༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་བོད་ས་ཕག་ལོའི་བོད་ཟླ་དང་པོའི་ཚེས་བཞི་དང་ལྔ། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༨ དང་༩ ཉིན། ཞྭ་དཀར་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་གཞལ་ཟླ་བྲལ་བ། ཕྱི་དར་བསྟན་པའི་སྒྲོན་མེ། གཡས་རུའི་སྟོན་པ་བཅོ་བརྒྱད་དང་དེ་དག་གི་རྗེས་འཛིན་བརྒྱུད་གསུམ་བོན་གྱི་འདུས་སོ། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་སྐུ་བལྟམས་ནས་མི་ལོ་༦༦༣འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་འཆར་ཅན་ལྟར་ཚོགས་ཡོད་པ་རེད།

ཐོག་མར་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཐོ་རངས་ཕྱག་ཚོད་ལྔ་པའི་ཐོག་གཙུག་ལག་ཁང་གི་ཡང་ཐོག་ནས་བཞེངས་བརྡ་བཏང་སྟེ་གྲྭ་ཚང་འདུས་མང་སྨན་རིའི་གླིང་གི་དབུས་གཙུག་ལག་ཁང་དུ་ཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེ་ནས་བདེར་བར་གཤེགས་པ་སྟོང་གི་མཚན་སོགས་བརྗོད་དེ་དགོང་དྲོར་བཀའ་སྐྱོང་དམར་ལམ་སོགས་གསུངས་ནས་ཚོགས་གྲོལ་བ་དང་། ཚེས་པ་ལྔ་ཉིན་གྱི་ཞོགས་པའི་ཆུ་ཚོད་བཞི་པའི་སྟེང་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བླ་སྤྲུལ་དགེ་སློང་རྣམས་འཚོགས་ནས་རབ་བྱུང་ཞུ་མཁན་བཅུ་བཞི་ཙམ་ལ་བསླབ་སྡོམ་གནང་། དེ་ནས་སྔར་ཉིན་ལྟར་ཚོགས་ནས་ཞོགས་པའི་ཕྱག་ཚོད་བརྒྱད་པའི་སྟེང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་གཙོས་གྲྭ་ཚང་འདུས་མང་ནས་བསྟན་པའི་བ་དན་ཆེན་མོ་མཁའ་དབྱིངས་སུ་བསླངས་ནས་རབ་གནས་བསང་གསོལ་དང་ལྷ་རྒྱལ་བཅས་གསོལ་བ་དང་། དེ་རྗེས་སྐབས་ཉི་ཤུ་པའི་བཀའ་རམས་པ་རྣམས་ཀྱིས་སྨན་རིའི་མཁན་སློབ་རྣམ་གཉིས་ལ་མཇལ་བཅར་ཞུས།
དེ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུས་པའི་བླ་སྤྲུལ་སེམས་དཔའ་རྒྱ་མཚོ་རྣམས་སེར་ཕྲེང་སྒོའི་ཚོགས་ཁང་ཆེན་མོ་དང་སྐུ་གདུང་སོགས་ལ་ཞབས་སྐོར་ཕེབས་ནས་འདུལ་ཁང་ཆེན་མོའི་མདུན་ཐང་འཁོད་ནས་རྔ་གཤང་དུང་གླིང་གི་སྒྲ་དབྱངས་དང་བཅས་༧རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་གོས་སྐུ་བཤམས་མཇལ་དང་། འཆར་ཅན་ལྟར་རྣམ་དག་འདུལ་བའི་གསོ་སྦྱོང་གྱེར་གདངས་དང་བཅས་ནས་གསུང་སྐབས།
༧རྗེ་ཡི་ཞལ་ནས། ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན། རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། རྗེས་འཇུག་འགྲོ་བའི་དོན་ཆེད་དུ། བྱ་རྒྱལ་རྒོད་དུ་སྤྲུལ་ནས་ཀྱང་། མངོན་སུམ་འབྱོན་པར་ཞལ་བཞེས་ནས། ནུབ་ཕྱོགས་བདེ་ཆེན་གཤེགས་པར་མཐོང་། གསུང་པ་བཞིན། རྗེ་རིན་པོ་ཆེའི་སྤྲུལ་པ་བྱ་རྒྱལ་རྒོད་གཅིག་སྨན་རིའི་འདུལ་ཁང་ཆེན་མོའི་ཡང་སྟེང་མཁའ་དབྱིངས་སུ་ལྡིང་བསྐོར་ལན་གསུམ་བྱས་ནས་མཐར་ནུབ་ཕྱོགས་སུ་བསྐྱོད་པར་ཡ་མཚན་ཆེན་པོ་ཀུན་གྱིས་མཐོང་ཡུལ་དུ་གྱུར། དེ་ནས་ཕྱི་སྐོར་སེར་འཕྲེང་ལ་ཕེབས་ནས་ཕྱིར་གཙུག་ལག་ཁང་གི་སྒོ་འཁྱམས་སུ་གཤེན་རབ་མཆོད་ལྔ་བརྡུངས་ནས་འཇུག་སོགས་གྲུབ་མཚམས། གྲྭ་ཚང་ལྷན་རྒྱས་འཆད་ར་ལ་ཕེབས་ནས་རྟགས་གསལ་བཏང་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།
ཕྱི་དྲོར་ཡང་ཨ་རྫོགས་སྙན་གསུམ་སོགས་གྱེར་མཚམས་གྲྭ་ཚང་གཉེར་པ་ལགས་ནས་སྨན་རིའི་བཅའ་ཡིག་ཆེན་མོ་ཚོགས་དབུས་སུ་བཏོན་གྲུབ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བཅའ་ཡིག་ཆེན་མོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་། དགུང་དྲོར་མར་མེ་གླིང་སྒྲོན་དང་གཤེན་རབ་མཆོད་རྔ་༧རྗེ་མཉམ་མེད་བླ་མའི་གསེར་སྐུ་ལ་མཇལ་ཁ་ཞུ་རྒྱུ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་བསྡུས་པ་ཙམ་དུ། །