྔ་ཡོངས་སུ་གྲུབ་པ་དང་། ཟླ་ལྔ་པའི་ཡར་ཚེས་སུ་བོད་རོང་གི་ལྷ་བཟོས་ལྷ་བྲིས་ཏེ་ཟླ་བཅུ་གཅིག་པའི་ནང་དུ་ཡོངས་སུ་གྲུབ། དེ་ནས་མཁན་ཆེན་བསོད་ནམས་རྒྱལ་མཚན་དང་། སྲག་ངེས་བླ་མ་ཤེས་རབ་གཡུང་དྲུང་། རྟོགས་ལྡན་རྣམ་བཞིས་གཞི་ལམ་འབྲས་གསུམ་ལས་ལམ་གྱི་རབ་གནས་མཛད་དེ་ངོ་མཚར་བའི་རྟེན་འབྲེལ་མང་པོ་བྱུང་། དེ་ནས་བཀའ་བླུགས་རྒྱལ་བསྟན་དང་། སྨོན་རྒྱལ་རབ་འབྱམས་བསྟན་པའི་རྒྱལ་མཚན། སྨོན་རྒྱལ་མཁན་རྗེ་སངས་རྒྱས་རིན་ཆེན་སོགས་ཀྱིས་འབྲས་བུའི་རབ་གནས་མཛད་དེ་རྟེན་འབྲེལ་ངོ་མཚར་བ་བྱུང་། དེ་ཡང་རྣམ་དག་བླ་མ་བསྟན་གཡུང་གིས་གཞིའི་རབ་གནས་བྱས། འདི་ལས་དུས་རབས་བཅོ་བརྒྱད་པའི་ལོ་རབས་དྲུག་ཅུའི་ཡར་སྔོན་དུ་རབ་བརྟན་རྒྱལ་པོ་ནི་རྒྱལ་ཁག་འདི་བཅུ་པོའི་འགོ་པ་དང་བདག་པོ་ལྟ་བུ་ཡིན་ཏེ་དེའི་སྟོབས་དང་དབང་ཐང་ཆེ་བ་གསལ་བོར་མཚོན་ཡོད་ཅིང་། བསྐྱར་བཞེངས་བྱས་པའི་རིམ་པ་སོ་སོའི་ལོ་ཚིགས་གསལ་བོར་བཀོད་པ་དེས་གོང་མ་ཆན་ལུང་སྔོན་གྱི་གཡུང་དྲུང་ལྷ་སྟེང་ནམ་བཞེངས་པའི་ལོ་ཚིགས10ལ་གཞི་འཛིན་དང་ཁུངས་ལུང་བཙན་པོ་ཞིག་སྤྲད་ཡོད།

༤ ནམ་མཁའ་རྒྱལ་པོ་ཀུན་གྲོལ་གྲགས་པའི་མདུན་ནས་རབ་ཏུ་བྱུང་ཚུལ་བཀོད་པ།

དེ་ཡང་རྡོ་རིང་དུ། ནམ་མཁའ་རྒྱལ་པོས་འཇིག་རྟེན་སྒྱུ་མའི་རྣམ་རོལ་མངོན་པར་གཟིགས་ཏེ་རིག་འཛིན་ཀུན་གྲོལ་གྲགས་པ་དང་། མཁན་ཆེན་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་སོ་ཐར་གྱི་སྡོམ་པ་བླངས་ཏེ་མཚན་ལ་སྔ་ཕྱིར་ནམ་མཁའ་གཡུང་དྲུང་ཡེ་ཤེས་དབང་གི་རྒྱལ་དང་། ནམ་མཁའ་ཡེ་ཤེས་ཞེས་སུ་གསོལ་ཞིང་། ཚངས་པའི་སྤྱོད་ཚུལ་གྱིས་བྱང་སེམས་ཀྱི་འདབ་མ་ལེགས་པོར་བཞད་དེ་ལུང་དང་མཐུན་པའི་སྒོ་ནས་ས་བྱི་སྤྱི་ལོ1768ལོར་དགོན་ཆེན་པོ་གཡུང་དྲུང་ལྷ་སྟེང་དགོན་ལ་འགྱེད་དང་མཆོད་རྫས་མི་དམན་པ་བཏང་ཞིང་། སྨོན་རྒྱལ་རབ་འབྱམས་དང་མཁན་ཆེན་བསོད་ནམས་རྒྱལ་མཚན་གཉིས་གོང་དུ་བཀུར་ཏེ་དགོན་པའི་བཅའ་འགྲིགས་ལ་སོགས་ནི་མཉམ་མེད་ཀྱི་རྗེས་སུ་འབྲང་བ་བྱས་ཏེ་རྒྱལ་བའི་བསྟན་པ་དར་སྤེལ་དུ་བཏང་ཞེས་མཆོད་པ་དང་ཡོན་བདག་དང་དགོན་པ་གསུམ་གྱི་ལོ་རབས་བསྟན་ཡོད་དོ། །

༥ མཐའ་མའི་མཇུག་སྡུད་དུ་བཀྲ་ཤིས་སྨོན་ལམ་བཀོད་པ།

དེ་ནི་ཚེག་བར་བཅོ་ལྔ་ཅན་གྱི་ཤོ་ལོ་ཀ་བརྒྱད་ཀྱིས་གྲུབ་ཅིང་། ཚིག་རྐང་སོ་གསུམ་ཡོད་པ་དང་། དེར་མཐའ་ཡས་ཕྱོགས་བཅུའི་རྒྱལ་བ་ཡོངས་ཀྱི་རྩ་བ་དཔལ་ལྡན་བླ་མ་ཞེས་སྐྱབས་ཀྱི་མཆོག་ཏུ་གྱུར་པ་དང་། སྦྱིན་པ་མཛད་མཁན་གྱི་ཀུན་གྲོལ་གྲགས་པས་བཀའ་བསྟོད་ལེགས་པར་གཟིགས་པའི་སྨོན་ལམ་བཏབ་ཅིང་། ཁོང་ཉིད་ཀྱི་ཐུགས་རྗེས་སྙིང་དུ་སྒོམ་ནས་ཕས་ཀྱི་རྐྱེན་མང་འཇོམས་པར་བྱས་ཏེ་འགྲོ་བ་མི་ཀུན་ལེགས་པར་འཚོ་ཞིང་དགེ་ལེགས་དཔལ་སྤྱོད་པར་གྱུར་པའི་སྨོན་ལམ་བཏབ་པ་དང་། རབ་བརྟན་གྱི་རྒྱལ་རྒྱུད་བརྗིད་པར་བསྟོད་བསྔགས་དང་གཡུང་དྲུང་བོན་གྱི་བསྟན་པ་མི་ནུབ་པའི་བཀྲ་ཤིས་སྨོན་ལམ་བཏབ་ཡོད་དོ།།

གཉིས། རྡོ་རིང་གི་ལྷོ་ངོས་ཡི་གེར་བྱུང་བའི་མི་སྣའི་བར་གྱི་འབྲེལ་བ།

ནམ་མཁའ་རྒྱལ་པོའི་ཡབ་ནི་རྡོ་རྗེ་རྒྱལ་ཡིན་པ་དང་། ཁོང་གི་རྒྱལ་རྒྱུད་འཛིན་མཁན་ནི་མཁས་མཆོག་ཚུལ་ཁྲིམས་དབང་རྒྱལ་དང་། བསོད་ནམས་ཕུན་ཚོགས་རྒྱལ་བ་འོད་ཟེར། བསོད་ནམས་དབང་གི་རྒྱལ་པོ་གྲགས་རྒྱལ། སྟོན་པ་ཟེ་བཅས་ཡིན། མེ་ཁྱི་ལོར་གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་སྐབས་སུ་གཞི་ལམ་འབྲས་གསུམ་གྱི་རབ་གནས་མཛད་པ་སྟེ། གཞི་བརྟན་རྨང་འདིང་མཁན་ནི་བསོད་ནམས་རྒྱལ་མཚན་དང་། དེར་ལམ་གྱི་རབ་གནས་མཛད་མཁན་ནི་མཁན་ཆེན་བསོད་ནམས་རྒྱལ་མཚན་དང་། སྲག་ངེས་བླ་མ་ཤེས་རབ་གཡུང་དྲུང་། རྟོགས་ལྡན་རྣམ་བཞི་ཡིན་ཞིང་། འབྲས་བུའི་རབ་གནས་སྤེལ་མཁན་ནི་རྒྱལ་བསྟན་དང་། སྨོན་རྒྱལ་བསྟན་པའི་རྒྱལ་མཚན། སྨོན་རྒྱལ་མཁན་རྗེ་སངས་རྒྱས་རིན་ཆེན་ཡིན། བཤད་གྲྭ་དགའ་ལྡན་རབ་སྤྲོའི་རབ་གནས་གནང་མཁན་བསྟན་གཡུང་གིས་བྱས་ཤིང་། དེའི་མངའ་འབངས་སུ་རྒྱལ་རོང་རྒྱལ་ཁག་བཅུ་པོ་ཡོད།

ཀུན་གྲོལ་གྲགས་པ་དང་བསོད་ནམས་རྒྱལ་མཚན་ནི་ནམ་མཁའ་རྒྱལ་པོའི་བླ་མ་ཡིན་ཏེ། ཀུན་གྲོལ་གྲགས་པའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ནམ་མཁའ་དབང་གི་རྒྱལ་གསོལ་བ་དང་། བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་སོ་ཐར་གྱི་སྡོམ་པ་བླངས་ཏེ་ནམ་མཁའ་ཡེ་ཤེས་ཞེས་སུ་བཏགས་ཤིང་། ཀུན་གྲོལ་གྲགས་པ་དང་རབ་བརྟན་རྒྱལ་པོའི་དབར་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཚུལ་ནི། ཁོང་གི་རྣམ་ཐར་དུ། “ད་ལྟ་བཙན་གཉའ་ལི་ཝེར་གདུངས་གྲོལ་བའི།། ཆུ་ཆེན་མངའ་བདག་རབ་རྟན་མི་དབང་རྒྱལ། མཆོད་ཡོན་ཉི་ཟླའི་ཟུངས་གཅིག་སྤྲས་པའི་འདི། །བོན་གྱི་རྒྱལ་མཚན་ཚུགས་པའི་རྟེན་འབྲེལ་འགྲིག། མ་བསྒྲིགས་རྟེན་འབྲེལ་ངོ་མཚར་ཕུན་སུམ་ཚོགས། སྐྱབས་མཆོག་གོང་མ་རྣམས་ཀྱི་ཐུགས་རྗེ་ཡིན། དེ་ཡང་ཇི་སྲིད་འཁོར་བ་མ་སྟོང་པར།།རྟེན་འབྲེལ་སྙིང་པོའི་འགྲོ་ཀུན་འཚེ་བ་སྨོན། ཁྱད་པར་བསྟན་པའི་སྦྱིན་བདག་མི་ཡི་དབང་། རབ་རྟེན་རྒྱལ་གྱི་མངའ་དབང་ས་བསྐོར་ལ། ནད་མཚོན་མུ་གེ་བསྐལ་པ་རབ་ཞི་ནས། བཀྲ་ཤིས་བདེ་ལེགས་ནམ་མཁའི་མཐའ་མཉམ་ཤོག ཅེས་བདེན་ཚིག་གེ་སར་རྒྱན་འཕྲེང་བྱ་བ་འདི་ནི་དུས་སྙིགས་མའི་ཁོ་བོ་ཀུན་གྲོལ་གྲགས་པ་བདག་གིས། བསྟན་པའི་སྦྱིན་བདག་ཆེན་པོ། ཆུ་ཆེན་རབ་བརྟན་རྒྱལ་པོ་དང་། མཆོད་ཡོན་ཤེལ་དཀར་ཕྲེང་བ་བཞིན་དུ་རྟེན་འབྲེལ་འགྲུབ་པར་གྱུར་ཅིག་གི་སྨོན་པ་དང་བཅས་པ་ཨི་ཐི། 11ཞེས་པ་འདི་ལས་ཀུན་གྲོལ་གྲགས་པས་རབ་བརྟན་རྒྱལ་པོ་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ་རྟེན་འབྲེལ་འགྲུབ་པའི་སྨོན་ལམ་བཏབ་པ་མཚོན་པ་དང་། དེ་མིན་རབ་བརྟན་རྒྱལ་པོ་ནི་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་ཡིན་པ་དང་། ཁོང་ནི་བཙན་གཉའ་ལི་ཝེར་གྱི་གདུང་ལས་གྲོལ་བ་དང་། རྒྱལ་པོས་བོན་གྱི་བསྟན་པའི་རྒྱལ་མཚན་འཛུགས་ཐུབ་པ་བསྟན་པས། འདི་ལས་རབ་བརྟན་རྒྱལ་པོས་བོན་གྱི་འདུས་སྡེ་ཆེན་མོ་གཡུང་དྲུང་ལྷ་སྟེང་དགོན་རྒྱ་བསྐྱེད་དགོས་ཚུལ་གྱི་ཐུགས་དགོངས་སོགས་གསལ་བོར་བསྟན་ཡོད། ཀུན་གྲོལ་གྲགས་པས་རྒྱལ་རོང་རྒྱལ་ཁག་སོ་སོ་ལས་དགེ་བཤེས་རྒྱལ་པོ་དང་། འགྲན་གྱི་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ། རབ་བརྟན་རྒྱལ་པོ་སོགས་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ་བླ་མ་སངས་རྒྱས་གླིང་པའི་ལུང་བསྟན་ཇི་བཞིན་རྒྱལ་རོང་ས་ཁུལ་དུ་བོན་གྱི་འགྲོ་དོན་རྒྱ་ཆེར་སྤེལ་ལོ། །

 

གསུམ། རྡོ་རིང་གི་བྱང་ངོས་ཡི་གེའི་མ་ཡིག་དང་དེའི་དཔྱད་པ།

༡ རྡོ་རིང་གི་བྱང་ངོས་ཀྱི་བོད་ཡིག་གི་མ་ཡིག་དང་དཔྱད་པ།

 

1 ༄༅༎སྭསྟི་ཕུན་ཚོགས་དགེ་ལེགས་ཐོབས་2 བསྟན་པའི་སྐུ། མཐའ་ཡས་འགྲོ་བའི་རེ་བསྐོང་བའི་གསུང་

3 མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། ཤཱཀྱ་4 གཙོ་བོ་དེ་ལ་མཐོལ་ཕྱག་འཚལ། ཐུ་མེད་སྟོན་པ་

5 དེ་ཡི་སྲས་ཀྱི་མཆོག རྒྱལ་བའི་མཛད་པ་ཀུན་6 གྱི་ཁུར་བསྣམས་ནས། གྲངས་མེད་ཉིད་དུ་སྤྲུལ་དང་

7 རྣམ་རོལ་བ། མི་ཕམ་འཇམ་པའི་དབྱངས་ལ་ཕྱག་8 འཚལ་ལོ།། གངས་ཆེན་ཤིང་རྟའི་

9 སྲོལ་འབྱེད་ཙོང་ཁ་པ། དངོས་ 10 སྟོབས་རིགས་པའི་དབང་ཕྱུག་རྒྱལ་

 

11ཚབ་རྗེ།། མདོ་སྔགས་བསྟན་པའི་ 12བདག་པོ་མཁས་གྲུབ་དཔལ།

13 རྒྱལ་བ་ཡབ་སྲས་གསུམ་ལ་གུས་ཕྱག་ 14 འཚལ། ཞེས་ཕྱག་འཚལ་ཞིང་དང

15 བས་སྐྱབས་སུ་མཆིའོ།། དེ་ཡང་ 16 མཁན་ཆེན་བློ་བཟང་འཇམ་དབྱངས

17 ཞིང་གཤེགས་འདི་ཉིད་ཀྱིས། ཁྱན 18 ལུང་ཁྲི་བཞུགས་ལོ་གསུམ་རང་ལོ་

 

19 བཅུ་ཕྲག་ལོ་ཚེ་རབ་ཏུ་བྱུང་བ་ཡིན། 20 ཁྱན་ལུང་བཅུ་གཉིས་རང་ལོ་བཅུ་དགུའི་

21 ཐོག་ལ་ལྷ་སར་ཕེབས་ནས་གྲ་ས་ 22 ཞུགས། དེ་ནས་ཚེསལ་བསླབ་སྦྱངས་

 

23 ཁོ་ནའི་ངང་དུ་ལོ་གྲངས་ཉི་ཤུ་རྩ་ 24 བདུན་བཞུགས། ཁྱན་ལུང་བཞི་བཅུའི་

25 ཐོག་ལ། ༧འཇམ་དབྱངས་གོང་མ་ཆེན་ 26 པོའི་བཀའ་ལུང་གིས་རྒྱ་ནག་ཡུལ་དུ་

 

27 བྱོན། ཁྱན་ལུང་ཞེ་ཅིག་ལོན་ཚེ་ཞུ་ཧོར་ 28 པོ་ཊ་ལལོ་གྲངས་ལྔ་

29 ཙམ་བཞུགས་པ་ཡིན། ཁྱན་ལུང×× 30ཉུག་ཐོག་ལ། ༧གོང་མའི་བཀའིས་རི་བོ་

 

31རྩེ་ལྔར་ལོ་གྲངས་བཞི་ཙམ་བཞུགས། 32 དེ་ནས་གོང་མ་ཆེན་པོའི་བཀའ་ཁྱན་

 

33 ལུང་ཞེ་དགུའི་ཐོག་ལ་རྒྱལ 34 ཀྭང་ཧྥ་ཟི་ལ་སླེབ་ཡོད ཁྱེན་

35 ལུང་ང་ལྔ་ཟླ་བ་དང་པོའི་ཚེས་དགུའི་ 36 ཉིན་ལ་ཛ་སག་པཎྚི་ཏའི་ཆོ་ལོ་གནང་

37བ་ཡིན། ཁྱན་ལུང་ལྔ་བཅུ་ང་དགུ་དགོང་ 38 ལོ་རེ་དྲུག་ལོན་ཚེ་མཁན་ཆེན་བློ་བཟང་

39 འཇམ་དབྱངས་འདི་ཉིད་དག་ཞིང་དུ་གཤེག 40 དེ་ཚེ་ཉེར་གནས་ཀུན་གྱིས་དགོངས་

41རྫོགས་ལ་སོགས་འབྱོར་ཚད་གང་ནས་སྟག་སེང་ 42 བསྣུབས་སྐུདངུལ་སྲང་

43 བརྒྱ་འགྲོ་བ་ཡིན།  44ཆད་ཕུལ་སྤྲོ་སྣང་སོགས་སྤོས་དང་མཆོད་མེའི་འབས་

45 སོགས། འབྱོརབཞག་པ་ཡིན། གོང་གི 46 འབྲས་བུནས་ཤིང་བཤགས་པའི་ཐར་བ་བླ་ན་མེད

47 རིན་རྒྱུར་གྱུར་ཅིག ། 

བྱང་ཕྱོགས་སུ་འཁོར་བའི་རྡོ་རིང་ཡི་གེ་འདིའི་ནང་དོན་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་བསྟན་འཕེལ་གླིང་དུ་བསྒྱུར་རྗེས་སུ་བརྐོས་པ་ཤ་སྟག་ཡིན་ཞིང་། དེར་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཡོད་པ་དང་། འདིར་ལྟ་བདེ་བའི་ཆེད་དུ་ཐིག་ཕྲེང་སོ་སོར་ཨང་གྲངས་བཀོད་ནས་རིམ་པ་ལྟར་བྲིས་ཡོད།

དེར་དང་པོ་སྟོན་པ་ཤཱཀྱ་ཐུབ་པ་དང་། འཇམ་པའི་དབྱངས། ཙོང་ཁ་པ། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ་ཞེས་རྒྱལ་བ་ཡབ་སྲས་གསུམ་སོགས་ལ་མཆོད་པ་དང་གུས་ཕྱག་འཚལ་བ་བསྟན་ཞིང་། དེ་ནས་དངོས་གཞིའི་ནང་དུ་བསྟན་འཕེལ་གླིང་གི་མཁན་ཆེན་བློ་བཟང་འཇམ་དབྱངས་ཞིང་དུ་གཤེགས་པ་དང་། ཁོང་གི་མི་ཚེ་གང་བོའི་ལོ་རྒྱུས་ཀྱི་མཛད་པ་ཞིབ་པར་བཀོད་ཡོད། མཐའ་མར་བསྔོ་བ་དང་སྨོན་ལམ་གྱིས་མཇུག་བསྡུས་ཤིང་། འདིར་མཁན་ཆེན་བློ་བཟང་འཇམ་དབྱངས་ནི《མདོ་སྨད་ཆོས་འབྱུང》དང་དུང་རི་བླ་མ་བཤད་སྒྲུབ་རྒྱ་མཚོས་མཛད་པའི《རྒྱལ་མོ་རོང་གི་དགོན་ཆེན་གཡུང་དྲུང་ལྷ་སྟེང་གི་ལོ་རྒྱུས་མདོར་བསྡུས》གཉིས་ཀྱི་ཁྲོད་དུ་བཀོད་པའི་བསྟན་འཕེལ་གླིང་གི་མཁན་པོ་རིམ་བྱོན་གྱི་ཁྲོད་དུ་དང་པོ་སངས་རྒྱས་འོད་ཟེར་ནས་བརྩིས་པའི་མཁན་རབས་གསུམ་པ་ཡིན། ཁོང་གི་མི་ཚེའི་ལོ་རྒྱུས་དང་མཛད་རྗེས་མདོར་བསྡུས་ཙམ་བཀོད་པ་ནི།

ཆན་ལུང་ཁྲི་ལོ12 གསུམ་པ་སྤྱི་ལོ1738ལོར་བློ་བཟང་འཇམ་དབྱངས་ཁོང་ཉིད་རང་ལོ་བཅུར་སོན་ཏེ་རབ་ཏུ་བྱུང་བ་དང་། ཆན་ལུང་ཁྲི་ལོ་བཅུ་གཉིས་པ་སྤྱི་ལོ1747ཏེ། ཁོ་རང་ལོ་ན་བཅུ་དགུའི་ཐོག་ལྷ་སར་ཕེབས་ནས་གྲྭ་སར་ཞུགས་ཏེ་ལོ་ངོ་ཉེར་བདུན་རིང་སློབ་གཉེར་བྱས་ཤིང་། ཆན་ལུང་ཁྲི་ལོ་བཞི་བཅུ་པ་སྤྱི་ལོ1775དང་། རང་ལོ་ཞེ་བདུན་གྱི་སྟེང་འཇམ་དབྱངས་གོང་མ་ཆེན་པོའི་བཀའ་ཕེབས་ཏེ་རྒྱ་ནག་ཡུལ་དུ་ཕེབས་པ་དང་། ཆན་ལུང་ཁྲི་ལོ་ཞེ་གཅིག་པ་སྤྱི་ལོ1776ལོར་(རང་ལོ་ཞེ་བརྒྱད)ཞེ་ཧོར་པོ་ཏ་ལ་ཆུང་བ་ནས་ལོ་ལྔ་ཙམ་བཞུགས། དེ་ནས་གོང་མས་བཀའ་ཕབ་སྟེ་ཆན་ལུང་ཁྲི་ལོ་ཞེ་དྲུག་པ་སྤྱི་ལོ1780ལོར(རང་ལོ་ང་གཉིས)་རི་བོ་རྩེ་ལྔ་ནས་ལོ་གྲངས་བཞིར་བསྡད་པ་དང་། དེ་ནས་གོང་མ་ཆེན་པོའི་བཀའ་ཕབ་ནས་ཆན་ལུང་ཞེ་དགུའི(སྤྱི་ལོ1784དང་རང་ལོ་ང་དྲུག)ཐོག་ཀྭང་ཧྥ་ཟི13རུ་སླེབས་པ་སྟེ། དེ་ནས་གོང་མ་ཆེན་པོའི་བཀའ་ཆན་ལུང་ཁྲི་ལོ་ང་ལྔ་པ་སྤྱི་ལོ1790ལོའི་(བློ་བཟང་འཇམ་དབྱངས་རང་ལོ་དྲུག་ཅུ་རེ་གཉིས)ཟླ་དང་པོའི་ཚེས་དགུ་ཉིན་ཛ་སག་པཎྚི་ཏའི14ཆོ་ལོ་གནང་བ་དང་། ཆན་ལུང་ཁྲི་ལོ་ལྔ་བཅུ་ང་དགུ(སྤྱི་ལོ1794ལོ)དང་རང་ལོ་རེ་དྲུག་ལོན་ཚེ་མཁན་ཆེན་བློ་བཟང་འཇམ་དབྱངས་འདི་ཉིད་དག་པའི་ཞིང་དུ་གཤེགས་པ་དང་། དེ་ཚེ་ཉེར་གནས་ཀུན་གྱིས་ཁོང་ཉིད་དགོངས་པ་རྫོགས་པའི་དུས་མཆོད་དུ་སྐུ་དང་དངུལ་སྲང་ལ་སོགས་ཕུལ་བ་དང་། དེ་མིན་སྤྲོ་སྣང་ཡུལ་སོགས་ཀྱི་མང་ཚོགས་ཀྱིས་སྤོས་དང་མཆོད་མེ་བསམ་གྱིས་མི་ཁྱབ་པ་བཞག་སྟེ་འབྲས་བུ་དེ་དག་ལས་ཞིང་དུ་གཤེགས་པའི་ཐར་བ་བླ་ན་མེད་པའི་རིན་པོ་ཆེའི་རྒྱུར་གྱུར་ཅིག་ཅེས་བསྔོ་བའི་སྨོན་ལམ་བཏབ་པའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་ཅིང་། བསྟན་འཕེལ་གླིང་གི་མཁན་རབས་གསུམ་པ་བློ་བཟང་འཇམ་དབྱངས་ནི་སྤྱི་ལོ1729ལོར་སྐུ་འཁྲུངས་པ་དང་། སྤྱི་ལོ1794ལོར་སྐུ་གཤེགས།

དེ་ལས་རྡོ་རིང་སྟེང་གི་ཡི་གེ་འདི་ནི་ཛ་སག་པཎྚི་ཏ་བློ་བཟང་འཇམ་དབྱངས་སྐུ་གཤེགས་རྗེས་སུ་བྲིས་པ་ཤེས་ཐུབ། དེ་མིན་གོང་འཁོད་ཀྱི་ཡི་གེ་ལས། “གོང་མ་ཆེན་པོའི་བཀའ་ཆན་ལུང་ཞེ་དགུའི་ཐོག་ལ་རྒྱལཀྭང་ཧྥ་ཟི་ལ་སླེབ་ཡོད།”ཅེས་པ་ལྟར་ན། ཁོང་ནི་སངས་རྒྱས་འོད་ཟེར་ནས་བརྩིས་པའི་མཁན་རབས་གསུམ་པ་ཡིན་ཞིང་། དེར་མཁན་རབས་སོ་སོར་ལོ་གསུམ་དུ་བསྡད་པ་ཡིན་ན། མཁན་པོ་སངས་རྒྱས་འོད་ཟེར་དུས་ནི། “ཆན་ལུང་ཁྲི་ལོ་ཞེ་གཅིག་པའི་ཟླ་བཅུ་པ་ཡིན”15ཏེ། དེ་ནི་ཆུ་ཆེན་དམག་འཁྲུག་ཐེངས་གཉིས་པའི་མཇུག་རྫོགས་མ་ཐག་སྟེ་སྤྱི་ལོ1776ལོ་ཡིན་ཞིང་། དེ་ལོ་གསུམ་འགོར་བ་ན་སྤྱི་ལོ1779ལོ་དང་། དེ་ནས་མཁན་པོ་གཉིས་པ་ཅོ་ནེ་གྲགས་པ་ཕུན་ཚོགས་ལོ་གསུམ་དུ་བསྡད་ཚར་དུས་སྤྱི་ལོ1782ལོ་ཡིན། དེས་ན་གོང་གི་རྡོ་རིང་ཡི་གེ་ལྟར་ན་མཁན་པོ་བློ་བཟང་འཇམ་དབྱངས་ཁོང་ཉིད་བསྟན་འཕེལ་གླིང་དུ་སླེབས་དུས་ནི་སྤྱི་ལོ1784ལོ་ཡིན་ཞིང་། སྤྱིར་ཡིན་ན་ལོ་གཉིས་སམ་གསུམ་ཡིན་མོད། འོན་ཀྱང་ལམ་ཐག་དང་མཁན་པོ་རང་ངོས་ཀྱི་གནས་ཚུལ། དགོན་པའི་གནས་ཚུལ་གྱི་ཆ་ནས་མཚམས་རེར་ལོ་གསུམ་དང་བཞིར་འདུག་པའི་ངེས་པ་མཆིས་པས། རྡོ་རིང་ངོས་ཀྱི་རྒྱུ་ཆ་འདིར་གཞིགས་ན་བསྟན་འཕེལ་གླིང་གི་མཁན་རབས་གསུམ་པ་ནི་བློ་བཟང་འཇམ་དབྱངས་ཡིན་པ་ཁག་ཐེག་བྱས་ཆོག

༢ རྡོ་རིང་གི་བྱང་ངོས་ཀྱི་རྒྱ་ཡིག་གི་མ་ཡིག་དང་དཔྱད་པ།

རྡོ་རིང་བྱང་ངོས་ཀྱི་གཡས་ནས་གཡོན་དུ།

བྱང་ངོས་ཀྱི་དཀྱིལ་དུ“皇清诰赠”ཞེས་བྲིས་ཡོད།

སྟར་ཕྲེང་དང་པོ། 堪布大喇嘛一视同仁 开场黄教经典 远方之人无不悦从敬奉 期寿命延

སྟར་ཕྲེང་གཉིས་པ། 长不意天不加年意别尘而登仙境徒众谨择良辰葬于寺之东隅山垂永

སྟར་ཕྲེང་གསུམ་པ། (འོག)以期报答于万亡公尔 (སྟེང)乾隆岁次乙卯月望 夕日

སྟར་ཕྲེང་བཞི་པ། 钦命广法寺班智达扎萨克大喇嘛罗——桑扎木之灵柩

རྡོ་རིང་གི་བྱང་ངོས་དེ་ཁག་ཆེ་བ་གཉིས་སུ་བགོས་ཡོད་ཅིང་། དེར་ངོས་དེའི་གཡས་ཕྱོགས་སུ་རྒྱ་ཡིག་གིས་མཁན་ཆེན་བློ་བཟང་འཇམ་དབྱངས་སྐུ་གཤེགས་པའི་གདུང་རྟེན་ཡིན་པར་མ་ཟད། སྟར་ཕྲེང་གཉིས་པའི་ནང་དུ་མཁན་པོ་ཁོང་ཉིད་དགོན་པའི་ཤར་རིའི་འདབས་སུ་སྦས་ཏེ་དམ་པ་ཁོང་གི་བཀའ་དྲིན་གསོལ་བ་ཡིན་ཞེས་ཆན་ལུང་ཁྲི་ལོ་དྲུག་ཅུ་སྟེ་སྤྱི་ལོ1795ལོ་ཡིན། སྟར་ཕྲེང་བཞི་པར ༼ “བསྟན་འཕེལ་གླིང་དུ་མངག་གཏོང་བྱས་པའི་པཎྚི་ཏ་ཛ་སག་བླ་མ་ཆེན་པོ་བློ་བཟང་འཇམ་དབྱངས་ཀྱི་གདུང་སྒམ”ཞེས་པ་འདི་ལས། རྒྱ་བོད་ཡིག་རིགས་གཉིས་ཀས་མཁན་པོ་བློ་བཟང་འཇམ་དབྱངས་སྐུ་གཤེགས་ཏེ་ཁོར་དྲན་གསོའི་ཚུལ་དུ་གདུང་སྒམ་བཞེངས་པ་བསྟན་པར་མ་ཟད། རྒྱ་ཡིག་དེ་བོད་ཡིག་ལས་ལོ་གཅིག་གིས་འཕྱི་བ་སྟེ། གོང་དུ་སྨོས་པ་ཇི་བཞིན་མཁན་པོ་བློ་བཟང་འཇམ་དབྱངས་ནི་ཆན་ལུང་ཁྲི་ལོ་ང་དགུ་པ་སྤྱི་ལོ1794ལོར་དགོངས་པ་རྫོགས་ཤིང་། རྒྱ་ཡིག་འདིར་ཆན་ལུང་ཁྲི་ལོ་དྲུག་ཅུ་པ་སྤྱི་ལོ1795 ལོ་ཞེས་གསལ་བས། སྐུ་གཤེགས་པ་ནས་གདུང་སྒམ་འབུལ་བའི་བར་དུ་ལོ་གཅིག་སོང་ཡོད་པ་རྟོགས་ཐུབ།

 

བཞི་པ། རྡོ་རིང་ལས་འཕྲོས་པའི་བན་བོན་གྱི་འབྲེལ་བ།

རྡོ་རིང་གི་ངོས་གཉིས་སུ་བྲིས་པའི་ཡི་གེ་འདི་ནི“གཡུང་དྲུང་ལྷ་སྟེང་དགོན”དང་“བསྟན་འཕེལ་གླིང”གི་ལས་དབང་དང་ལོ་རྒྱུས་ཀྱི་འཕེལ་རིམ་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། “གཡུང་དྲུང་ལྷ་སྟེང་དགོན”དང་འབྲེལ་ནས་རྡོ་རིང་གི་ལྷོ་ཕྱོགས་སུ་འཁོར་བའི་ངོས་དེའི་ཡི་གེ་བྱུང་བ་དང་། “བསྟན་འཕེལ་གླིང”དང་འབྲེལ་ནས་རྡོ་རིང་གི་བྱང་ངོས་སུ་བྲིས་པའི་ཡི་གེ་དེ་བྱུང་བས་ན། རྡོ་རིང་འདི་ནི་ཆུ་ཆེན་རྫོང་ཨན་ཉིང་ཤང་དུ་གནས་པའི་ཐུན་མོང་མ་ཡིན་པའམ་དམིགས་བསལ་ཅན་གྱི་དགོན་པ་འདིའི་ཀྱག་ཀྱོག་གི་ལོ་རྒྱུས་མཚོན་པའི་བདེན་དཔང་ཞིག་ཡིན་ལ། ཡང་ཕྱོགས་གཞན་ཞིག་གི་ངོས་ནས་བརྗོད་ན་རྡོ་རིང་གི་ངོས་གཉིས་པོ་དང་དགོན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མི་འདྲ་བ་འདི་གཉིས་པོས་སྐབས་དེའི་བོན་དང་ཆོས་གཉིས་ཀྱི་འབྲེལ་བ་མཚོན་ཞིང་། དགོན་པས་འབྲེལ་བ་འདི་གཉིས་པོའི་ཁྲོད་དུ་གོ་གནས་དང་ནུས་པ་ཅི་འདྲ་ཞིག་འདོན་བཞིན་ཡོད་པ་གསལ་བོར་རྟོགས་ཐུབ་སྟེ། རབ་བརྟན་མི་དབང་ནམ་མཁའ་རྒྱལ་པོས1766ལོར་རྒྱལ་རོང་རྒྱལ་ཁག་བཅུ་པོ་ལས་གཡོག་ཏུ་བཀོལ་ནས་བོན་གྱི་འདུས་སྡེ་ཆེན་མོ་གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་བྱས་ཤིང་། ཁོང་གིས་བོན་གྱི་གཏེར་སྟོན་གྲགས་ཅན་ཀུན་གྲོལ་གྲགས་པ་སོགས་སློབ་དཔོན་ཏུ་བསྟེན་ནས་བོན་བསྟན་རྒྱ་ཆེར་དར་སྤེལ་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་མ་ཟད། ཀུན་གྲོལ་གྲགས་པས་སྐབས་དེར་ཁོང་གི་བླ་མ་སངས་རྒྱས་གླིང་པའི་རྟེན་འབྲེལ་བཞི་པ་རྒྱལ་རོང་ཡུལ་དུ་འགྲོ་དོན་བསྒྲུབ་པའི་བཀའ་བཞིན་རྒྱལ་རོང་ཡུལ་དུ་བོན་བསྟན་རྒྱ་ཆེར་སྤེལ་ཅིང་། ཀུན་གྲོལ་གྲགས་པས་སྐབས་དེར་བཙན་གཉའ་རབ་བརྟན་རྒྱལ་པོ་དང་། ཁྲོ་སྐྱབས་རྒྱལ་པོ། དགེ་བཤེས་རྒྱལ་པོ། བེ་རི་རྒྱལ་པོ། འགྲན་རྒྱལ་པོ་སོགས་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ་བོན་གསུངས་ཤིང་བོན་གྱི་བཀའ་བསྟན་གྱི་པར་ཤིང་བཞེངས་པ་སོགས་ཀྱི་འགྲོ་དོན་རྒྱ་ཆེར་སྤེལ་བ་དང་། རྒྱལ་རོང་རྒྱལ་ཁག་སོ་སོས་ཀྱང་ཀུན་གྲོལ་གྲགས་པར་དད་གུས་བླ་མེད་བྱས་ཏེ་དགེ་བའི་ལས་མང་པོ་བསྒྲུབས་པས། གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་དང་ནམ་མཁའ་རྒྱལ་པོ་རབ་ཏུ་བྱུང་བའི་མཛད་པ་དག་དགོན་པའི་རྡོ་རིང་དུ་བརྐོས་ནས་དན་རྟགས་སུ་བཀོད་དེ་ཡར་བསླངས་ཡོད་མོད། ཕྱིས་སུ་ཆུ་ཆེན་དམག་འཁྲུག་ཐེངས་གཉིས་པོ་མཇུག་སྒྲིལ་ཏེ་གོང་མས་བོན་བསྟན་མེད་པར་བཟོས་པ་དང་། བོན་གྱི་དགོན་སྡེ་ཡོངས་རྩ་གཏོར་བྱས་པའི་ཚབ་ཏུ་དགེ་ལུགས་པའི་གྲུབ་མཐའ་དར་སྤེལ་དུ་བཏང་སྟེ། སྔར་གྱི་བོན་དགོན་གཡུང་དྲུང་ལྷ་སྟེང་དེ་དགེ་ལུགས་པའི་བསྟན་འཕེལ་གླིང་དུ་བསྒྱུར་བར་མ་ཟད། དེས་རྒྱལ་རོང་ས་ཁུལ་ཡོངས་ཀྱི་ཆོས་སྲིད་ཀྱི་གོ་གནས་གལ་ཆེན་ཞིག་ཟིན་ཏེ་རྒྱལ་རོང་དགོན་ཁག་ཡོངས་ལ་བདག་སྐྱོང་དང་དོ་དམ་བྱེད་པའི་དབང་ཆ་ཆེན་པོ་ཡོད་དེ། སྐབས་དེར། རྒྱལ་རོང་གྲྭ་པ་རྣས་དབུས་གཙང་དུ་སློབ་གཉེར་ལ་འགྲོ་དགོས་ཚེ་བསྟན་འཕེལ་གླིང་གིས་གནང་བའི་མིང་རྟགས་མེད་ཚེ་དབུས་གཙང་དུ་འགྲོ་བའི་ས་མཚམས་ནས་ཐར་མི་ཐུབ་ཅིང་། གལ་ཏེ་དེ་ཡོད་ཚེ་དམིགས་བསལ་གྱིས་སྣེ་ལེན་བྱེད་པ་ཡིན། ལོ་རྒྱུས་ཡིག་ཚང་ལྟར་ན། བསྟན་འཕེལ་གླིང་གི་སྔ་དུས་ཀྱི་མཁན་པོ་རྣམས་ནི་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་(སྐབས་དེར་ལིས་ཧྥན་ཡོན理藩院ཟེར)གིས་མིང་བཏགས་ནས་མངག་གཏོང་བྱེད་པ་ཡིན་ཏེ། སྤྱི་ལོ1776ལོའི་ཟླ10པའི་ཚེས3ཉིན་གྱི་གོང་མའི་བཀའ་ཡིག་ཅིག་གི་ནང་དུ། པོ་ཏ་ལར་བསྡད་མྱོང་ཞིང་གསུང་ཆོས་གང་ལའང་མཁྱེན་རྒྱ་ཡངས་པའི་མཁན་པོ་སངས་རྒྱས་འོད་ཟེར་ལ་བནྟེ་ཏཱ་བླ་མའི(班第达喇嘛)མིང་རྟགས་གནང་སྟེ་དབྱི་ལའི(伊犁) བླ་མ་གྲ་ས་ཁིའི་དཔེ་ལྟར་ཆུ་ཆེན་དུ་མངག་གཏོང་བྱས་ཤིང་། དུས་དེ་ནས་བཟུང་ལིས་ཧྥན་ཡོན་ནས་བསྟན་འཕེལ་གླིང་དུ་མཁན་པོ་རིམ་བྱོན་མངགས་པའི་སྲོལ་ཆགས་པ་རེད། ཁོ་ཚོ་བསྟན་འཕེལ་གླིང་དུ་ཡོང་སྟེ་ལོ་གསུམ་རིང་གཙོ་འཛིན་གནང་སྟེ་རྒྱལ་ཁག་བཅོ་བརྒྱད་ཀྱིས་བདག་སྐྱོང་བྱ་བའི་བོད་ཀྱི་གྲྭ་པ་བརྒྱད་ཅུ་གྱ་ལྔ་ལྷག་དགོན་པའི་ནང་དུ་ཡོང་ནས་གཞུང་ལ་སློབ་གཉེར་བྱེད་པར་བསྡུ་རུབ་བྱེད་དགོས་ཤིང་། གལ་ཏེ་མཁན་པོའི་ལོ་གསུམ་གང་ཚེ་བརྗེ་བའམ་ཡང་ན་སྔར་བཞིན་སྡོད་ཀྱིན་ཡོད། གོང་མ་ཏའོ་ཀོང་གི་ཁྲི་ལོ་གསུམ་པ་སྤྱི་ལོ1823ལོའི་རྗེས་སུ་བོད་ནས་བདམས་མངགས་བྱེད་པར་བསྒྱུར་ཅིང་། ལིས་ཧྥན་ཡོན(理藩 院)གྱི་ཨམ་བན་ཆེན་པོ་སྤྲིངས་ཡིག་ཆོས་རྒྱལ་གྱིས་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་ཁྲོད་ནས་རྒྱུགས་བླངས་ཏེ་མི་གསུམ་བསྡུས་ནས་ཨམ་བན་ལ་ཞུ་འབུལ་བྱེད་པ་དང་། ཨམ་བན་གྱིས་མི་གསུམ་པོའི་ནང་ནས་གཅིག་བདམས་ཏེ་རུས་མིང་དང་། ལོ་ཚིགས། མི་དེའི་ལོ་རྒྱུས་སོགས་བློ་འདྲི་བྱས་ཏེ་བསྒྲུབ་དགོས།

ཆིང་རྒྱལ་རབས་དུས་སྐབས་ཀྱི་ལིས་ཧྥན་ཡོན་(理藩院)གྱིས་བསྟན་འཕེལ་གླིང་དུ་མཁན་པོ་བཅུ་གསུམ་མངགས་གཏོང་བྱས་ཤིང་། བོད་ནས་མཁན་པོ་བཅུ་དྲུག་མངགས་པ་དང་། མིན་གོའི་དུས་སྐབས་སུ་བོད་ས་གནས་སྲིད་གཞུང་ནས་མཁན་པོ་བཅུ་གཉིས་མངགས་གཏོང་བྱས་ཏེ་བསྡོམས་པས་མཁན་རབས་ཞེ་གཅིག་བྱུང་བ་ཡིན་ཞིང་། མཁན་པོ་དེ་དག་ལོ་གསུམ་རེའི་ནང་ཐེངས་གཅིག་བརྗེ་བ་ཡིན་ཞིང་། མཁན་པོ་དེའི་འཁུར་ཡུན་ལོ་གསུམ་ལོངས་རྗེས། སི་ཁྲོན་ཙུང་ཏུའུ་དམག་དཔོན་གྱིས་དེར་བསྐྱོད་པའི་བོད་བཞུགས་ཨམ་བན་ལ་བློ་དྲིས་ཏེ་གནས་དེའི་མཁན་པོའི་ཁྲོད་ནས་རིག་གནས་ལ་མཁས་པའི་མི་སྣ་ཞིག་བདམས་ཐོན་བྱུང་སྟེ། དེར་དངུལ་སྲང་སུམ་བརྒྱའི་ཕོགས་གནང་ནས་བརྗེ་བར་མངག་གིན་ཡོད།

《མདོ་སྨད་ཆོས་འབྱུང་》དང་《རྒྱལ་མོ་རོང་གི་དགོན་ཆེན་གཡུང་དྲུང་ལྷ་སྟེང་གི་ལོ་རྒྱུས་མདོར་བསྡུས》《རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང་》སོགས་དཔྱད་གཞིའི་ཡིག་ཆར་གཞིགས་ན། 《མདོ་སྨད་ཆོས་འབྱུང་》དང་《རྒྱལ་མོ་རོང་གི་དགོན་ཆེན་གཡུང་དྲུང་ལྷ་སྟེང་གི་ལོ་རྒྱུས་མདོར་བསྡུས》གཉིས་སུ་བློ་བཟང་འཇམ་དབྱངས་ནི་མཁན་རབས་གསུམ་པ་ཡིན་པ་དང་། 《རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང་》ཁྲོད་དུ་མཁན་རབས་གཉིས་པར་བགྲངས་ཡོད་པར་མ་ཟད། དེར་སྤྲོ་སྣང་བ་བློ་གླིང་བློ་བཟང་འཇམ་དབྱངས་ཞེས་བཀོད་ཡོད། གནས་ཚུལ་འདི་ལས་ང་ཚོས་རྡོ་རིང་ཡི་གེའི་ཐིག་ཕྲེང་ཞེ་བཞི་དང་ཞེ་ལྔའི་བར་དུ། ཆད་ཕུལ་སྤྲོ་སྣང་སོགས་སྤོས་དང་མཆོད་མེའི་འབས་སོགས། འབྱོར བཞག་པ་ཡིན། ཞེས་སྤྲོ་སྣང་ས་ཆའི་མང་ཚོགས་ཀྱིས་མཆོད་མེ་དང་སྤོས་སོགས་བཞག་སྟེ་བསྔོ་སྨོན་བྱས་པའང་དོན་དང་ལྡན་པའི་གནས་ལུགས་ཡོད་དེ། ཁོ་རང་ཉིད་སྤྲོ་སྣང་ས་ནས་སྐྱེས་པ་ཡིན་པས་ཕ་ཡུལ་གྱི་མང་ཚོགས་ཀྱིས་ཁོང་ལ་བསྔོ་བ་སྨོན་ལམ་རྒྱག་པ་བསྟན་ཡོད།

བསྟན་འཕེལ་གླིང་གི་སྐབས་དེར་བན་བོན་ལས་བན་ཁའི་དབང་ཤུགས་ཆེ་བས་སྔར་གྱི་བོན་དགོན་དུས་ཀྱི་གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་ཀྱི་ལོ་རྒྱུས་བཀོད་པའི་ངོས་དེ་ཐུར་དུ་ལྡོག་བསླངས་བྱས་ཏེ་དེའི་རྒྱབ་ངོས་སུ་བསྟན་འཕེལ་གླིང་གི་མཁན་རབས་གསུམ་པ་བློ་བཟང་འཇམ་དབྱངས་ཀྱི་ལོ་རྒྱུས་དང་མཛད་པ་བཀོད་ནས་ཡར་བསླངས་ཤིང་། རྡོ་རིང་ཡར་བསླང་ཚུལ་གྱི་ཁ་ཕྱོགས་ལས་གང་དེའི་དབང་ཤུགས་ཆེ་བ་མཚོན་ཐུབ་ཀྱི་ཡོད། ཕྱིས་སུ་སྲིད་ཇུས་གསར་པའི་འོག་དགོན་དེ་སྔར་གྱི་ལུགས་སྲོལ་དང་བསྟུན་ནས་བོན་དགོན་དུ་སླར་གསོ་བྱུང་སྟེ་རྡོ་རིང་གི་སྤྱིའི་གནས་ཚུལ་ལ་གཞིགས་ནས་གང་ཡང་ལྡོག་ཏུ་མ་བཀོད་པར་འདྲ་མཉམ་གྱི་ངང་ཚུལ་བཟུང་སྟེ་སྟེགས་བུའི་སྟེང་དུ་འཕྲེད་ཉལ་བྱས་ཏེ་བཞག་ཅིང་། འདིས་བན་དང་བོན་གཉིས་འདྲ་མཉམ་གྱི་དགོངས་པ་མངོན་ཏེ་ལོ་རྒྱུས་ལ་བརྩི་འཇོག་བྱས་པ་མཚོན་གྱི་ཡོད།

མཇུག་གི་གཏམ།

རྒྱལ་རོང་ས་ཁུལ་གྱི་འདུས་སྡེ་ཆེན་མོ་གཡུང་དྲུང་ལྷ་སྟེང་དང་བསྟན་འཕེལ་གླིང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་དེ་རྡོ་རིང་འདིའི་ངོས་གཉིས་བརྒྱུད་དེ་གསལ་བོར་བསྟན་ཡོད་ཅིང་། དེང་སྐབས་རྡོ་རིང་གི་ངོས་གཉིས་སོ་སོ་ལྷོ་བྱང་ཕྱོགས་གཉིས་སུ་འཁོར་ཡོད་པ་ལས། ལྷོ་ངོས་ཀྱི་ཡི་གེར་རབ་བརྟན་མི་དབང་ནམ་མཁའ་རྒྱལ་པོའི་དུས་སྐབས་ཀྱི་གཡུང་དྲུང་ལྷ་སྟེང་དགོན་པའི་རྒྱ་བསྐྱེད་བཞེངས་གྲུབ་ཀྱི་ལོ་ཚིགས་གསལ་བོར་བཀོད་ཡོད་དེ། མེ་ཁྱི་ལོ་སྟེ་སྤྱི་ལོ1766ལོར་རྨང་གཞི་བཏིང་བ་དང་། ཕག་ལོ་སྟེ་སྤྱི་ལོ1767ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་གྲུབ་ཅིང་། ཟླ་བཅུ་གཅིག་པའི་དུས་སུ་ཡོངས་སུ་ལེགས་འགྲུབ་བྱུང་བ་ཡིན་པར་མ་ཟད། དགོན་པ་བཞེངས་གྲུབ་ཀྱི་ལག་གཡོག་ཏུ་རྒྱལ་རོང་རྒྱལ་ཁག་ལས་ལྕགས་ལ་དང་། བཙན་ལ། ཝོ་གཞི། སེ་མོ། རྫི་འགག ཅོག་ཙེ། དམ་བྷ། ཁྲོ་སྐྱབས། དགེ་བཤེས། ཡར་རྒན་བཅས་རྒྱལ་རོང་རྒྱལ་ཁག་བཅུ་པོའི་འབངས་མི་རྣམས་བཀོལ་ཡོད། འདི་ལས་ཆུ་ཆེན་རབ་བརྟན་ནམ་མཁའ་རྒྱལ་པོ་ནི་རྒྱལ་རོང་རྒྱལ་ཁག་སོ་སོ་ལས་དབང་ཐང་ཆེས་ཆེ་བ་དང་ཟིལ་ཤུགས་དྲག་པོ་ལྡན་པ་ཞིག་ཡིན་པ་མཚོན་པར་མ་ཟད། གཡུང་དྲུང་ལྷ་སྟེང་གིས་རྒྱལ་རོང་ས་ཆའི་ཆོས་སྲིད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། རབ་བརྟན་རྒྱལ་པོ་དང་བོན་གྱི་གཏེར་སྟོན་གྲགས་ཅན་ཀུན་གྲོལ་གྲགས་པ་དབར་གྱི་མཆོད་ཡོན་གྱི་འབྲེལ་བ་ཟབ་མོ་ཡིན་པ་སོགས་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་གལ་ཆེན་རྟོགས་ཐུབ།

ཡང་བྱང་ངོས་ཀྱི་ཡི་གེས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་སྟེ་སྤྱི་ལོ1776ལོར་གཡུང་དྲུང་ལྷ་སྟེང་ནས་བསྟན་འཕེལ་གླིང་དུ་བསྒྱུར་ཟིན་པ་དང་། གོང་མ་ཆན་ལུང་གིས་སྔར་གྱི་ལོ་རྒྱུས་བསྐྱར་ཟློས་མི་བྱེད་པའི་ཆེད་དུ་བསྟན་འཕེལ་གླིང་དུ་ཆེད་མངགས་ཀྱི་མཁན་པོ་བཏང་སྟེ་རྒྱལ་རོང་ས་ཆའི་དགོན་སྡེ་ཁག་ལ་དོ་དམ་བྱེད་དུ་བཅུག་ཅིང་། ཕྱོགས་གཅིག་ནས་ཡུལ་ཁོངས་རྒྱལ་རོང་ཡིན་པའི་མཁན་པོ་བསྟན་འཕེལ་གླིང་དུ་མངགས་ནས་རྒྱལ་རོང་གི་ཆོས་ལུགས་ལ་དོ་དམ་དང་། ཕྱོགས་གཞན་ཞིག་ནས་ཡང་དོ་དམ་བྱེད་མཁན་གྱི་མཁན་པོ་མཚམས་མི་ཆད་པར་རྒྱ་ནག་གི་རི་བོ་རྩེ་ལྔ་དང་ཞེ་ཧོར་སོགས་སུ་ཕེབས་པའི་བཀའ་ཕབ་སྟེ་མཐའ་མཚམས་བཅོས་སྐྱོང་གི་སྲིད་ཇུས་ཏན་ཏན་ཏིག་ཏིག་ཏུ་ལག་བསྟར་བྱས་ཤིང་། མཁན་པོས་ཆིང་ཀྲུང་དབྱང་སྲིད་གཞུང་དང་ས་གནས་ཀྱི་བར་དུ་བཅོས་སྐྱོང་དང་དོ་དམ་གྱི་ནུས་པ་གལ་ཆེན་ཞིག་བཏོན་པ་མཚོན། བྱང་ངོས་འདིར་གཙོ་བོ་ཆིང་གོང་མས་མངགས་གཏོང་བྱས་པའི་མཁན་པོ་བློ་བཟང་འཇམ་དབྱངས་ཀྱི་མི་ཚེའི་ལོ་རྒྱུས་དང་མཛད་པ་མདོར་བསྡུས་བཀོད་ཡོད་པ་དང་། དེ་མིན་ཁོང་ཉིད་སྐུ་གཤེགས་པའི་རྗེས་སུ་འབངས་མི་སེར་རྣམས་ཀྱིས་སྐུ་གདུང་མཆོད་འབུལ་གྱི་བསྔོ་སྨོན་བཏབ་སྟེ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་བཀོད་ཡོད། གང་ལྟར་ཡང་དགོན་པའི་མདུན་གྱི་རྡོ་རིང་ཡི་གེ་འདི་ནི་དུས་རབས་བཅོ་བརྒྱད་པ་ནང་གི་བོན་གྱི་འདུས་སྡེ་ཆེན་མོ་གཡུང་དྲུང་ལྷ་སྟེང་དང་དུས་མཇུག་གི་དགེ་ལུགས་པའི་བསྟན་འཕེལ་གླིང་སོགས་གང་རུང་ལ་མཚོན་ནའང་། དེར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་དང་རིན་ཐང་ཆེན་པོ་ལྡན་པ་སྨོས་མེད་ཅིག་གོ །

དཔྱད་གཞིའི་ཡིག་ཆ།

1 རྒྱལ་རོང་ཁ་སྐད་དུ། མོ་འབུ་ར་ཟེར་ཏེ། རྒྱལ་རོང་ཁ་སྐད་ཀྱི་ཁྱད་ཆོས་དང་བསྟུན་ནས་ཡི་གེར་བྲིས་ན་མོ་བཀྲ་ཡིན།

2 ལྷོ་ངོས་ཀྱི་རྡོ་རིང་ཡི་གེ་ལས་དྲངས།

3 ལྷོ་ངོས་ཀྱི་རྡོ་རིང་ཡི་གེ་ལས་དྲངས།

4雀丹著;《嘉绒藏族历史》,民族出版社,1995年, 第283页。

5彭陟焱;《试论乾隆平定金川之影响》,《西藏研究》,2003年第1期。 第93页。

6 ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་ནང་དུ་ཉར་ཚགས་བྱས་པའི་ཆིང་རྒྱལ་རབས་དུས་ཀྱི་དམག་མིའི་ཡིག་ཚགས་ཁང་གི་ཡིག་ཆ་ཨང053-1422——-053-1428དུ་གསལ།

7བྲག་བར་དཔལ་ལྡན་གྱིས་བརྩམས། བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་འབར་ཁམས་རྫོང་ཨུ་ཡོན་ལྷན་ཁང་། 2002ལོའི་ཟླ6པར་པར། ཤ 39རུ་གསལ།

8འདི་དག་ནི་ཁོང་གི་གཅེན་གཅུང་ཡིན།

9 སྔོན་གྱི་དུས་སུ་འཁྲུག་པ་ལངས་དུས་ནི་ཆུ་ཆེན་དམག་འཁྲུག་ཐེངས་དང་པོར་གོ་དགོས་ཏེ། རྡོ་རིང་འདི་ནི་ཆུ་ཆེན་དམག་འཁྲུག་ཐེངས་དང་པོའི་རྗེས་ཏེ1767ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་ཡོངས་སུ་གྲུབ་པ་དང་རབ་གནས་བྱས་པའི་རྗེས་སུ་རྡོ་རིང་བཙུགས་ཏེ་ཡི་གེ་བཀོད་པ་ཡིན། ཆུ་ཆེན་དམག་འཁྲུག་ཐེངས་དང་པོའི་དུས་ནི1747ལོ་ནས1749ལོའི་བར་ཡིན།

10 གཡུང་དྲུང་ལྷ་སྟེང་དགོན་པའི་འདུས་སྡེ་བསྐྲུན་ཏེ་ས་ཕོ་བྱི་བ་ལོ་སྟེ་ཀུན་འཛིན་ཞེས་པ་1768ལོར་བསྟན་པའི་འགོ་ཚུགས་པ་དང་། དེ་ཡང་མེ་ཁྱི་ལོ་སྟེ་1766ལོར་རྨང་གཞི་བཏིང་བ་དང་། དེ་ནས་ཕག་ལོ་སྟེ1767ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་འགྲུབ་པ་དང་། དེ་ནས་ལྷ་རིས་པས་ལྷ་བྲིས་ཏེ་དགོན་པ་ཡོངས་ལེགས་འགྲུབ་བྱུང་། སྐབས་དེའི་གཡུང་དྲུང་ལྷ་སྟེང་དགོན་པས་ས་བྱི1768ལོར་འགྱེད་དང་མཆོད་རྫས་མི་དམན་པ་བཏང་།

11 ནམ་མཁའ་ཡེ་ཤེས་ཀྱིས་བརྩམས། རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོའི་རྣམ་ཐར། ཤིང་དཔར་སྣ་རིང་མ། ཤ487ནས488བར་དུ་གསལ།

12 གོང་མ་ཆན་ལུང་ཁྲིར་བཀོད་པའི་ལོ་ནི1735ལོ་ཡིན།

13 ཀྭང་ཧྥ་ཟི་ནི་རྒྱ་སྐད་(广法寺)ཡི་སྒྲ་སྒྱུར་ཏེ། སྐབས་དེ་དུས་བོད་སྐད་དུ་བསྟན་འཕེལ་གླིང་ཟེར།

14 ཛ་སག་ནི་སོག་སྐད་དེ། མཉྫའི་རྒྱལ་རབས་ཀྱི་གོ་གནས་ཆེ་གྲས་ཤིག་སྟེ། བོད་སྐད་དུ་སྤྱི་དཔོན་ཞེས་ཟེར།

15 中国科学院民族研究所,《金川案》(内部资料),1963年6月复制,第167页。

རྩོམ་པ་པོ་ངོ་སྤྲོད། ལྕགས་མོ་མཚོ། མཚོ་སྔོན་རེབ་གོང་གི་མི་ཡིན། ད་ལྟ་པེ་ཅིང་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་གི་འབུམ་རམས་པ་ཕྱི་ཚར་གྱི་ལས་ཀ་གཉེར་གྱིན་ཡོད།

2018ལོའི་དེབ་གསུམ་པའི《ཀྲུང་གོའི་བོད་རིག་པ》དུས་དེབ་སྟེང་བཀོད་པ་ལས་དྲངས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow