དཔེ་བསྐྲུན་འགྲེམས་སྤེལ།

གླེང་བརྗོད།

མཁས་དབང་ཐུབ་བསྟན་ཕུན་ཚོགས།

ལོ་རྒྱུས་ནི་སྐབས་དེ་དང་དེའི་སྤྱི་ཚོགས་ཀྱི་མེ་ལོང་ཞིག་ཡིན། ལོ་རྒྱུས་ཐོག་ཏུ་དོན་རྐྱེན་བཟང་ངན་གང་ཞིག་བྱུང་ཡོད་པ་རྣམས་བཅད་བཅོས་དང་སྒྲོ་འདོགས་མེད་པ་ཡིག་ཐོག་ཏུ་འགོད་ཐུབ་ན། མ་འོངས་པའི་མི་རབས་རྗེས་མ་རྣམས་ལ་ལེགས་ཉེས་བླང་དོར་བྱེད་ཐབས་ཀྱི་ལམ་སྟོན་དང་སློབ་དེབ་ཡག་པོ་ཞིག་ཡིན་པ་མ་ཟད། སའི་གོ་ལའི་ཐོག་གི་མི་རིགས་ཤིག་གི་རྐང་རྗེས་སྲུབ་ཐབས་མེད་པ་ཞིག་ཀྱང་རེད། འོན་ཀྱང་རང་རེ་བོད་ཀྱི་ཡུལ་འདིར་ནང་ཆོས་དར་རྒྱས་ཕྱིན་པ་ནས་བཟུང་། ཕ་མེས་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་གི་མཛད་རྗེས་སྲིད་ན་སྙན་གྲགས་ཆེ་བ་དེ་དག་རིམ་བཞིན་ཆོས་ལུགས་དྲིལ་བསྒྲགས་བྱེད་ཐབས་ཀྱི་ལྷ་སྒྲུང་དུ་བསྒྱུར། འཇིག་རྟེན་མིའི་ལོ་རྒྱུས་དང་མི་མཐུན་པའི་རབ་བཏགས་ཀྱི་སྒོ་ནས་བརྩམས་པའི་བླ་སྤྲུལ་འགའ་ཞིག་གི་རྣམ་ཐར་གྱིས་སྡེ་འབངས་ཕལ་གྱི་ལུས་སེམས་སྦྲིད་པར་བྱས། དབང་སྒྱུར་ཆོས་སྲིད་ཀྱི་ཁྲི་ལ་བཞུགས་པའི་བླ་ཆེན་དང་དཔོན་ཆེན་རྣམས་ནི་རང་ཉིད་དམ་པའི་ཆོས་དང་ལས་འབྲས་ལ་ཡིད་ཆེས་མེད་བཞིན་དུ་རང་གི་གྲུབ་མཐའི་མངའ་འོག་ཏུ་ཡོད་པའི་སྡེ་འབངས་རྣམས་ལ་བསྟན་པའི་དོན་ཏུ་རང་སྲོག་བློས་གཏོང་བར་སྐུལ་ནས། ཡུལ་སྡེ་དང་ཡུལ་སྡེའི་བར། དགོན་པ་དང་དགོན་པའི་བར་དམག་འཁྲུགས་སློང་ཞིང་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བཅུག་ནས་མི་ལོ་བརྒྱ་ཕྲག་མང་པོ་ཞིག་འདས་ཡོད་པ་ནི་ང་ཚོ་བོད་གངས་ཅན་པའི་ལོ་རྒྱུས་རེད། །
དེང་དུས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་དུས། བོད་བཙན་པོའི་སྐབས་སུ་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཕྱིའི་དགྲ་འདུལ། ནང་གི་གཉེན་སྐྱོང་། མཐའ་བཞི་དབང་དུ་བསྡུས། ཕྱོགས་བཞི་ལ་གནས་པའི་རྒྱ་དཀར་ནག་དང་། ཁྲོམ་དང་ཏ་ཟིག་སོགས་ཀྱི་ཡུལ་གྲུ་ཐམས་ཅད་དཔའ་ཞུམ་པར་བྱས། ཤར་ཕྱོགས་འབྲི་ཆུ་དང་། ཡངས་པའི་གཙང་པོ་གཉིས་ལ་ལྕགས་ཟམ་བཙུགས་ནས་ཐང་གི་དམག་འདུལ། རྒྱ་གར་གྱི་ཆུ་བོ་གངྒཱའི་འགྲམ་ཚུན་ཆད་དམག་གིས་བཟུང་། ཁ་ཆེའི་དམག་དཔུང་ནུབ་མཐར་སྐྱེལ། ཁྲོམ་གྱི་ཡུལ་གྲུ་ཐམས་ཅད་མི་ལོ་བརྒྱ་ཕྲག་ལ་ཉེ་སྐོར་ཞིག་དབང་སྒྱུར་བྱས་ཞིང་། མདོ་དབུས་མཐོ་སྒང་གི་ཡུལ་གྲུ་གཙོ་བོར་བྱས་པའི་སའི་རྒྱ་ཁྱོན་ལེ་དབར་གྲུ་བཞི་མ་ས་ཡ་ལྔ་(5,000,000) ལྷག་དབང་དུ་བྱས་པའི་བརླབ་ཆེན་གྱི་ལོ་རྒྱུས་དེ་དག་དེང་གི་དུས་སུ་རྒྱ་ཡིག་གཙོ་བོར་བྱས་པའི་མི་རིགས་གཞན་དག་གི་ཡིག་ཆ་རྙིང་པའི་ནང་དུ་མཐོང་རྒྱུ་ཡོད་པ་ལས། བོད་རང་གི་སྐད་ཡིག་ནང་དུ་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ཟིན་པ་ནི་ཆོས་སྲིད་ཟུང་འབྲེལ་བྱས་པའི་ལག་རྗེས་གཙོ་བོ་ཞིག་རེད་འདུག །
མིག་སྔར་རང་རེའི་ཤེས་ཡོན་པ་རྣམས་ཀྱིས་བོད་ཡུལ་སྤྱི་དང་བྱེ་བྲག་རང་རང་གི་ཡུལ་སྡེ་ལ་སྲིད་འབྱོར་རིག་གསུམ་གྱི་ངོས་ནས་མཛད་རྗེས་ཆེ་བའི་ཕོ་མོ་སྤྱི་དང་། བྱེ་བྲག་ཏུ་ཤེས་ཡོན་པ་དང་། ཚོང་ལས་པ། ཡུལ་གྱི་སྡེ་དཔོན། སྡེ་སྲུང་གི་དཔའ་བོ་སོགས་དང་། ཐ་ན་རང་རང་སོ་སོའི་སྤྱི་ཚོགས་ཐོག་གི་མཐོང་ཐོས་མྱོང་ཚོར་གྱི་ལོ་རྒྱུས་གང་ཤེས་སྒྲོ་བསྐུར་མེད་པར་བྲིས་ན་མ་འོངས་པར་མི་རབས་རྗེས་མ་རྣམས་ལ་དུས་རབས་སོ་སོའི་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཞིབ་འཇུག་བྱེད་མཁན་རྣམས་ལ་བདེན་དཔང་གི་རྡོ་རིང་ཞིག་ཆགས་ངེས། དཔེར་ན། མིག་སྔར་གསར་བྱུང་གི་རྣམ་ཐར་ལོ་རྒྱུས་《ནག་ཚང་ཞི་ལུའི་སྐྱིད་སྡུག་》དང་། 《འབའ་པ་ཕུན་དབང་གི་རང་རྣམ་》ལྟ་རྣམས་ནི་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཞིག་རེད། །
ད་ལན་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་རང་ཡུལ་གྱི་ལོ་རྒྱུས་མི་སྣའི་རྣམ་ཐར་《བློན་ཆེན་ག་རྒྱ་འགྲམ་ནག་གི་སྐུ་ཚེའི་ལོ་རྒྱུས་གླེང་བ་》ཞེས་པ་ཞིག་བྲིས་འདུག་པ་དེ་ལ་ཚར་གཅིག་བཀླགས་པའི་ཚོར་སྣང་མདོར་བསྡུས་ཞིག་བརྗོད་པར། རང་རེ་བོད་ཀྱི་ཡུལ་འདིར་བཙན་པོའི་རྒྱལ་རབས་འཐོར་ཞིག་ཕྱིན་པ་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཕ་མེས་སྟག་རྒོད་འདྲ་བའི་གདོང་དམར་བོད་ཀྱི་རྗེས་སུ་ཤུལ་དེ། ཕྱི་འཇམ་ནང་རྩུབ་ཅན་གྱི་གཡོ་སྒྱུ་ཝ་མོ་དང་འདྲ་བའི་དཔོན་ངན་ཁོ་ན་མ་གཏོགས་མ་སྐྱེས་པའི་རྒྱུ་མཚན་ལ་ཞིབ་འཇུག་བྱེད་འོས་པ་དང་གཅིག །
སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་འགོ་ནས་འཛམ་གླིང་གོ་ལ་ཟླུམ་པོའི་གནས་སྟངས་ལ་དཔྱིད་ཀྱི་དཔལ་ཡོན་འཆར་ཞིང་། ནུབ་ཕྱོགས་སུ་ཚན་རིག་གི་ལས་འགུལ་ཡར་ཟླ་ལྟར་འཕེལ་ཞིང་། ཤར་ཕྱོགས་སུ་དམངས་གཙོ་དང་རང་གི་ལས་འགུལ་གྱི་ཚ་རླབས་འཕྱུར་བའི་དུས་སྐབས་དེར། གངས་ཅན་བོད་ཀྱི་ཡུལ་དུ་གོང་རིམ་དཔོན་གྱི་ཐུགས་རྒྱུད་རུལ་སུན་གདོན་གྱིས་མྱོས་པ་དང་། འོག་གི་སྡེ་འབངས་བློ་ལ་རྨོངས་དད་ཀྱི་དུག་ཆུས་ཁེངས་པའི་བསྐལ་པའི་མུན་པ་ནག་པོས་བསྒྲིབས་དགོས་པའི་རྒྱུ་མཚན་གང་ཡིན་དཔྱད་འོས་པ་དང་གཉིས། །
ལས་འབྲས་ལ་ཡིད་ཆེས་མེད་པའི་དཔོན་ངན་དང་། དམ་ཆོས་ཡང་དག་ལ་དད་པ་མེད་པའི་བླ་སྤྲུལ་རྣམས་ཀྱིས། ལྷག་བསམ་དང་དད་འདུན་གྱིས་ཁེངས་པའི་རང་གཤིས་མདའ་ལས་དྲང་པའི་སྡེ་འབངས་ཞིག་ལ་གཉའ་གནོན་དང་མགོ་བསྐོར་གང་འདོད་བྱེད་ཆོག་པའི་གོ་སྐབས་དེའི་ལས་འབྲས་ལ་ཞིབ་འཇུག་བྱ་འོས་པ་དང་གསུམ། །
མི་རིགས་ཤིག་ལ་མཚོན་ན་སྡེ་འབངས་ལ་ཡོན་ཏན་མེད་པ་དང་། དཔོན་རིགས་ལ་རང་དོན་བློས་གཏོང་གི་བསམ་བློ་མེད་པ་ཞིག་ཡིན་ན་ནམ་ཡང་མུན་ནག་གི་སྤྱི་ཚོགས་ཤིག་ཡིན་པ་བྱང་སྤྱི་ཕ་ལྷ་ཐུབ་བསྟན་འོད་ལྡན་དང་། ཀ་ཤོད་པ་ཆོས་རྒྱལ་ཉི་མ་རྣམ་གཉིས་ཀྱིས་ཧོར་ཚོ་པ་སོ་དགུའི་ནང་དུ་རུལ་སུན་གྱི་བྱ་སྤྱོད་སྤེལ་བའི་ལོ་རྒྱུས་ལས་ཤེས་ཐུབ་པ་དང་བཞི་བཅས་ནི། ལོ་རྒྱུས་ཡིག་ཆ་འདི་བཀླགས་པས་ཡིས་ཁོ་བོའི་བློ་ངོར་ལ་སྟེར་བའི་བསམ་གསར་པ་ཞིག་ཡིན། །
དེས་ན་དེང་རབས་ཀྱི་རང་རིགས་གཞོན་ནུ་ཤེས་ཡོན་ཅན་རྣམས་ཀྱིས་དེབ་འདི་ལ་ཞིབ་གཟིགས་གནང་ན་མི་རིགས་ལ་ཡོན་ཏན་མེད་པ་དང་། དཔོན་པོ་ལ་ངོ་ཚ་མེད་པའི་ཡུལ་སྡེ་ཞིག་ན། ཚན་རིག་གི་ཚབ་ཏུ་ཆོས་ལུགས་དང་། ཆེད་རམས་པའི་ཚབ་ཏུ་བླ་མ། སློབ་གསོའི་ཚབ་ཏུ་རྨོངས་དད། རྒྱལ་ཁྲིམས་ཀྱི་ཚབ་ཏུ་ཡུལ་སྲོལ། རྒྱལ་འབངས་ཀྱི་སྤུས་ཚད་ལ་སྣང་མེད་དུ་བྱས་པ་དེ་ནི། ས་ཡི་གོ་ལའི་ཐོག་ཏུ་ང་ཚོ་མི་རིགས་འདི་དུས་རབས་མང་པོ་ཞིག་ཏུ་རྗེས་ལུས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་བྱུང་ཡོད་པ་རང་ཤུགས་ཀྱིས་བློ་ལ་འཆར་པའི་དོན་སྙིང་དང་ལྡན་པས་དེབ་འདི་མྱུར་དུ་པར་སྐྲུན་དང་འགྲེམས་སྤེལ་བྱེད་ཐུབ་པའི་རེ་སྨོན་བཅས། །
བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༩ལོའི་ཟླ་དང་པོའི་ཚེས་༡༩ཉིན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow