བོད་ཅེས་པའི་གོ་དོན་བཤད་པ།

བོད་ཅེས་པའི་གོ་དོན་བཤད་པ།
རྩོམ་པ་པོ། ཆབ་འགག་རྟ་མགྲིན།
གངས་རིའི་ཁྲོད་ཀྱི་མི་རིགས་འདིའི་མིང་ལ་བོད་ཅེས་འབོད་དོན་ཅི་ཡིན་པའི་ཐད་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་སྟེ། ཁ་ཅིག་གིས་བུད་པའམ་བྱོན་པ་ཞེས་པ་ལས་བྱུང་བར་བཤད་པ་དང་། ཁ་ཅིག་གིས་འོད་དེ་ཞེས་པ་ལས་བྱུང་བར་བཞེད། ཁ་ཅིག་གིས་འདོད་རྒྱལ་གྱི་མིང་དུ་འདོད། ཁ་ཅིག་གིས་བོན་ལས་བོད་ཀྱི་ཐ་སྙད་བྱུང་བར་བཞེད། དེ་ཡང་བཞེད་པ་དང་པོའི་རྟེན་སའི་ལུང་ནི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》ལས། “རུ་པ་ཏི་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ།

གནས་པའི་རིགས་ལ་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ”ཞེས་པ་སྟེ་སྔོན་རྒྱ་གར་གྱི་རྒྱལ་པོ་རུ་པ་ཏི་དཔུང་ཚོགས་དང་བཅས་པ་རང་གི་ཡུལ་ནས་བུད་དེ་ཁ་བ་ཅན་དུ་ཡོང་བས་ན་བུད་ཅེས་པ་དང་། བུད་ལས་བོད་ཅེས་པའི་ཐ་སྙད་བྱུང་བར་འདོད་པ་རེད། བོད་མི་རིགས་འདི་དངོས་གནས་སློབ་དཔོན་ཤེས་རབ་གོ་ཆའི་བཞེད་པ་ལྟར་རྒྱ་གར་གྱི་རྒྱལ་པོ་རུ་པ་ཏི་དཔུང་དང་བཅས་པ་འབའ་ཞིག་ནས་འཕེལ་གྲུབ་བྱུང་བ་ཡིན་ན། བུད་ཅེས་པའི་ཐ་སྙད་འབྱོར་ཡང་སྲིད་མོད། འོན་ཀྱང་གངས་རིའི་ཁྲོད་འདིའི་འགྲོ་བ་མི་རྣམས་ནི་གནའ་བོའི་སྤྲ་མི་ནས་རིམ་འགྱུར་བྱུང་ཞིང་རྡོ་ཆས་རྙིང་མའི་དུས་ནས་ལྗོངས་འདིར་འཚོ་གནས་བྱས་ཡོད་པར་མ་ཟད། ཀུན་མཁྱེན་འཇིགས་མེད་དབང་པོས་རྒྱ་གར་གྱི་རྒྱལ་པོ་རུ་པ་ཏི་འཁོར་དང་བཅས་པ་ལས་བོད་བྱུང་བའི་བཤད་སྒྲོས་“དེ་ནི་བོད་ཀྱི་འགྲོ་བ་བྱེ་བྲག་པ་ཞིག་ལ་བསམས་ན་རུང་ཞིང་། སྤྱིའི་བྱུང་ཚུལ་དུ་མི་རིགས་ཏེ་འཁྲུག་པ་དེ་རྩོད་དུས་ཀྱི་ཐོག་མར་བྱུང་བ་ཡིན་ལ། རྫོགས་ལྡན་གྱི་དུས་སུ་གསུངས་པའི་《འཁོར་ལོ་སྡོམ་པའི་རྒྱུད》དུ། བོད་ཅེས་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དུ་བགྲང་བའི་ཕྱིར་རོ། དེས་ན་མིའི་འགྲོ་བ་ཙམ་ནི་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་འཐད་པར་མཐོང་།”①ཞེས་རྒྱལ་པོ་རུ་པ་ཏི་དཔུང་དང་བཅས་པ་གངས་རིའི་ཁྲོད་དུ་མ་ཡོང་གོང་ནས་བོད་ཅེས་ཐ་སྙད་བྱུང་ཡོད་པར་བསྟན་པས། བུད་ཅེས་པ་ལས་བྱུང་བར་མི་འདོད། གལ་ཏེ་དེའི་སྔོན་དུ་བོད་ཅེས་པའི་ཐ་སྙད་འདི་བྱུང་མེད་ཀྱང་བོད་དང་བུད་གཉིས་གནའ་ནས་གོ་དོན་མི་འདྲ་ལ་དེ་གཉིས་གདམ་ང་བྱེད་པ་དེ་བས་ཀྱང་མཐོང་དཀོན་པ་རེད། ལྟ་བ་གཉིས་པ་སྟེ་སྤུ་རྒྱལ་བཙན་པོ་དང་པོ་གཉའ་ཁྲི་ལ་འོ་དེ་ཞེས་པ་ལ་རྗེའི་མིང་ཡུལ་ཐོགས་ནས་བོད་ཅེས་པའི་ཐ་སྙད་བྱུང་བར་འདོད་པ་དེའང་མི་འཐད་དེ། གཉའ་ཁྲི་བཙན་པོའི་སྔོན་གྱི་དབང་མཛད་བཅུ་གཉིས་ཀྱི་དུས་ནས་བོད་ཅེས་པའི་ཐ་སྙད་བྱུང་ཡོད་པ་གཤམ་དུ་གསལ་བ་ལྟར་རོ། ། དེས་ན་བོན་ཞེས་པའི་ཐོག་མའི་གོ་དོན་ནི་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་མིང་ངམ་ཞང་ཞུང་གི་སྐད་གང་ཡིན་པ་ད་ལྟ་ཉིད་དུ་ཁ་ཚོན་གཅོད་དཀའ་རུང་། གཡུང་དྲུང་《ལས་དག་རྣམ་པར་རྒྱུད》ལས། “གཡུང་དྲུང་གི་བོན་བྱུང་སྔ་བ་དང་། རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱིས་བོན་ཁམས་ཞེས་གྲགས་སོ”ཞེས་པ་དང་། 《ལེགས་བཤད་མཛོད》ལས། “བོད་ཁམས་ཞེས་པ་ནི་བོན་ཁམས་ཞེས་པའི་སྒྲ་ཟུར་ཆག་སྟེ་བོད་ཁམས་ཞེས་གྲགས་པར་སྔ་རབས་པས་བཞེད”ཅེས་པ་ལྟར་ན། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྔོན་ན་བོད་དུ་བོན་ལུགས་འབའ་ཞིག་དར་ནས། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས། རིས་ནི་བོན་གྱི་མངའ་རིས་སུ་གྱུར་པས། ཡུལ་གྱི་མིང་ལ་བོན་ཁམས་ཟེར་བ་དང་། ཡུལ་དེར་གནས་པའི་གང་ཟག་སྤྱི་ལ་བོན་པོ་ཟེར་ལ། བོན་ཞེས་པའི་སྒྲ་ཟུར་ཆག་ནས་བོད་ཅེས་གྲགས་པར་སྙམ། རྒྱུ་མཚན་ནི། གནའ་དུས་སུ་བོན་དང་བོད་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འགྲོ་བར་མ་ཟད། རུས་རྒྱུད་གཅིག་མིན་ལ་མ་བལྟས་པར་ཆོས་ལུགས་གཅིག་ལ་དད་པའི་རུས་ཚོ་སྤྱིའི་མིང་ལ་ཟེར་བས། མི་རིགས་གྲུབ་པའི་མཚན་ཉིད་དང་ཡང་ཤིན་ཏུ་མཐུན་པས་སོ། །
ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་ལས་《བོད་ཅེས་པའི་མི་རིགས་འདི་དུས་ནམ་གྲུབ་པར་དཔྱད་པ།》ཞེས་པ་ལས་དྲངས།
① 1986ལོའི་ཟླ་12པར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼ཅོ་ནེའི་བསྟན་འགྱུར་དཀར་ཆག༽ཅེས་་པར་གསལ།

 

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow