བདེན་པ་བོན་གྱི་སྒྲ་འགྲེལ་གྱི་དགོངས་དོན་ལྟར་རྟེན་འབྲེལ་བཅུ་གཉིས་ཀྱི་བཤད་ཐབས་ཆེན་པོ་ལྔ།

དང་པོ་ཁྱུང་ཆེན་ལྡིང་སྟབས་ཀྱིས་བཤད་པ།

དཔེ་དང་སྦྱར་ན་ཁྱུང་ནམ་མཁར་ལྡིང་བའི་དུས་རྩལ་དྲུག་ལུས་ལ་རྫོགས་ནས་ལྡིང་བ་སྟེ།  སྒྲོ་སྤུ་གྲངས་མང་ཡང་གློ་སྙིང་ལས་སྐྱེས་པའི་འདྲེན་གཤོག་རླུང་འདྲལ་གཉིས་དང་།  མཆིན་མཚེར་ལས་སྐྱེས་པའི་འདེགས་གཤོག་གནམ་འདྲལ་གཉིས་དང་།  མཁལ་མ་ལས་སྐྱེས་པའི་མགྱོགས་གཤོག་ས་འདྲལ་གཉིས་དང་དྲུག་རྒྱས་པའི་དུས་སུ། གནམ་རི་ས་བྲག་རྩི་ཤིང་ཆུ་ཀླུང་ངམ་གྲོག་གཡང་རོང་ལ་སོགས་གང་ལའང་ཉམས་ང་མེད་པར་སྤྱི་རྒྱ་རླབས་ཀྱིས་གཅོད་ནས་ལྡིང་བའི་དཔེ་ལྟར། དོན་ལ་སྦྱར་ན།  ཡེ་ཤེས་རྣོ་གསལ་གྱི་རྩལ་དང་། དགོངས་པ་དམིགས་འཛིན་གྱི་རྩལ་དང་། ཤེས་རབ་རྒྱས་འཕེལ་གྱི་རྩལ་དང་།  དད་པ་རྒྱུན་ཆགས་ཀྱི་རྩལ་དང་།  བརྩོན་འགྲུས་ཞེན་འདེབས་ཀྱི་རྩལ་དང་།  ལྡོག་མེད་ལྟ་བའི་རྩལ་དྲུག་དང་ལྡན་པའི་སྐྱེས་བུ་ཡིས།  རྩ་བའི་ས་བཅད་ཀྱི་ཆིངས་ཆེན་པོ་དྲུག་དང་འབྲེལ་ནས།  དང་པོ་གཟུང་དོན་དོན་སྤྱི་མུན་པའི་རང་བཞིན་ཅན་དེ།  གཉིས་པ་ངོ་བོ་རྨོངས་ཤིང་དོན་གསལ་བ་མེད་པ།  གསུམ་པ་བརྡའ་ནི་རྟེན་ཅིང་འབྲེལ་བ།  བཞི་པ་ངེས་ཚིག་ནི་ཡང་དག་བདེན་པའི་དོན་མ་རིག་པ།  ལྔ་པ་དཔེ་དོན་རྣམ་གྲངས་དང་བཅས་པ་ལ།  དྲུག་པ་ཕྱི་མ་དཔེ་དོན་རྣམ་གྲངས་དང་བཅས་པ་རྣམས་འབྲེལ་ནས་བྱུང་བའི་ཚུལ་དྲུག་དང་བསྟུན་ནས་འཆད་པར་བྱ་བའོ།

གཉིས་པ་སེང་གེ་མཆོང་སྟབས་ཀྱིས་དཀྱུས་ཀྱི་ས་བཅད་པ།

དཔེར་ན་སེང་གེ་བར་སྣང་ལ་མཆོང་བའི་དུས་སུ་རྩལ་གསུམ་ལུས་ལ་རྫོགས་ནས་མཆོང་བ་སྟེ།  ཤ་ལས་གྲུབ་པའི་ཚོད་འཛིན་པའི་རྩལ། རིང་བར་མཆོང་བ་ཉམས་ཚགས་ལས་གྲུབ་པའི་རྩལ།  བར་སྣང་རློབ་ཅིང་སྤོར་བ་དབུགས་རླུང་ལས་གྲུབ་པའི་རྩལ་དང་གསུམ་གྱིས་འཐེན་ཐོགས་མེད་པར་མཁའ་ལ་མཆོང་བ་བཞིན།  དོན་དང་སྦྱར་ན།  ཐོས་བསམ་སྒོམ་གསུམ་གྱི་རྩལ་གསུམ་རྫོགས་པའི་སྐྱེས་བུས།  རྩ་བའི་ས་བཅད་ཀྱི་ཆིངས་གསུམ་དང་འབྲེལ་ཏེ།  དང་པོ་མདོ་རྩ་ཉི་ཤུ་རྩ་བཞིས་རྩ་བའི་མདོ་བཟུང་།  གཉིས་པ་ཡན་ལག་བདུན་ཅུ་ཐམ་པས་གོ་བསལ།  གསུམ་པ་མདོ་སྡུད་གཅིག་གིས་མདོ་བསྡུས་པ་དང་གསུམ་གྱིས་འཆད་པར་བྱའོ།

གསུམ་པ་ངང་མོ་འགྲོས་ཀྱིས་བཤད་པས་དོན་གྱི་འབྲུ་ཏིག་པ།

དཔེར་ན་རི་བྲག་གི་ངང་པ་ཚང་ལས་ཐར་ནས་མཚོའི་ཀླུང་ལ་སྙེགས་པའི་དུས་སུ། དང་པོ་ངང་མོས་མཚོ་ལ་སྣ་དྲངས་ནས་འགྲོ།  གཉིས་པ་དེ་ཅི་བཞིན་དུ་ངང་ཕྲུག་རྣམས་རྗེས་སུ་འབྲེངས་ཏེ་འགྲོ། གསུམ་པ་ངང་ཕྲུག་གང་དུ་འགྲོ་བར་ངང་ཕོས་རྗེས་བཀབ་སྟེ།  རྗེས་གཅིག་ཐོག་ཏུ་གཅིག་ཕབ་ནས།  མཚོ་ལས་ཐར་བའི་དཔེ་བཞིན་དུ།  དོན་ལ་སྦྱར་ན། གོ་རིམ་མ་འཆོལ་བར།  རྟེན་འབྲེལ་བཅུ་གཉིས་ལ་ངོ་བོ་རེ་དང་དཔེ་རེ་སྦྱར་ནས་འཆད་དགོས་སོ།  ཇི་ལྟར་འཆད་པའི་ཚུལ་ནི་འདི་ལྟར་ཏེ།  ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལས།  མ་རིག་རྒན་མོ་ལོང་མ་འདྲ།  འདུ་བྱེད་རྫ་མཁན་བུ་ཕོ་འདྲ།  རྣམ་ཤེས་ཤིང་ཁར་སྤྲེའུ་བྱུང་འདྲ།  མིང་དང་གཟུགས་ནི་རྫས་ནོར་འདྲ།  སྐྱེ་མཆེད་དྲུག་ནི་བྱད་དང་འདྲ།  རེག་པ་སྙུག་དོང་སྦྲུལ་སོང་འདྲ།  ཚོར་བ་གཏར་ཚན་ཆུ་འཐིག་འདྲ།  སྲེད་པ་སྒོ་ནོར་མི་དང་འདྲ། ལེན་པ་རྒྱ་བྱ་ཆུ་འཐུང་འདྲ།  སྲིད་པ་ཕོ་མོ་འཁྲིགས་ཆགས་འདྲ།  སྐྱེ་བ་འཁར་བ་ལུགས་བྱུང་འདྲ།  རྒ་ཤི་དེ་བཞིན་དངོས་པོར་བསྟན།  ཞེས་གསུངས་པའི་ངོ་བོ་དང་དཔེ་གཉིས་ཀྱི་སྦྱོར་ཚུལ།  བདེན་པ་བོན་གྱི་སྒྲ་འགྲེལ་ལས་བླ་ཆེན་དྲན་པས་གསུངས་པ་ལྟར་རམ།  ཡང་ན་རྗེ་བདག་ཉིད་ཆེན་པོས་མཛད་པའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས་འགྲེལ་ཚུལ་ལྟར་གང་རུང་གི་སྒོ་ནས་བཤད་པར་བྱའོ།  དེ་ནས་རིམ་བཞིན་རྟེན་འབྲེལ་བཅུ་གཉིས་སོ་སོའི་གོ་དོན་དང་དབྱེ་བ་ངེས་ཚིག་བྱེད་ལས་བཅས་རྣམ་པ་བཞིའི་སྒོ་ནས་དོན་གྱི་འབྲུ་ཏིག་ཏེ་འཆད་པར་བྱའོ། ངང་མོ་འདྲ་བ་མ་རིག་པ་ནས་བརྩམས་ཏེ།  ངང་ཕྲུག་དང་འདྲ་བར་རྟེན་འབྲེལ་བཅུ་གཉིས་རིམ་ཆགས་སུ་བྱུང་བ་ལ་ངོ་བོ་རེ་དང་དཔེ་དོན་རེ།  དོན་གྱི་འབྲུ་ཏིག་རེ།   ངང་ཕོ་དང་འདྲ་བ་མཐར་རྒ་ཤིས་མཇུག་བསྡུ་ཚུལ་གྱི་རིམ་པ་དང་བསྟུན་ནས་འཆད་སྲོལ་འདི་ལ་ངང་མོ་འབྲུ་ཏིག་གི་བཤད་པ་ཞེས་བྱ་བ་ཡིན་ནོ།  འཆད་ཚུལ་ཡང་སྐྱེས་བུ་བློ་ཡི་པད་མ་ཕྱེས་པ་ལྟ་བུས།  དོན་སེམས་ཐོག་ཏུ་བོན་ཕབས།  བོན་ཐོག་ཏུ་འགྲེལ་ཕབས། འགྲེལ་ཐོག་ཏུ་ཉམས་ཀྱི་མན་ངག་ཕབ་ནས་བཤད་པ་དེ་ནི་མཆོག་ཏུ་གྱུར་པ་ཞིག་གོ

བཞི་པ་ཁུ་བྱུག་གསུང་གི་བཤད་པས་ཡིན་མིན་གྱི་དོན་གཞིག་པ།

དཔེ་དང་སྦྱར་ན།  རིག་པ་དང་ལྡན་པའི་ཁུ་བྱུག་དེ།  དུས་མ་ནོར་བར་དཔྱིད་ཀྱི་དུས་སུ་བྱུང་ནས་སྐད་སྒྲོགས་ཏེ།  གསུང་སྐད་ལྷང་ལྷང་ཐེབས་གསུམ་སྒྲོགས་པའི་དང་པོ་ཡིས།  བྱ་གཞན་ལས་ཁྱད་པར་དུ་ཤེས་ཏེ་སྙན་པ་དང་།  གཉིས་པ་སྙན་པ་ལས་སྤྲོ་བ་སྐྱེ་བ་དང་།  གསུམ་པ་སྤྲོ་བ་སྐྱེས་ནས་སེམས་འཕང་མཐོ་བ་བཞིན་དུ།  དོན་ལ་སྦྱར་ན།  རྟེན་འབྲེལ་མདར་དེད་དང་ཕུར་དེད་ཀྱི་དོན་གཅིག་སྟོན་དགོས་ཏེ།  དེ་ཡང་འཁོར་བའི་རྟེན་འབྲེལ་མདར་དེད་དང་ཕུར་དེད་གཉིས།  མྱང་འདས་ཀྱི་རྟེན་འབྲེལ་མདར་དེད་དང་ཕུར་དེད་གཉིས་ཏེ། རྟེན་འབྲེལ་གྱི་རིམ་པ་བཞི་དང་འབྲེལ་ནས་འཆད་དགོས་སོ།  དང་པོ་འཁོར་བའི་རྟེན་འབྲེལ་ཕུ་ནས་མདའ་རུ་དེད་པ་ཞེས་བྱ་བ་ནི།  ཚེ་གསུམ་ལ་སྦྱར་ནས་འཆད་པར་བྱ་བ་སྟེ།  མ་རིག་པས་འཕངས་པས་འདུ་བྱེད་རྫོགས།  འདུ་བྱེད་ཀྱིས་འཕངས་པས་རྣམ་ཤེས་རྫོགས།  རྣམ་ཤེས་ཀྱིས་འཕངས་པས་མིང་གཟུགས་རྫོགས།  མིང་གཟུགས་ཀྱིས་འཕངས་པས་སྐྱེ་མཆེད་རྫོགས།  སྐྱེ་མཆེད་ཀྱིས་འཕངས་པས་རེག་པ་རྫོགས།  རེག་པས་འཕངས་པས་ཚོར་བ་རྫོགས།  ཚོར་བས་འཕངས་པས་སྲེད་པ་རྫོགས།  སྲེད་པས་འཕངས་པས་ལེན་པ་རྫོགས།  ལེན་པས་འཕངས་པས་སྲིད་པ་རྫོགས།  སྲིད་པས་འཕངས་པས་སྐྱེ་བ་རྫོགས།  སྐྱེ་བས་འཕངས་པས་རྒ་ཤི་རྫོགས་པ་དེའོ།  དེ་ལ་ཕུ་ནས་མདའ་རུ་དེད་པས་ཐུག་ས་འཁོར་བ་ལ་ཐུག་པ་ཞེས་བྱའོ།  གཉིས་པ་འཁོར་བའི་རྟེན་འབྲེལ་མདའ་ནས་ཕུ་རུ་དེད་པ་ཞེས་བྱ་བ་ནི།  ལུས་འདོར་ལེན་བྱས་པའི་ཤི་བ་ནི། གཞི་འདུ་བ་འཁྲུགས་པའི་ན་བ་ལས་བྱུང་།  ན་བ་དེ་སྐྱེ་བ་ལས་བྱུང་།  སྐྱེ་བ་དེ་སྐྱེ་གནས་ཀྱི་སྲིད་པ་ལས་བྱུང་། སྲིད་པ་ཡུལ་ལེན་པ་ལས་བྱུང་།  ལེན་པ་སྲེད་པའི་ཆགས་པ་ལས་བྱུང་།  སྲེད་པ་བདེ་སྡུག་གི་ཚོར་བ་ལས་བྱུང་།  ཚོར་བ་ཡིད་ཡུལ་རེག་པ་ལས་བྱུང་།  རེག་པ་ཡུལ་ཤེས་སྐྱེ་མཆེད་ལས་བྱུང་།  སྐྱེ་མཆེད་མིང་ལུས་འཚོགས་པ་ལས་བྱུང་།  མིང་གཟུགས་རྣམ་པར་འབྱེད་པ་ལས་བྱུང་།   རྣམ་ཤེས་ཡུལ་ཤེས་འདུས་པ་ལས་བྱུང་།  འདུ་བྱེད་ཀྱི་ལས་མ་རིག་པ་ལས་བྱུང་། ཀུན་བརྟགས་ཀྱི་མ་རིག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་བྱུང་།  མ་རིག་པ་བརྟགས་པས་བྱུང་གནས་འགྲོ་འོང་མ་མཐོང་སྟེ།  ཡེ་མ་བྱུང་མ་སྐྱེས་སྐྱེ་མེད་གདོད་དག  རང་ཤེས་རིག་གི་རྒྱལ་པོར་སངས་སོ།  དེ་ལ་འཁོར་བའི་རྟེན་འབྲེལ་མདའ་ནས་ཕུ་རུ་དེད་པ་ཞེས་བྱའོ། འཁོར་བའི་རྟེན་འབྲེལ་ཕུ་ནས་མདའ་རུ་དེད་དེ་བཤད་པས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་སྐྱེ་བར་འགྱུར།  འཁོར་བའི་རྟེན་འབྲེལ་མདའ་ནས་ཕུ་རུ་དེད་ནས་བཤད་པས་རང་ཤེས་རིག་གི་རྒྱལ་པོར་སངས་ཏེ།   སེམས་ཀྱིས་སེམས་ལ་སྤྲོ་བ་སྐྱེ་བར་འགྱུར་རོ།  གཉིས་པ་མྱང་འདས་ཀྱི་རྟེན་འབྲེལ་ལ་ཡང་དེ་བཞིན་ཕུ་ནས་མདའ་རུ་དེད་པ་དང་མདའ་ནས་ཕུ་རུ་དེད་པ་གཉིས་སུ་ཡོད་པའི་དང་པོ་མྱང་འདས་ཀྱི་རྟེན་འབྲེལ་མདར་དེད་ཞེས་བྱ་བ་ནི།  དང་པོ་མ་རིག་པ་མེད་པས།  གཉིས་པ་འདུ་བྱེད་མི་འབྱུང་།  གཉིས་པ་འདུ་བྱེད་མེད་པས།  གསུམ་པ་རྣམ་ཤེས་མི་འབྱུང་། ཞེས་པ་ནས་རིམ་བཞིན། མཐར་རྒ་ཤི་མི་འབྱུང་བའི་བར་དུ་གཏུགས་དགོས།  མྱང་འདས་ཀྱི་རྟེན་འབྲེལ་ཕུར་དེད་ཞེས་བྱ་བ་ནི།  རྒ་ཤི་མི་འབྱུང་བ།  ན་བ་མི་འབྱུང་བ་ལས་འབྱུང་། ན་བ་མི་འབྱུང་བ་སྐྱེ་བ་མི་འབྱུང་བ་ལས་འབྱུང་།  ཞེས་པ་ནས་རིམ་བཞིན་མཐར་མ་རིག་པ་མི་འབྱུང་བའི་བར་དུ་དེད་དགོས་པ་དེའོ།  དེ་ལྟ་བུའི་རྟེན་འབྲེལ་གྱི་འབྱུང་ཁུངས་དང་བྱུང་ཚུལ་ཟློག་ཐབས་བཅས་ཀྱི་གནད་བཤད་པས།  དང་པོ་འཁོར་འདས་གཉིས་ཀྱི་ཁྱད་པར་ཤེས།  གཉིས་པ་མྱང་འདས་ཀྱི་ཕན་ཡོན་ཤེས་ནས་སྤྲོ་བ་སྐྱེས།  གསུམ་པ་སྤྲོ་བ་ལས་ཡིད་ཆེས་སྐྱེས་ནས་བླང་དོར་ལ་མ་རྨོངས་པའི་ཤེས་རབ་སྐྱེས།  ཤེས་རབ་དེས་འཁོར་བའི་རྟེན་འབྲེལ་དོར་ནས་མྱང་འདས་ཀྱི་རྟེན་འབྲེལ་ཟབ་མོ་ཉམས་སུ་ལེན་པའི་རིམ་པ་ལ་འཇུག་པར་བྱེད་པའོ།  དེ་ནི་ཁུ་བྱུག་གི་སྐད་གསུམ་གྱི་གོ་དོན་ནོ།

ལྔ་པ་རུ་སྦལ་སྐུམས་སྟབས་ཀྱི་བཤད་པ།

འདི་ལ་སེམས་ཕྱོགས་ཀྱི་གཞུང་དང་སྦྱར་བ།  གསང་སྔགས་ཀྱི་གཞུང་དང་སྦྱར་བ།  མདོ་ཡི་གཞུང་དང་སྦྱར་ནས་འཆད་ཚུལ་དང་གསུམ་མོ།  དང་པོ་སེམས་ཕྱོགས་ཀྱི་གཞུང་དང་སྦྱར་ནས་འཆད་པར་བྱ་བ་ལ། དཔེ་དང་སྦྲེལ་ན།  མཐའ་ཡི་རྒྱ་མཚོ་ཆེན་པོའི་ནང་དུ་རུ་སྦལ་ཡན་ལག་ཐམས་ཅད་བསྐུམས་ནས་གཡོ་འགུལ་མེད་པར་སྡོད་པ་ལྟར།  དོན་ལ་སྦྱར་ན།  འཁོར་བའི་རྩ་བ་མ་རིག་པ་ལ་ཐུག་པར་ཤེས་ཀྱང་།  མ་རིག་པ་དེ་ཉིད་ལ་སྤོང་སྡུད་ཞེན་གསུམ་མི་བྱེད་པར།  རང་སར་ཅོག་བཞག་མཛད་དེ།  ཁྲེགས་ཆོད་དང་ཐོད་བརྒལ་གྱི་ཉམས་ལེན་གནད་དུ་བསྣུན་ཏེ།  ཐུན་སྒོམ་དང་ངང་སྒོམ་ཀློང་སྒོམ་གསུམ་གྱི་རིག་པའི་ཆུ་རྒྱུན་བསྲིངས་ཏེ།  རང་རིག་པའི་ཡེ་ཤེས་ཀྱི་དྲོད་རྟགས་ཕྱི་ནང་དབྱེར་མེད་དུ་འདྲེས་ནས་ཉམས་སུ་མྱོང་ཞིང་སྒོམ་པས།  ཐ་མལ་གྱི་སྣང་ཞེན་ཕྲ་རགས་ཀྱི་ཚོགས་རྣམས་དར་ཞིག་མཚོ་ལ་ཐིམ་པ་དང་། མཁའ་ལ་རྡུལ་སངས་བའི་ཚུལ་དུ་རང་ཤར་རང་གྲོལ་གྱི་ངང་དུ་གྲོལ་ནས།  ཚོགས་བརྒྱད་གཟུང་འཛིན་གྱི་འཁྲུལ་སྣང་ཐ་དག་ཉག་གཅིག་ཡེ་ཤེས་ཆེན་པོའི་དགོངས་དབྱིངས་སུ་ནུབ་ཅིང་།  གཞི་སྟོང་རྩ་བྲལ་གྱི་ངང་དུ་བསྐུམས་ནས་ཁུམས་པར་འགྱུར་བ་དང་།  རྟེན་འབྲེལ་བཅུ་གཉིས་ཀྱི་ཚོགས་རྣམས་སྟོང་པ་རྩ་བྲལ་གྱི་ངང་དུ་སངས་ཤིང་འཁོར་བའི་རྩ་བ་སྟོང་པར་འགྱུར་བ་དང་།  གཟུང་འཛིན་གྱི་ཕུ་ཐག་ཆོད་ནས་རྣམ་རྟོག་རླུང་གིས་གཡོ་འགུལ་ཐམས་ཅད་ཟད་པར་འགྱུར་བ་དང་།  རིག་པའི་རང་ས་ཟིན་པས་རྒྱལ་པོའི་གདན་ས་ཟིན་པ་དང་།  སྒོ་ལྔའི་རྣམ་ཤེས་དང་འཁོར་བ་མིང་མེད་དུ་བྱས་པས་རྨང་ཆམ་ལ་ཕབས་པ་དང་།  ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་ཆད་ནས་རིག་པ་རང་དབང་ཐོབ་པས་བློན་པོ་བཙོན་དུ་བཟུང་བར་འགྱུར་རོ།  དེའི་ཚེ་འགྱུར་བ་མེད་པའི་སྐུ་དང་རང་བཞིན་མེད་པའི་གསུང་དང་འཁྲུལ་པ་མེད་པའི་ཐུགས་དང་ལེགས་པར་འབྱུང་བའི་ཡོན་ཏན་དང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང་ལྔ་ཐོབ་པའི་ཚུལ་དུ་འཆད་པར་བྱའོ།  གཉིས་པ་གསང་སྔགས་ཀྱི་གཞུང་དང་སྦྱར་ནས་འཆད་ན། དཔེ་གོང་དང་འདྲ།  དོན་དང་འབྲེལ་ནས་འཆད་ན།  མ་རིག་པ་གྲོལ་ལམ་དུ་མི་བྱེད་པར་བསྒྱུར་ལམ་དུ་བྱེད་དེ།  མ་རིག་པ་རིག་པའི་ཡེ་ཤེས་སུ་བསྒྱུར་པའི་ཉམས་ལེན་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དགོངས་པ་གསལ་བཏབ་སྟེ་སྒོམ་པས།    མ་དག་རྟེན་འབྲེལ་གྱི་སྣང་བ་དང་འཕྲོ་འདུ་རྣམས་སྟོང་པའི་ངང་དུ་བསྐུམས་ཏེ།  ཡེ་ཤེས་སུ་གནས་འགྱུར་ཏེ་སྟོང་གཟུགས་ཀྱི་སྣང་བ་འཆར་བར་འགྱུར་བ་དང་།  ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་བརྟེན་ནས་ཐེག་པ་རང་ལུགས་ཀྱི་ལོངས་སྐུའི་སྣང་བ་འཆར་བར་འགྱུར་བ་དང་།  སྤྲུལ་པ་རྒྱུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཐེག་པ་རང་ལུགས་ཀྱི་ཕྱོགས་མེད་སྤྲུལ་སྐུའི་སྣང་བ་འཆར་བར་འགྱུར་བའོ། གསུམ་པ་མདོ་ཡི་གཞུང་དང་སྦྱར་ནས་འཆད་ན།  དཔེ་གོང་དང་འདྲ།  དོན་དང་འབྲེལ་ནས་བཤད་ན།  རྒྱུ་ཡི་ཐེག་ཆེན་དང་། ཐེག་ཆུང་གི་ལུགས་གཉིས་སོ།   དང་པོ་རྒྱུ་ཡི་ཐེག་པ་ཆེན་པོ་སེམས་དཔའ་སྤྲོས་མེད་པ་ལྟར་ན།  ལྟ་བ་མཐའ་བྲལ་གྱི་དྲོད་ཉམས་སུ་མྱོང་ཞིང་སྒོམ་པ་དང་།  རྒྱུ་ཡི་ཐེག་ཆེན་སྤྲོས་བཅས་པ་ཐུགས་རྗེ་སེམས་དཔའ་བས།  སྣང་བ་སེམས་སུ་སྡུད་ནས་སྒོམ་པའི་རིམ་པ་གཉིས་ལ་བརྟེན་ནས།  ནམ་ཞིག་ཐེག་པ་ཆེན་པོའི་འཕགས་ལམ་མངོན་དུ་བྱེད་པའི་ཚེ།  མ་དག་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་འཕྲོ་འདུ་དང་འཇུག་པ་ཡོངས་སུ་ཟད་ནས་སྟོང་པའི་ངང་དུ་བསྡུས་ཏེ།  སྲིད་ཞི་མཐའ་ལ་མི་གནས་པའི་མྱང་འདས་མངོན་དུ་བྱེད་པའོ།  རྒྱུ་ཡི་ཐེག་པ་ཆུང་ངུ་བ་རང་རྟོགས་པ་ལྟར་ན།  གཟུང་བ་བོན་གྱི་བདག་ཏུ་མ་གྲུབ་པར་རྟོགས་པའི་ཉམས་ལེན་དང་།  རྒྱུ་ཡི་ཐེག་ཆུང་རྣམ་རྩོད་པས་གང་ཟག་གི་བདག་ཏུ་མ་གྲུབ་པར་རྟོགས་པའི་ཉམས་ལེན་གནད་དུ་བསྣུན་ཏེ།  ནམ་ཞིག་ཐེག་པ་རང་ལུགས་ཀྱི་དགྲ་བཅོམ་པའི་རྟོགས་པ་ཐོབ་པའི་ཚེ།  མ་དག་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་རྩལ་དང་ཉོན་མོངས་པའི་ཕྲ་རྒྱས་ཡོངས་སུ་ཟད་དེ།  སྲིད་པ་འཁོར་བའི་མཐའ་ལ་མི་གནས་པའི་མྱང་འདས་མངོན་དུ་བྱེད་པར་འགྱུར་རོ།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་བཤད་ཐབས་ཆེན་པོ་ཡན་ལག་ལྔ་དང་འབྲེལ་ཏེ་འཆད་ཚུལ་ཐུན་མོང་མ་ཡིན་པ་འདི་ནི།   མདོ་སྔགས་སེམས་ཀྱི་བསྟན་པའི་བདག་པོ་གཤེན་རབ་ཐུགས་ཀྱི་གཉེར་དཔོན་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས་གསུང་སྲོལ་ཐུན་མོང་མ་ཡིན་པ་ཞིག་གོ།  རང་ཅག་རྣམས་ཀྱིས་ཀྱང་རྟེན་འབྲེལ་གྱི་རྣམ་བཞག་འཆད་སྐབས།  རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་བཤད་ཐབས་ཆེན་པོ་ལྔ་ཡིས་ཟུར་ནས་བརྒྱན་ཏེ་འཆད་ཐུབ་ན། བོན་རང་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་བོན་བླ་ན་མེད་པ་ཞིག་ཀྱང་མཐོང་ངོ་།   རྒྱུ་མཚན་དེ་དག་ལ་བརྟེན་ནས་ཉི་མིང་པས་བདེན་པ་བོན་གྱི་སྒྲ་འགྲེལ་ལས་རྟེན་འབྲེལ་གྱི་གནས་བསྟན་པའི་ལེའུ་རྩ་དགུ་པ་ལས།  བཤད་ཐབས་འདི་རྣམས་ཟུར་དུ་ཕྱུངས་ཏེ་ཅུང་ཙམ་རང་གི་རིག་པས་ཁ་སྣོན་དང་བཅས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཆད་ཐབས་འདི་ཉིད་ཁྲིགས་སུ་བསྒྲིགས་པ་ལས་རང་གི་རིག་སྟོབས་ཀྱིས་བརྩམས་པ་སོགས་གང་ཡང་མེད་དོ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow