ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བླ་སློབ་ངོ་མཚར་ཅན་འགའ་ཞིག་གླེང་བ།

 རྒྱལ་ཡུམ་བཟང་ཟ་རིང་བཙུན་ནི།  མདོ་སྔགས་སེམས་གསུམ་གྱི་བསྟན་པ་ཀུན་གྱི་མངའ་བདག་ཏུ་གྱུར་པ་ཞིག་ཡིན་ལ།  ཁྱད་པར་དུ་རྣམ་འདྲེན་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་ཡུམ་དུ་གྱུར་པ་སྟེ།  རྒྱལ་ཡུམ་བཟང་ཟ་རིང་བཙུན་ཞེས་སུ་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་སུ་རླུང་ལྟར་གྲགས་པ་དེའོ། གཞུང་རྣམས་སུ་བཟང་བཟའ་དང་བཟང་ཟ་ཞེས་འབྲི་སྲོལ་གཉིས་ཀྱང་སྣང་ངོ་།  མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་དང་བོན་གྱི་ཡིག་ཚང་ཕལ་མོ་ཆེ་རྣམས་སུ། རྒྱལ་ཡུམ་འདི་ཉིད་སྐུ་འཁྲུངས་པའི་ཚུལ་ལ།  ཡབ་ཡུམ་ལ་མ་བརྟེན་པར་སྒོང་སྐྱེས་ཀྱི་ཚུལ་དུ་སྐུ་མཆོག་མངོན་པར་བལྟམས་པའི་ཚུལ་གསུངས་པ་མང་ནའང་།   གཞུང་འགའ་ཞིག་ནས་ཡབ་ཡུམ་ངོས་འཛིན་དང་འབྲེལ་ནས་སྐུ་མཆོག་མངོན་པར་བལྟམས་པའི་ཚུལ་གསུངས་པ་ཡང་མཐོང་ངོ་།  དང་པོ་ནི།  སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་སོགས་ཀྱིས་མཚོན་པའི་རང་རེའི་བོན་གྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་།  རྒྱལ་ཡུམ་འདི་ཉིད་སྐུ་འཁྲུངས་པའི་ཚུལ་ལ།  གཡུང་དྲུང་གསལ་བ་འོད་ཀྱི་གླིང་བྱ་བ།  དགའ་ལྡན་ལྷའི་གནས།  ས་གཞི་དང་འདབ་མ་འབྲེལ་བ།  སངས་རྒྱས་ཐུགས་རྗེའི་བྱིན་རླབས་སྤྲུལ་པ་ལས།  གཡུའི་རྒྱ་མཚོ་གླིང་རྒུ་པ་གཅིག་ཆགས།  དེའི་ལྦུ་བ་རླུང་གིས་བསྐྱོད་པ་ལས། ཤེལ་གྱི་སྒོང་ངར་འགྲིལ།  དེ་བརྡོལ་པ་ལས་མཛེས་པའི་དབྱལ་གྱི་མི་མོ་གཅིག་བྱུང་ངོ་།  དེ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ།  ལེགས་པའི་ཡོན་ཏན་བཞི་བཅུ།  ངེས་པའི་ཐོ་ཡིག་དང་ལྡན་པས། ལྷ་རྣམས་ཀྱིས་བཟང་ཟ་རིང་བཙུན་ཞེས་མཚོན་གསོལ་ལོ།  ཞེས་གསུངས།
གཉིས་པ་ནི།  མཁས་གྲུབ་ཆེན་པོ་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་གྱིས་མཛད་པའི་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ་ལས།  དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་སྲིད་ཅིང་སྐྱེད་པར་བྱེད་པའི་རྒྱལ་མོ།  ས་ཏྲིག་སྟེ་ཤེས་རབ་དང་།  ཨེར་སངས་ནི་བྱམས་མ་ཆེན་མོ་དེའི་ཐུགས་རྗེ་བྱིན་རླབས་ལས།  བསྒྲགས་པ་གསུམ་གྱི་མདོ་ཁུངས་ཐབས་ཤེས་ཟུང་འབྲེལ་གསུམ་གྱི་བདག་ཉིད་ཡུམ་སྲས་གཤེན་གསུམ་དུ་ཐུགས་ལས་སྤྲུལ་པ་སྟེ།  ཡུམ་ཡང་སྲིད་ཚུལ་ལྷོ་གཏེར་ནས་མཚོ་དབུས་སྒོ་ང་ལས་བཤད་ཀྱང་།  མཛད་མདོ་ནས་ཡབ་བཟང་བོན་ལྷའི་རྒྱལ་པོ་ཡིན་པས་བཟང་ཟ་དང་།  ཡུམ་གཙང་མའི་ཞལ་ཡིན་པས་རིང་གཙང་ངམ་ཁྲི་བཞིའི་བཙུན་མོ་ཡིན་པའོ།  དེ་ཡང་སྔགས་སྤྱི་ནས་ལྷ་ཟ་མཚན་དྲུག་ཏུ་བཤད་ལ།  འགྲེལ་ལས།  ཕྱི་ལྟར་དུ་ས་ཏྲིག  ནང་ལྟར་དུ་བཟང་ཟ།  གསང་བ་ལྟར་དུ་སྲིད་པའི་རྒྱལ་མོ་ཟེར།  ཞེས་གསུངས།  རྒྱལ་ཡུམ་འདི་ལ་མཚན་དྲུག་ཏུ་གནས་པ་སྟེ།  གསས་མཁར་རྒྱས་པའི་གཙོ་མོ་མཛད་པའི་དུས་ས་ཏྲིག་ཨེར་སངས།  སྨན་ཕྲན་འབུམ་གྱི་གཙོ་མོ་མཛད་པའི་དུས་གནམ་ཕྱི་གུང་རྒྱལ།   ཡེ་གཤེན་གཙུག་ཕུད་སྐུ་ལས་སྤྲུལ་པའི་དུས་བཟང་ཟ་རིང་བཙུན།  གསས་མཁར་ཞི་བའི་གཙོ་མོ་མཛད་པའི་དུས་ཡུམ་ཆེན་ཐུགས་རྗེ་བྱམས་མ།  ལྷ་རྒོད་ཐོག་པའི་སྒྲོལ་ཡུམ་མཛད་པའི་དུས་སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད།  མཁའ་འགྱིང་ལྷའི་སྦྱོར་ཡུམ་མཛད་པའི་དུས་མཁའ་ལ་གདུག་མོ།  ཞེས་ལྷ་ཟ་མཚན་དྲུག་ཏུ་གྲགས་སོ། རྒྱལ་ཡུམ་འདི་ནི་ཕྱི་ལྟར་ན་འདུལ་བ་རྒྱུད་དྲུག་གི་གཞུང་དུ་གསལ་བའི་འདུལ་ཁྲིམས་བསྟན་པའི་མངའ་བདག  ནང་ལྟར་ན་ཀུན་གསལ་བྱམས་མ་ཆེན་མོའི་གཞུང་དུ་གསལ་བའི་མདོ་འབུམ་རྒྱུད་གཟུངས་བཞི་ཡི་བསྟན་བདག གསང་བ་ལྟར་ན་གསང་སྔགས་ཨ་དཀར་སྤྱི་སྤུངས་རྩ་བའི་རྒྱུད་ཀྱི་ཞུ་བ་པོ། དེ་བཞིན་གསང་སྔགས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་བསྟན་པའི་འབྱུང་གནས། ཡང་གསང་ཡེ་གཤེན་ཆེན་པོའི་གཞུང་མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་དང་། ལུང་དྲི་མེད་འོད་གསལ། མན་ངག་ཡེ་ཤེས་ཟང་ཐལ་སོགས་ཀྱི་བརྒྱུད་ཁུངས་ཀྱང་ཡིན་ནོ།  གསས་མཁར་མཆོག་ལྔའི་དབང་དུ་བྱས་ན།  ཡུམ་ཆེན་ལྔའི་རྣམ་པར་བཞེངས་ནས་ཐབས་ཤེས་ཟུང་འཇུག་གི་ཕྱག་རྒྱ་ཆེན་མོ།  བཀའ་གཏེར་སྙན་རྒྱུད་ཀྱི་དབང་དུ་བྱས་ན། མདོ་སྔགས་སེམས་གསུམ་གྱི་ཟབ་གཏེར་དང་སྙན་རྒྱུད་རྣམས་ཀྱི་བསྟན་བདག་དང་བསྟན་པ་གཉེར་དུ་གཏད་མཁན། སྟངས་འཛིན་བཀའ་ཡི་བྱ་ར་མཛད་པའི་གཙོ་མོ་ཡང་ཡུམ་ཆེན་འདི་ཉིད་དོ།   ཡུམ་ཆེན་འདི་ཡི་སློབ་བུ་ལ་ཀླུ་གྲུབ་ཡེ་ཤེས་སྙིང་པོ་དང་རྒྱལ་གཤེན་སོགས་མང་ན་ཡང་།   སྐབས་སུ་བབ་པ་ཐོས་པ་རྒྱ་མཚོས་ཚིག་གི་སྒྲོ་འདོགས་རྣམ་པར་གཅོད་པའི་གཤེན་པོ། བསམ་པ་རྒྱ་མཚོས་བོན་གྱི་གཏེར་ཆེན་ཉམས་སུ་བཞེས་པའི་མཁས་མཆོག  སྒོམ་འབྱུང་རྒྱ་མཚོས་ས་ལམ་དྲོད་ཚད་མངོན་དུ་གྱུར་པའི་གྲུབ་ཐོབ།  རྒྱུད་གསུམ་བསྟན་པའི་མངའ་བདག་ཆེན་པོ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཞེས་མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་རྣམ་པར་གཡོ་བའི་མཐུ་སྟོབས་དང་ལྡན་པའི་རྒྱལ་ཡུམ་བཟང་ཟའི་ཐུགས་སྲས་ཀུན་གྲུབ་རྒྱལ་སྲས་ཞེས་བྱ་བ་དེ་ཉིད་དོ།

རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ནི།  ཞང་ཞུང་བར་པའི་གཤེན་པོ་ཡིན།  སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལྟར་ན། ཞང་ཞུང་བར་པའི་ཡུལ་སྲིད་པའི་ཞིང་ཁམས་རྣམ་པར་དག་པ།  འཛམ་གླིང་སའི་སྙིང་པོ།  ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན།  ཡབ་གཡུང་དྲུང་བོན་གྱི་རྒྱལ་པོ།  གྱེར་ཝེར་ཐ་ཚན་ཧི་པང་རྐྱ་དང་།  བཙུན་མོ་ལྷ་ཟ་གཡུང་དྲུང་རྒྱན་གཉིས་ལ་ཡུམ་སྲིད་པའི་ལྷ་མོ་བྱམས་མས་དངོས་གྲུབ་ཏུ་གནང་བར་གསུངས།    མཁས་པ་ཆེན་པོ་དྲུག་ལ་གཏུགས་ནས་ཤེས་རབ་ཀྱི་རྩལ་སྦྱང་བའི་ཚུལ་ནི།  ལྟ་བ་ཆེན་པོ་ཁྱད་པར་གྱི་བོན་བྱང་སེམས་གབ་པ་དགུ་སྐོར་ཡོངས་སུ་དག་པ་ལས་གསན།  གསང་སྔགས་གསང་བའི་བོན་བསྙེན་པའི་གཞི་མ་སྒོ་དགུ་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ལས་ཀྱི་མཆོང་ཆེན་སྡེ་དགུའི་བོན་གཤེན་གསང་བ་འདུས་པ་ལས་གསན།  རྫུ་འཕྲུལ་བཅུ་གསུམ་གྱི་བོན་དབལ་བོན་སྟག་ལ་མེ་འབར་ལས་གསན།  མན་ངག་ཟབ་མོའི་བོན་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལས་གསན།  མཚན་ཉིད་སྡེ་ལྔའི་བོན་དྲང་སྲོང་རྒྱལ་བ་ལས་གསན།  རིག་པའི་གནས་ལྔའི་བོན་རྨ་ལོ་དར་དཔྱང་ལས་གསན་ནོ།  ཕྱི་རྣམ་དག་པད་མ་ཀློང་ཡངས་ཀྱི་དཀྱིལ་འཁོར་སྤང་ལ་ནམ་གཤེན་ལ་ཞུས་ནས་བསྒྲུབ་པ་མཛད།  ནང་ཀུན་གསལ་བྱམས་མ་ཆེན་མོའི་རྒྱུད་སེང་གེ་སྒྲ་ལས་ཞུས་ནས་བསྒྲུབ་པ་མཛད།  གསང་བ་ཐུགས་རྗེ་ཉི་མའི་རྒྱུད་ལུང་མན་ངག་གསུམ་ལྷ་བོན་ལ་ཞུས་ནས་བསྒྲུབ་པ་མཛད་དེ་ཤིན་ཏུ་ཐུགས་ཆེས་ནས་བཞུགས་སོ།    ཁྱད་པར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་ལམ་གྱི་བྱ་ར་མ་དྲུག་གིས་རྒྱུད་བསྐུལ་ནས།   དགའ་ལྡན་ལྷའི་གནས།  རིན་པོ་ཆེ་གཡུ་སྟེང་གི་ཚལ།  རྩེ་དྲུག་ལྷུན་གྱི་སྒང་།  གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་ཕྱིན་ནས།  མཁའ་འགྱིང་རིགས་ལྔས་སྟོན་པ་མཛད།  བཟང་རིང་བཙུན་ཀྱེ་མར་བཞེངས་ནས་དབང་གི་སློབ་དཔོན་མཛད། བདེ་ཆེན་སངས་རྒྱས་ཡུམ་བཞི་ལས་ཀྱི་སློབ་དཔོན་མཛད།  རོལ་པའི་ཚོགས་བདག་མ་ལས་སོགས་པ་གནས་ཉི་ཤུ་རྩ་བཞིའི་སྲུང་མ་རྣམས་ཀྱིས་ཚོགས་ཀྱི་ཡོ་བྱད་སྦྱར། གྲུབ་པ་བསྙེམས་པའི་རིག་འཛིན་རྣམས་ཀྱིས་བྱིན་ཕབ་དང་དབང་བཞི་གནད་དང་བཅས་པ་རྫོགས་པར་བསྐུར་བའི་ཚུལ་ཉིད་ཀྱིས་མཛད་པའི་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས་ཞིབ་པར་གསལ།  དེ་ནས་རྒྱལ་མཁར་བ་ཆོད་ཀྱི་གནས་སུ་ཕེབས་ཏེ་དབུས་གསང་བ་མཆོག་གི་རི་བོ་ལ།  སྒོམ་སྲན་ཆེན་པོ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་སྒོམ་ཡུམ་རིང་པོ་ལྔ་བཅུ་ཕྲག་གསུམ་བསྲིངས་ཏེ། གདམས་ངག་ཟབ་མོ་སངས་རྒྱས་རྒྱུད་གསུམ་གྱི་བོན་ཉམས་སུ་བཞེས་པའི་ཚུལ་ནི།   སྒོམ་སྲན་ཆེན་པོ་མི་ལུས་བསམ་ལེགས་གཤེན།  སྒོམ་ཡུན་རིང་པོ་ལྔ་བཅུ་ཕྲག་གསུམ་བསྲིངས།  སྒོམ་རྟགས་ཐོན་པ་རྒྱལ་ཁམས་ལྷག་མེད་བསྒྱུར། ཞེས་པའི་བདེ་ཆེན་རྟོགས་པའི་གླུ་དབྱངས་འདི་ཉིད་ལ་གཟིགས་ན་ཤེས་པར་ནུས་སོ།  ཐོས་པ་རྒྱ་མཚོ་ལྟ་བུའི་ངོམས་པ་མེད་པའི་མཁས་པ་ཆེན་པོ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཞེས་བྱ་བས།  དཔོན་གསས་མཁས་པ་ཆེན་པོ་རྣམས་ལ་རྟོགས་ཚད་ལྟ་བའི་སྒྲོ་འདོགས་བཅད་ནས་སྐལ་ལྡན་ངེས་ཤེས་བསྐྱེད་པར་བྱ་བའི་ཕྱིར་རྒྱུད་སྡེ་ཆེན་པོ་དྲུག་གི་དབྱངས་གསུངས་པ་ནི།  ཡོངས་སུ་དག་པ་ལ་ཐེག་པ་ཆེན་པོའི་ཐག་ཆོད་པས་ལྟ་བ་ནམ་མཁའི་དབྱིངས་གྲུབ།  གསང་བ་འདུས་པ་ལ་གསང་སྔགས་ཀྱི་དྲོད་བསྙེམས་པས་སྒོམ་པ་མཁའ་འགྲོའི་སྦུག་རིང་། དྲང་སྲོང་རྒྱལ་བ་ལ་ཚད་བོར་བས་སྤྱོད་པ་སེང་གེའི་ཁོང་འགྱུར།  སྟག་ལ་མེ་འབར་ལ་མངའ་བསྙེམས་པས་དཔའ་བོ་བརྟུལ་ཤུགས་ཀྱི་གད་རྒྱངས་།  འཕགས་པ་ཀླུ་གྲུབ་ལ་ཞལ་བསྡུར་བས་ཉམས་མྱོང་བདུད་རྩིའི་ཐིགས་པ། ཡབ་ཡུམ་སྲས་གསུམ་ལ་ལྟངས་ཕུལ་བ་སྡེ་ལྔ་མ་རྒྱུད་ཀྱི་སྙིང་ཁྲག་གཤེན་གླུ་རུ་བླངས་བའི་ཚུལ་དང་བཅས་པ་རྒྱལ་གཤེན་གྱི་དབང་ལུང་ཐོབ་ཚུལ་ལྟ་བའི་གཤེན་གླུ་ལས་གསལ། རྒྱུད་གསུམ་བསྟན་པའི་མངའ་བདག་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ནི།  ལུང་གིས་ཕྱུག་པ་དང་། ལུང་དང་འདྲེས་པ་དང་། ལུང་བཞིན་སྟོན་པ་དང་གསུམ་གྱིས་མཚན་ཉིད་དང་ལྡན་པའི་དཔོན་གསས་ཆེན་པོའོ།  གདམས་ངག་ཟབ་མོ་སངས་རྒྱས་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྒྱལ་བ་རྒྱ་མཚོ་མ་ལུས་སྤྱི་དྲིལ་ནས།  བསོད་ནམས་རྒྱ་མཚོ་མ་ལུས་བསྐྱེད་པའི་ཕྱིར།  གདམས་ངག་རྒྱ་མཚོ་རྒྱས་འབྲིང་བསྡུས་གསུམ་གྱིས། མ་རྒྱུད་རྒྱ་མཚོའི་ཐུགས་དམ་གནད་བསྐུལ་ལ། ཡེ་ཤེས་རྒྱ་མཚོ་ནམ་མཁའི་མཛོད་ལ་སྤྱོད།  ལྷ་མི་མ་ལུས་ཀུན་གྱི་དབང་ཕྱུག་འགྱུར།  ཞེས་པའི་ལུང་གིས་བསྔགས་པར་མཛད་པ་ཡང་སྐྱེས་མཆོག་འདི་འདྲ་ཞིག་ལ་དགོངས་པར་ངེས་སོ། མི་ལུས་བསམ་བསམ་ལེགས་ཞེས་པའི་ཚིག་དོན་གྱི་འགྲེལ་ཚུལ་ལའང་།  བྱ་བ་བྱས་པས་སངས་རྒྱས་མྱེས་པར་ངེས། སྨིན་གྲོལ་མཆོག་ལ་སེམས་ཅན་མང་པོ་བཀོད།  མི་ལུས་ཐོབ་པ་དོན་ཡོད་རེད་པར་ངེས།  རྒྱལ་ཁྲིམས་བོན་གྱིས་བསྒྱུར་ན་དགེ་བཅུར་བསྒྱུར།  བསམ་པ་ལེགས་པ་མཐའ་རུ་ཕྱིན་པར་ངེས།  ཞེས་བདེ་ཆེན་རྟོགས་པའི་དབྱངས་ཀྱི་མགུར་འདི་ཡིས་ཤེས་ནུས་སོ།  རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱལ་ཐེབས་དམ་པར་གྱུར་པ་སྔགས་སེམས་བསྟན་པའི་བདག་ཉིད་ཆེན་པོ་དམུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ཞེས་མཚན་གྱི་སྙན་པ་སྟོང་གསུམ་ཀུན་དུ་གྲགས་པ་དེ་ཉིད་ཡིན་ནོ།

དམུ་གཤེན་ཆེན་པོ་ནམ་མཁའ་སྣང་བ་མདོག་ཅན་ནི།  ཞང་ཞུང་ཕུག་པའི་གཤེན་པོ་ཡིན།  ཡབ་རྟག་གཟིགས་ཀྱི་རྒྱལ་པོ་དམུ་རྒྱལ་གསང་བ་རྗེ་ཡིན་པ་བླ་ཆེན་དྲན་པས་མཛད་པའི་འདུལ་བ་གླིང་གྲགས་དང་། སྐྱབས་ཀྱི་སྟོན་པས་མཛད་པའི་ཁྲོ་བོའི་རྣམ་བཤད་རྣམས་སུ་གསལ།  ཀུན་མཁྱེན་ཉི་མའི་རང་རྣམ་ལས་ཡབ་དམུ་རྒྱལ་བོད་རྗེ། ཞེས་གསུངས། ཡུམ་གྱི་མཚན་བྱང་གསལ་ཁ་མ་བྱུང་།   གནའ་བོའི་ཞང་བོད་ཀྱི་ཚིག་མཛོད་ནང་། ཡབ་ཀོང་ཚ་གཡུང་དྲུང་དབང་ལྡན་དང་།  ཡུམ་བཙུན་མོ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྟངས་དབྱལ་ལས་ངོ་མཚར་གྱི་རྨི་ལམ་དང་བཅས་ཏེ་འཁྲུངས།  མཚན་དུ་ནམ་མཁའ་སྣང་མདོག་གསོལ།  ཞེས་གསལ་བར་བྲིས་འདུག་པས་འདིའི་དཔེ་ཁུངས་གང་ཡིན་མཁྱེན་རྟོགས་བྱུང་ན་དགེ་མཚན་ཆེའོ།  དམུ་རྒྱལ་གསང་བ་རྗེ་དང་དམུ་རྒྱལ་བོད་རྗེ་ཀོང་ཚ་གཡུང་དྲུང་དབང་ལྡན་འདི་གསུམ་གང་ཟག་གཅིག་ཡིན་ཀྱང་སྲིད་དོ།  བོན་ནམ་མཁའ་དང་མཉམ་པར་ཐུགས་ལ་སྣང་བས་ནམ་མཁའ་སྣང་བ་མདོག་ཅན་ཞེས་མཚན་གྱི་འབྲུ་བཤད་དེ་ལྟར་འགྲེལ་བའི་ཚུལ་ནི་སྐྱབས་ཀྱི་སྟོན་པས་གསུངས། གང་ལྟར་དམུ་གཤེན་ཆེན་པོ་འདི་ཉིད་ནི།  ལྷ་ཀླུ་མི་ཡི་གཤེན་གསུམ་ལ་དངོས་སུ་གཏུགས་ནས་ནང་གསང་སྔགས་སྤྱི་སྤུངས་དང་མ་རྒྱུད་བྱམས་མ་སོགས་ཀྱི་བསྟན་པའི་བདག་པོ།    གསང་བ་གྲོལ་ལམ་བྱང་སེམས་གབ་པ་སོགས་ཀྱི་བསྟན་པའི་མངའ་བདག  ཕྱི་སྤོང་ལམ་མདོ་ཡི་ཁོངས་ནས་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དང་། ཁམས་ཆེན་སྟོང་ཕྲག་བརྒྱ་པའི་བརྒྱུད་ཁུངས་ཀྱི་ཁོངས་སུ་གསལ་བའི་བཀའ་དྲིན་ཅན་གྱི་བསྟན་བདག་ཁྱད་པར་དུ་འཕགས་པ་ཞིག་གོ  དམུ་གཤེན་ཆེན་པོ་འདི་ཉིད་ཀྱིས་དབུས་ཀྱི་རི་རྒྱལ་ལྷུན་པོར་གོང་གི་གདམས་པ་ཟབ་མོ་རྣམས་ཉམས་སུ་ལེན་ཞིང་སྒྲུབ་པ་མཛད་ནས་གྲུབ་པ་མཐའ་རུ་ཕྱིན།  བོད་ཡུལ་དུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛད།  བོད་རྒྱལ་གཉའ་ཁྲི་དང་མུ་ཁྲི་སོགས་ཀྱི་དབུ་བླ་མཛད་ནས་སྔགས་སེམས་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་ནས་བོད་ཡུལ་མུན་པའི་སྨག་རུམ་སེལ་བར་མཛད་དོ། ཁོང་ལ་སྨིན་གྲོལ་གྱི་རྒྱལ་མཚན་ནུས་པའི་སློབ་བུ་དུ་མ་ཞིག་བྱོན་ཡོད་པ་སྲིད་ཀྱང་། བར་པའི་ཨ་ནུ་ཕྲག་ཐག་དང་བོད་རྒྱལ་མུ་ཁྲི་བཙན་པོ་ནི་བསྟན་པའི་རྒྱལ་ཐེབས་ནུས་པའི་སློབ་མའི་མཆོག་ཏུ་གྱུར་པའོ།

དཔོན་གསས་ཆེན་པོ་ཞང་ཞུང་ཨ་ནུ་ཕྲག་ཐག་ནི།  གངས་ཏི་སེའི་གནས་སུ་བཞུགས་ཤིང་ཞང་ཞུང་བར་པའི་གཤེན་པོ་ཡིན་པ་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་དང་མན་ངག་ཡེ་ཤེས་ཟང་ཐལ་སོགས་ལས་གསལ།  ཨ་ནུ་ཕྲག་ཐག་གི་མཚན་གྱི་འབྲུ་བཤད་ལ། མཁས་གྲུབ་སྐྱབས་སྟོན་གྱིས་མཛད་པའི་ཁྲོ་བོ་དབང་ཆེན་གྱི་རྣམ་བཤད་གསལ་བའི་སྒྲོན་མེ་ལས།  ཨ་ནུ་ནི་ལྷའི་གཅུང་པོ་ཟེར་ཏེ། འོག་གི་སད་ནེ་ལྷའི་གཅེན་པོ་ཟེར་བས་དེ་གཉིས་ཟླར་ཤེས་སོ། ཡང་ན་ཨ་ནུ་ནི་དུག་སྒྱུར་བ་དང་།  འཕྲག་ཐག་ཟེར་བ་ལྟར་ན། ཤ་མཚན་གྱི་ག་ཤའམ་སེ་རལ་ཁ་ཡོད་པ་སྲིད་དོ། ཞེས་གསུངས།  སེ་སད་ནེ་གུས་ཞང་ཞུང་ཨ་ནུ་ཕྲག་ཐག་ལས།  དྲོད་ཆེན་གཏུམ་མོ་ཨ་བ་སྲོག་རྩོལ་གྱི་སྒོམ་པ་ཞུས།  ཞང་ཞུང་སད་ནེ་གའུས་ཀྱང་མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་དང་།  ལུང་དྲི་མེད་འོད་གསལ།  མན་ངག་ཡེ་ཤེས་ཟང་ཐལ་རྣམས་ཞང་ཞུང་ཨ་ནུ་ཕྲག་ཐག་ལས་ཞུས་པ་ཡིན་ཏེ།   རྒྱུད་ཐུགས་རྗེ་ཉི་མའི་མན་ངག་ཡེ་ཤེས་ཟང་ཐལ་ལས།   འདུ་གནས་གངས་ཏི་སེ་རུ།   སྟོན་པ་ཞང་ཞུང་ཨ་ནུ་ཕྲག་ཐག་ལ།  ཞང་ཞུང་སད་ནེ་གའུས་ཞུས།  རྦ་ལྒ་བུ་ཤེ།  ཨེ་མ་ཧོ།  རྒྱུད་ཐུགས་རྗེ་ཉི་མ་ལ་ཐོས་པ་སྦྱོངས་ཤིག་སད་ནེ་པ།  ལུང་དྲི་མེད་འོད་གསལ་ལ་བསམ་བརྟན་སྤྲོས་ཤིག་སད་ནེ་པ།  མན་ངག་ཡེ་ཤེས་ཟང་ཐལ་ལ་སྒོམ་པའི་མཐིལ་དུ་ཕོབས་ཤིག་སད་ནེ་པ།  ཞེས་གསུངས།   དེར་མ་ཟད་ཞང་ཞུང་སྒོ་པའི་གཤེན་པོ་སད་ནེ་གའུས་རྟོགས་པ་ཆེན་པོ་ཉི་ཤུ་རྩ་གསུམ་གྱི་ས་ཚིགས་བགྲོད་དེ། ཞང་ཞུང་བར་པའི་གཤེན་པོ་ཨ་ནུ་ཕྲག་ཐག་གི་སྐུ་མདུན་ནས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གདམས་པ་ཟབ་མོ་རྣམས་ཀྱང་ཞུས་པ་ཡིན་ཏེ།  སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས།   དེ་ལ་གཤེན་མི་ལུས་བསམ་ལེགས་ལ་ནམ་མཁའ་སྣང་བའི་མདོག་ཅན་གྱིས་ཞུས་ནས་རི་རྒྱལ་ལྷུན་པོའི་ཕོ་བྲང་དུ་སྒོམ་པའོ།  དེ་ལ་ཞང་ཞུང་བར་པའི་བོན་པོ་ཨ་ནུ་ཕྲག་ཐག་གིས་ཞུས་ཏེ་དཀའ་བ་ཆེན་པོ་སུམ་ཅུ་རྩ་དྲུག་སྤྱད་ནས་ཞུས་པའོ།  དེ་ལ་ཞང་ཞུང་སྒོ་པའི་གཤེན་པོ་སད་ནེ་གའུས་ཞུས་ནས་རྟོགས་པ་ཆེན་པོ་ཉི་ཤུ་རྩ་གསུམ་གྱི་ས་ཚིགས་བགྲོད་ཅིང་ཉམས་སུ་བླང་པ་ལགས་སོ།  ཞེས་དང་།   དེ་ཉིད་ལས།  ཡང་དག་པར་ན་བསམ་ལེགས་ནས།  ཞང་ཞུང་སྒོ་ཕུག་བར་གསུམ་གྱི་རྒྱུད་པ་ལ་གསུམ་ལས་མ་སོང་བ་ལ།   ཕུག་པའི་སྣང་བ་མདོག་ཅན།  བར་པའི་ཨ་ནུ་འཕྲག་ཐག  སྒོ་པའི་སད་ནེ་གའུ།  ཞེས་གསུངས་སོ།  ཞང་ཞུང་སད་ནེ་གའུས་སློབ་དཔོན་སེ་སད་ནེ་གུ་ལས་ཉམས་ཀྱི་པྲ་ཁྲིད་ཞུས་པ་མན་ངག་ཡེ་ཤེས་ཟང་ཐལ་ལས་གསལ། ཞང་ཞུང་བར་པའི་གཤེན་པོ་ཨ་ནུ་ཕྲག་ཐག་འདི་ཉིད་ཀྱི་ཡབ་ཡུམ་སོགས་གང་ཡིན་པ་ཁོ་བོས་མཇལ་ཡུལ་དུ་མ་གྱུར།  སྐུ་ཚེའི་ཚད་ཇི་ཙམ་བཞུགས་པ་ཡིན་ནམ་ཞེ་ན། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས།  དགུང་ལོ་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་ནས།  ནམ་མཁར་འཕུར་ཏེ་འོད་ལུས་སངས་རྒྱས་སོ།  ཞེས་གསུངས།  ཞང་ཞུང་ཨ་ནུ་ཕྲག་ཐག་གི་སློབ་བུ་ནི་ཞང་ཞུང་སེ་སད་ནེ་གུ་དང་སད་ནེ་གའུ་གཉིས་ཡིན་ནོ།

སློབ་དཔོན་ཆེན་པོ་སེ་སད་ནེ་གུ་ནི།   ཞང་ཞུང་བོན་གྱི་བླ་རི་གངས་རྒྱལ་ཏི་སེའི་མདུན་བླ་མཚོ་མ་པང་གཡུ་མཚོའི་འགྲམ་དུ།  གཡུང་དྲུང་བཀོད་པ་བོན་གྱི་འདུ་གནས་ཆེན་པོ་རུ།  ཡབ་ཞང་ཞུང་རྒྱལ་པོ་ཁྲི་འོད་ཐབས་ཀྱི་ཁྲི་དང་།  ཡུམ་ཡེ་མ་གསལ་འབུམ་ཤེས་རབ་འབུམ་གཉིས་ཀྱི་སྲས་སུ།  རིགས་བཟང་ཁུངས་བཙུན་རྒྱལ་རིགས་ཀྱི་གདུང་ལས་སྐུ་མཆོག་མངོན་པར་བལྟམས།  མཁས་པར་བློ་སྦྱངས།  བོན་སྒོ་བཞི་མཛོད་ལྔ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད།  ཕྱི་སོ་ཐར་གྱི་སྡོམ་པས་སྒོ་གསུམ་གྱི་ཉེས་སྤྱོད་ལེགས་པར་བསྡམས་ནས་བསྟན་པའི་སྲོག་ཤིང་འཛིན། ནང་རིག་འཛིན་སྔགས་ཀྱི་སྡོམ་པས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་ཐེག་ཆེན་བོན་གྱི་འཁོར་ལོ་བསྐོར།  ལྟ་བ་ཡས་ནས་ཕུབ་སྟེ་གཉིས་མེད་ཀྱི་དགོངས་པ་ལ་དབང་འབྱོར།  སྤྱོད་པ་མས་ནས་འཛེགས་ཏེ་བག་སྒྲིབ་མ་ལུས་པ་ཁྲུས་ཀྱིས་བཀྲུས།  སྙིང་རྗེ་ཆེན་པོས་གཞི་བསླངས་ནས་འགྲོ་བ་སྨིན་གྲོལ་གྱི་ལམ་ལ་བཀོད། ཕ་རོལ་ཕྱིན་པ་བཅུ་ཡིས་ངང་བསྲིངས་ནས་ཤེས་སྒྲིབ་མ་ལུས་པ་དྲུང་ནས་འབྱིན།  སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་ལྔ་ཡིས་བསྟན་པ་བོན་གྱི་རྒྱལ་མཚན་འཛིན་ནས་བཞུགས་སོ།  སྐུ་ཚེའི་ཚད་ཇི་ཙམ་བཞུགས་མིན་མ་ཤེས་ཀྱང་།  རང་རེ་བོན་གྱི་ལོ་རྒྱུས་ཀྱི་ཡིག་ཚང་ནང་འཁོད་པའི་སློབ་དཔོན་འགྲན་ཟླ་དང་བྲལ་བ་ཞིག་གོ  སློབ་དཔོན་འདི་ཡི་སློབ་མའི་མཆོག་ཏུ་གྱུར་པ།  བསྟན་པའི་རྒྱལ་ཐེབས་ནུས་པ། བསྟན་པ་བོན་གྱི་རྒྱལ་མཚན་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་གསང་སེམས་བསྟན་པའི་བདག་པོ་སྒོ་པའི་སད་ནེ་གའུ་ཞེས་པ་དེ་ཉིད་དོ།

སློབ་དཔོན་ཆེན་པོ་སད་ནེ་གའུ་ནི།  མ་རྒྱུད་ཐུགས་རྗེ་ཉི་མའི་མན་ངག་ཡེ་ཤེས་ཟང་ཐལ་ལས་གསལ་བ་ལྟར་ན། དང་ར་སེང་གེ་རྫོང་གི་བྲག་ཕུག་གི་གནམ་སྐྲས་སུ།  ཡབ་ཞང་ཞུང་རྒྱལ་མཚན་མཚམས་བདེ་དང་།  ཡུམ་རྒྱལ་བཟའ་ཀློང་ཡངས་གཉིས་ཀྱི་སྲས་སུ།  དྲུག་ཅུའི་ལོ་ལས་ཆུ་མོ་ཕག་གི་ལོ།  ཟླ་བ་བཅུ་གཉིས་ཀྱི་ནང་ནས་སྟོན་ཟླ་འབྲིང་པོའི་ཚེ་བདུན།  ཉི་མ་ཕྱེད་དྲོས་གསལ་བའི་དུས་སུ།  ངོ་མཚར་བའི་མཚན་རྟགས་དུ་མ་དང་བཅས་ཏེ།  སྐུ་མཆོག་མངོན་པར་བལྟམས།  མཚན་ལ་སད་ནེ་གའུ་ཞེས་གསོལ། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས་གསལ་བ་ལྟར་ན།  ཡབ་ནི་ཞང་ཞུང་རྒྱལ་མཚན་བདེ་བ་དང་།  ཡུམ་ནི་རྒྱལ་བཟའ་ཀློང་ཡངས་གཉིས་ཀྱི་སྲས་ཡིན་པར་གསུངས།  བླ་མ་འདི་ནི་སྔགས་སེམས་བསྟན་པའི་བདག་པོ་ཆེན་པོ་ཡིན།  ཞང་ཞུང་ཨ་ནུ་ཕྲག་ཐག་དང་སློབ་དཔོན་སེ་སད་ནེ་གུ་ལ་གཏུགས་ནས་ཉམས་རྟོགས་ཀྱི་དབང་ཕྱུག་ཆེན་པོར་གྱུར་རོ།  མདོར་ན་མ་རྒྱུད་རྒྱ་མཚོའི་མངའ་བདག་རྒྱལ་ཡུམ་བཟང་ཟ་རིང་བཙུན།  དེའི་སློབ་བུ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས།  རྒྱལ་གཤེན་གྱི་སློབ་བུ་ཕུག་པའི་སྣང་བ་མདོག་ཅན།  ཕུག་པའི་སྣང་བ་མདོག་ཅན་གྱི་སློབ་བུ།  བར་པའི་ཨ་ནུ་ཕྲག་ཐག   བར་པའི་ཨ་ནུ་ཕྲག་ཐག་གི་སློབ་བུ།  སེ་སད་ནེ་གུ་དང་སྒོ་པའི་སད་ནེ་གའུ་གཉིས།  སློབ་དཔོན་སེ་སད་ནེ་གུའི་སློབ་བུ།  ཞང་ཞུང་སད་ནེ་གའུ་ཡིན་ནོ།

བླ་མ་བཅུད་དང་ལྡན་ཞིང་སློབ་མ་སྣོད་དང་ལྡན་པའི་བླ་སློབ་སྣོད་བཅུད་གཉིས་འཛོམས་ཀྱི་སྐྱེས་བུ་འདི་རྣམས་ཀྱིས།  ཐུགས་མཐུན་ཁྲིམས་གཙང་དམ་ཚིག་ལ་སེལ་མ་ཞུགས་པའི་སྒོ་ནས་དཔོན་གསས་བླ་མ་བསྟེན་ཚུལ་དང་། བླ་སློབ་ཀྱི་འབྲེལ་བ་འཇོག་ཚུལ།  གཞན་ཡང་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ཐོས་དོན་སྒྲུབ་ལ་གཞོལ་བའི་རྣམ་ཐར་བཟང་པོ་འགའ་ཞིག་མཇལ་བའི་དད་འདུན་དྲག་པོས་ཉེ་བར་བསྐུལ་བ་ལ་བརྟེན་ནས་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་གསལ་ཁ་ཅུང་ཟད་དང་བཅས་ཏེ་སྦྱར་བ་འདི་ཡང་བསྟན་འགྲོའི་དཔལ་དུ་གྱུར་ཅིག

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow