འབུམ་བཞི་རྫུན་བཟོ་མཁན་ལ་ཕུལ་བ།

དེ་ཡང་ཉེ་ལམ་དུས་དེབ་ཐོག་ནས་འཕྲུལ་པར་བླངས་པའི་(རིན་ཆེན་རྒྱལ་)ཞེས་པ་ཞིག་གིས་བརྩམས་པའི་རྩོམ་ཐུང་ཞིག་དྲ་ཐོག་འདིར་ཤིན་ཏུ་རྒྱུགས་ཤིང། ཚོགས་པ་སྣ་ཚོགས་སུ་གང་འདོད་བཏང་བཞིན་འདུག དྲ་སྒམ་དེའི་ཁ་བྱང་ལ་ལྟས་དུས་མི་བྱབ་ཆུང་ཞིག་གིས་བྲིས་པས་དཔང་རྟགས་གསལ་པོར་འདུག་པས།  ཁོ་བོས་ཀྱང་རེ་ཞིག་སྣང་མེད་དུ་བཞག་པ་ཡིན། གང་ལ་ཞེ་ན། མིང་བྱང་(འབུམ་བཞི་རྫུན་མ་ཡིན་པའི་བདེན་དཔང་བྱུང་འདུག་)ཅེས་བཀོད་ཡོད། སྤྱིར་ན་གཞུང་ལུགས་ཕན་ཚུན་དཔྱད་བསྡུར་གྱི་རྩོམ་རིགས་སྤེལ་ཆོག་པ་ཞིག་དང། དཔྱད་དོན་གྱི་འདོད་པ་སྣ་ཚོགས་འབྱུང་སྲིད་པ་ལས། ཚོར་སྣང་གཅིག་མཚུངས་སུ་དགོས་པའི་ངེས་པ་མེད་ལ། དེ་ལ་དགག་པ་དང་གསལ་བཤད་དགོས་དོན་ཀྱང་དེ་བས་དབེན། འོན་ཀྱང་དུས་གསུམ་གྱི་སྟོན་པ་ཞིག་གི་གསུང་རྩོམ་ལ་(རྫུན་མ་)ཞེས་ཐ་སྙད་བཏགས་ནུས་པ་ནི། སྤྱིར་བོད་མི་རིགས་ཀྱི་མཐུན་འབྲེལ་སྡུག་རོལ་བཏང་འདོད་པ་ཞིག་དང། ཡང་སྒོས་སུ་སྟོན་པ་གཅིག་གི་བསྟན་པ་ལ་བཞུགས་པའི་རང་རིགས་གྲངས་མང་གི་སེམས་རྒྱུད་དཀྲུག་འདོད་པ་དང། ཁྱད་པར་དུ་འཇིག་རྟེན་འདིར་གཞན་དབང་སྟབས་བསྟུན་གྱི་མི་དམངས་རྣམས་མགོ་བསྐོར་བཏང་ཆེད་ཅིག་ཡིན་པ་ལ་སུས་ཀྱང་བསྙོན་རིན་མེད་པ་ཞིག་རེད། འོན་ཀྱང་ཁ་བྱང་འགོད་མཁན་རྩོམ་པ་པོ་དངོས་ཡིན་མིན་གསལ་པོ་མ་ཤེས།

དེ་ལྟ་བུ་རྩོམ་ཐུང་དེ་ཉིད་སྔོན་མ་སྔོན་མ་ཞིག་ཏུ་བྲིས་པའི་ལྷ་ཁང་རྙིང་པ་ལ་བསྟན་བཤད་གསར་པ་ཡིན་ན་འདྲ། ཡང་ན་དུས་རབས་ཉི་ཤུ་ནས་ཉེར་གཅིག་བར་དུ་དཔྱད་པ་མཛད་གནང་བའི་དཔྱད་རྩོམ་ཞིག་ཡིན་ནའང་ཐང། མདོར་ན་རྒྱུད་བཞིའི་འབྱུང་ཁུངས་གནའ་དཔེ་གཞན་དག་ཡོད་མེད་ཀྱི་དྭོགས་པ་ཙམ་མེད་པའི་ཐོག འབུམ་རྒྱུད་གཉིས་ཀྱི་འབྲེལ་བ་ལ་ཕྱོགས་གཅིག་ཁོ་ནའི་ལམ་ནས་ཡུན་རིང་དཔྱད་པའི་རྩོམ་ཞིག་ཡིན་བཟོ་རེད།

དེ་ལྟར་ཁོང་གི་དཔྱད་རྩོམ་ཡོངས་རྫོགས་འདིར་འགོད་པའི་ཁོམ་པ་མེད་ཀྱང། རྩོམ་ཐུང་དེའི་བརྒྱུད་རིམ་ལས་འབུམ་བཞི་རྫུན་བཟོ་ཡོང་ཐབས་ཀྱི་འཆོལ་ལབ་དག་རིམ་པས་གསལ་བཤད་རེ་བྱ་འདོད་པ་ཡིན། ཁོང་གིས་ཐོག་མར་བོད་ཁུལ་ནས་དཔར་བསྐྲུན་གནང་བའི་འབུམ་བཞི་དུ་མ་ཞིག་དཔྱད་གཞིར་བཟུང་པ་དང། དེ་དག་དཔར་སྐྲུན་བྱ་ཡུལ་མི་གཅིག་ནའང་ཚང་མ་བསྐྱར་སློག་བྱས་པ་ལྟ་བུ་གཅིག་མཚུངས་ཡིན་པར་བཤད་པས། དེ་བདེན་ཏེ་སྟོན་པས་འབུམ་བཞི་གཅིག་ལས་བརྗོད་དོན་ཐ་དད་དུ་མ་མ་གསུངས་པས་སོ། ད་དུང་ཁོང་གིས་འདི་ལྟར་བཞེད་དེ། ལྷག་པར་དུ་འབུམ་བཞིའི་འབྱུང་ཁུངས་དང་གཞུང་གི་གྲུབ་ཚུལ། འཕེལ་རིམ་དག་ལ་བཞེད་ཚུལ་དུ་མ་ཡོད་པ་དག་ལ་དམིགས་ནས་སྐབས་འདིར་འབུམ་བཞི་དང་རྒྱུད་བཞིའི་བརྗོད་དོན་གཙོ་བོར་བཟུང་ནས་ཞིབ་འཇུག་བགྱིད་ཁུལ་བྱ་བ་ལ། ཞེས་དམིགས་དོན་འབུམ་བཞིའི་འབྱུང་ཁུངས་དང། གྲུབ་ཚུལ། འཕེལ་རིམ་བཅས་ལ་འདོད་ཚུལ་མི་འདྲ་བ་ཡོད་པ་རྒྱུ་མཚན་བྱས་ནས། འབུམ་བཞི་རྫུན་མ་བཟོ་རྒྱུ་ཡིན་པས་ཉམས་སྟོན་གྱི་ཡོད་པ་འདྲ།

ཡང་ཁོང་གིས་་བོན་གྱི་ལུགས་ལྟར་བདུད་རྩི་སྨན་གྱི་མདོ་དགུའི་ཡ་གྱལ་དུ་གྱུར་པ་བདུད་རྩི་བོང་མཛོད་འབུམ་བཞི་ཞེས་པའི་གཞུང་འདིའི་ས་བཅད་སྒྲིག་སྟངས་རྣམས་རྩ་བའི་ཆ་ནས་དཔལ་ལྡན་རྒྱུད་བཞི་དང་ཕལ་ཆེར་འདྲ་ནའང་ལེའུའི་གྲངས་དང། ཤོ་ལོ་ཀའི་མང་ཉུང། འབུམ་གོང་འོག་གི་གོ་རིམ་འཇོག་སྟངས། ལེའུ་སོ་སོའི་མགོ་མཇུག་གི་མཛད་བྱང་ཐད་ཅུང་ཟད་མི་འདྲ་བ་བྱུང་ཡོད་པ་སྟེ། ཐོག་མར་འབུམ་བཞི་རང་ལའང་སྤྱིའི་མཚན་བྱང་ངོ་མ་ཞིག་གཞུང་རང་དུ་མི་གསལ་ནའང། ཞེས་འབུམ་བཞི་ལ་མཚན་བྱང་མེད་ཚུལ་བཤད་ཁུལ་བྱས་ཀྱང། འབུམ་བཞིའི་གླེག་བམ་སྤྱི་དང་སྒོས་སུ་འབུམ་བཞི་པོ་སོ་སོ་རང་རང་ལའང་ཞང་བོད་ཤན་སྦྱར་གྱི་མཚན་བྱང་གསལ་པོར་ཡོད་ན། དེ་ནི་གཉིད་ལབ་ལྟ་བུ་ལས་གོ་རྒྱུ་གང་ཡང་མེད། འོན་ཀྱང་ཁོང་གི་འདོད་པ་ལ་འབུམ་བཞི་རྒྱུད་བཞི་ལས་ཕར་བསྒྱུར་སོང་བ་གཞིར་བཞག་ཡིན་དུས། རྒྱུད་བཞིའི་མཚན་གཞུང་རང་གི་ཆེ་བརྗོད་དང་ཡན་ལག་རྣམས་བསྡུས་ནས་བཏགས་ཡོད་པས། འབུམ་བཞི་ཡང་དེ་ལྟ་བུ་ཞིག་མེད་ན་འབུམ་བཞིའི་དངོས་མིང་གིས་གོ་མི་ཆོད་པའི་རང་ཐག་བཅད་བསྡད་པ་ཞིག་ཡིན་པ་འདྲ།

ཡང་ལེའུ་གྲངས་ཀྱི་སྡོམ་ཚིག་ལ་དཔྱད་དེ་རྫུན་བཟོ་ཕྱོགས་གཉིས་ནས་བྱས་ཡོད་དེ། འབུམ་བཞི་བསྡོམ་པའི་ལེའུ་བརྒྱ་དང་དྲུག་སྟེ་ལྔ་བསྟན་པའོ། ཞེས་པའི་ཐུགས་འབུམ་གྱི་ལུང་ཚིག་དེ་དྲངས་ཏེ། ཕྱོགས་གཅིག་ནས་ལུང་དེ་ཉིད་ཀྱིས་ལེའུ་བརྒྱ་དང་ང་དྲུག་སྟོན་གྱི་ཡོད་པ་བཙན་འགེལ་བྱས་ཤིང། འབུམ་རྒྱུད་གཉིས་ཀྱི་སྡོམ་ཚིག་གི་ལེའུ་གྲངས་གཅིག་པ་ཡིན་རབས་བཤད་དེ། འབུམ་བཞིའི་སྡོམ་ཚིག་དང་མ་དཔེ་འགལ་ཐབས་བྱས་ཡོད་ཀྱང། ཐུགས་འབུམ་གྱི་ལུང་དུ་དྲུག་སྔོན་མ་དང་ལྔ་རྗེས་མ་ཡོད་ན་དཔེ་རྙིང་གི་འགྲོས་ལྟར་བརྒྱ་དང་རེ་ལྔ་ལས་ང་དྲུག་ཡོང་ཐབས་མེད་ཀྱང། རྒྱུད་བཞིའི་ལེའུ་གྲངས་དང་ཁ་འགྲིག་ཐབས་ཀྱི་རྫུན་བཟོ་དེ་ཙམ་བྱས་ཡོད། ཡང་ཁ་གཅིག་ནས། འབུམ་བཞི་བསྡོམས་པའི་ལེའུ་བརྒྱ་དང་དྲུག་སྟེ་ལྔ་བསྟན་པའོ་ཞེས་ལེའུ་བརྒྱ་དང་ང་དྲུག་བསྟན་པ་སྙམ་ཡང་དྲུག་དང་ལྔ་ཞེས་ཚིག་གི་འབྲུ་བསྣན་པ་དེ་ཡང་འབུམ་བཞི་རང་ལ་ལེའུ་དྲུག་ལྷག་བྱུང་ཡོད་པ་བསྟན་པར་མཉམ་ཡང་སྲིད། ཞེས་སྡོམ་ཚིག་གི་ལེའུ་གྲངས་བསྟན་པའི་སྐབས་ཆད་ལྷག་གི་ཐ་སྙད་འབྲུ་གཅིག་སྟོན་རྒྱུ་མེད་བཞིན་དུ། ཨུ་ཚུགས་ཁོ་ནར་བརྒྱུད་དེ་གཟུགས་མེད་ཀྱང་གྲིབ་སོ་འབྱུང་སྲིད་ཅེས་པ་ལྟ་བུའི་རྫུན་མ་ཆགས་ཐབས་ཀྱི་སྨོན་ཚིག་དེ་ལྟར་སྒྲོན་གནང་འདུག

ཡང་ཁོང་གིས་འདི་ལྟར། དེ་ལྟར་འབུམ་བཞི་ཡོངས་རྫོགས་སྟོན་པ་གཤེན་རབ་དང་དྲང་སྲོང་དཔྱད་བུ་ཁྲི་ཤེས་གཉིས་ཀྱིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་གསུངས་ཡོད་པ་དང། རྒྱུད་བཞི་ཡང་དྲང་སྲོང་རིག་པའི་ཡེ་ཤེས་མཆེད་བཞི་དང་དྲང་སྲོང་ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་བ་ཞུ་ལན་ཚུལ་དུ་གསུངས་པ་གཅིག་མཚུངས་ཡིན་པ་དང། ཞེས་རྒྱུད་བཞིའི་གསུང་པ་པོ་དང་ཞུ་བ་པོ་ལ་བལྟས་ནས། འབུམ་བཞིའི་གསུང་པ་པོ་དང་ཞུ་བ་པོ་གཉིས་གཅིག་མཚུངས་བཟོས་པའི་བཟོ་བསྟན་ཡོད་ནའང། དེ་ནི་གཞན་ལ་མཛུབ་མོ་གཅིག་བཙུགས་དུས། རང་ལ་མཛུབ་མོ་གསུམ་ཚུར་འཁོར་ཞེས་པའི་དཔེ་ལྟར་ཏེ། སྤྱིར་སྟོན་པས་གསུངས་པའི་བཀའ་ཐམས་ཅད་ཐོག་མར་གཉེར་གཏད་བྱ་བའི་ཞུ་བ་པོ་ཞིག་གིས་ཡར་ཞུ་བྱེད་པ་དང། དེ་ནས་རིམ་པས་འཆད་སྲོལ་ཡོད་པ་ཡིན་ཏེ། བོན་གཞུང་མི་ཉུང་བ་ཞིག་ལས། གླེང་ཁྱོད་ཀྱིས་སློངས། གཞི་ང་ཡིས་བཤད་ཅེས་པའི་ལུང་ཚིག་དེ་ཉིད་མཐོང་རྒྱུད་ཡོད། དེ་ལྟར་སྟོན་པས་བོན་འཆད་སྐབས་ཕྱི་ནང་བར་གསུམ་གྱི་འཁོར་སྣ་ཚོགས་འདུས་པའི་དཀྱིལ་དུ་གསུང་སྲོལ་ཡོད་ན། སྐབས་དེར་ནང་འཁོར་དཔྱད་བུ་ཁྲི་ཤེས་གཙོས་པའི་དྲང་སྲོང་ཆེན་པོ་བརྒྱད་ཡོད་པས། དེ་རྣམས་ཀྱི་མཚན་བགྲང་ན། ལྷ་ཡི་དྲང་སྲོང་མངོན་པར་ཤེས་པ་དང། བདེན་པར་སྨྲ་བ། རིག་པར་སྨྲ་བ། ངེས་པར་སྨྲ་བ། ཡིད་ལས་སྤྲུལ་པ། ཡིད་ལས་འབྱུང་བ། དྲང་སྲོང་ཡིད་ལས་སྐྱེས་པ། ཡིད་ལས་གྲུབ་པ་རྣམས་ཡིན། དེ་དག་ཐམས་ཅད་འབུམ་བཞི་བསྟན་བྱའི་སྣོད་ཡིན་ཀྱང། ཞུ་འཁོར་དང་གཉེར་གཏད་ཀྱི་སྣོད་གཙོ་བོར་དཔྱད་བུ་ཁྲི་ཤེས་ཡིན་པ་ལྟར། རྒྱུད་བཞི་གསུང་པ་པོ་༸སྟོན་པ་བཅོམ་ལྡན་འདས་༸གཤེན་རབ་ཀྱི་མིང་ཚབ་ཏུ་བསྒྱུར་ཞིང། ཞུ་བ་པོ་དྲང་སྲོང་རྣམས་ཀྱི་ནང་ནས་དྲང་སྲོང་ཕལ་པ་ཞིག་གཙོ་བོ་ཡིན་ཁུལ་གྱིས། ཡིད་ལས་སྐྱེས་པ་དེ་ཉིད་བཞག་ཡོད་པ་རེད། དེའི་མ་ཚད་སྐབས་འདིའི་དྲང་སྲོང་ཞེས་པ་ནི། བོན་ལུགས་སུ་ཉིས་བརྒྱ་ལྔ་ཅུའི་ཁྲིམས་དང་ལྡན་པ་ཞིག་གོ་དགོས་པས། སྔ་དུས་སུ་གསོ་རིག་སྦྱོང་པ་གནང་མཁན་དྲང་སྲོང་ཞིག་དགོས་པའི་བཟོ་ཡང་ཡོད། དེ་ཙམ་མ་ཟད་ཕྱིས་སུ་ལྷ་ས་ལྕགས་པོ་རི་ལ་སྨན་པའི་གྲྭ་ཚང་ཞེས། སྨན་པ་ཕལ་ཆེར་དྲང་སྲོང་ལས་མི་ཕལ་བ་བྱུང་མེད་ཚུལ་བཤད་སྲོལ་ཡོད་ན། དེ་ཡང་སྔ་སྲོལ་རྙིང་པའི་ཆུ་རྒྱུན་གྱི་སྣེ་མོ་ཞིག་ལྷག་སོང་བ་ཡིན་པར་སེམས།

དེ་བཞིན་སྐབས་འདིར། རང་གི་ལུས་ངག་ཡིད་གསུམ་དགེ་བཅུ་དྲང་པོར་སྲོང་ཞིང། གཞན་གྱི་སྡིག་བཅུ་འཕྲོ་གཅོད་པར་བྱེད་པས། དྲང་སྲོང་ཞེས་བྱའོ། ཞེས་དྲང་སྲོང་གི་སྒྲ་བཤད་ཅིག་ཡོད་པས། འབུམ་བཞི་འཆད་སྐབས་བསྟན་བྱ་གཙོ་བོར་དྲང་སྲོང་ཁོ་ནར་སོང་བ་བཞིན། དེའི་སྒྲ་བཤད་དེ་ཡང་སློབ་མ་རྣམས་ཀྱི་སྤང་བླང་གི་བསླབ་བྱ་དངོས་སུ་འགྱུར་ཡང། རྒྱུད་བཞི་ལ་སྒྲ་བཤད་དེ་ཉིད་ས་བཅད་དེ་རུ་འགོད་པ་ལ་འབྲེལ་མེད་ལྟ་བུར་གྱུར་བས། དེ་ཡང་མ་དཔེ་འབུམ་བཞི་ལས་བུ་དཔེ་རྒྱུད་བཞི་བྱུང་བའི་དཔང་རྟགས་བཙན་པོ་ཞིག་མིན་ན་བསམ།

ཡང་ཁོང་གིས་ཐུགས་འབུམ་གྱི་གླེང་གཞིའི་བརྗོད་བྱ་འོལ་གླིང་གི་ཆགས་ཚུལ་ཡིན་རབས་བསྡུས་ཙམ་ཞིག་བཀོད་ཡོད་པས། དེ་ནི་ད་ག་རང་ལས་ལོགས་སུ་གླེང་དགོས་དོན་མེད་དེ། གཤེན་རབ་མི་བོའི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་ངོ་བོ་རུ་འཆད་སྲོལ་ཡོད་ན། གནས་ཕུན་སུམ་ཚོགས་པ་བཤད་པའི་སྐབས། གསུངས་སའི་གནས་འོལ་གླིང་ཡིན་པས་ཆ་ནས་དེའི་ཆགས་ཚུལ་ཤུགས་ལ་འཆད་ཅིང། ལུང་པ་དེར་སྨན་ལུང་ལྟ་བུའི་ངོ་མཚར་ལྡན་པའི་གནས་མཆོག་ཅིག་འགྲེལ་ཡོད་པ་དག རྒྱུད་བཞི་རུ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་ཞིག་བཤད་ཅིང། སྨན་རྫས་དེ་དག་འོལ་གླིང་དུ་ཡོད་པ་དག་ཕལ་ཆེར་བཞག་པ་དང། བོན་ཚིག་ཐམས་ཅད་ཆོས་ཚིག་གི་ངོ་བོ་རུ་བསྲེས་ཏེ། འོལ་གླིང་གི་ཆགས་ཚུལ་དངོས་དེ་ཉིད་མགོ་བཅད་མཇུག་རྡུམ་ལྟ་བུར་བཟོས་རྗེས། ལྟ་ན་སྡུག་པའི་སྨན་གྱི་གྲོང་ཁྱེར་ཞིག་ཡོད་རབས་བཤད་ཡོད།

ཡང་ཐུགས་འབུམ་ལས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག མཚན་ཙམ་ཐོས་པའི་ངན་འགྲོའི་སྡུག་བསྔལ་སྐྱོབས། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། ནམ་མཁའི་མདོག་ཅན་བསྟན་པའི་གཙོ་ལ་བསྟོད། ཅེས་པའི་ཤོ་ལོ་ཀ་དེ་ཉིད། རྩ་རྒྱུད་ལས། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། ཞེས་དང། ནམ་མཁའི་མདོག་ཅན་བསྟན་པའི་གཙོ་ལ་བསྟོད་ཅེས་པ་དེ་བཻཌྲུརྱ་ཡི་འོད་ལ་ཕྱག་འཚལ་ལོ་ཞེས་བཤད་ཡོད་པ་བསྟན་ཡོད་པས། དེ་ནི་ཁོང་དང་འདོད་པ་གཅིག་མཚུངས་ཡིན་ལ། ཚིག་བསྒྱུར་ཚུལ་དེ་ག་རང་ཡིན། ཡང་ཐུགས་འབུམ་གྱི་དབུའི་མཚན་བྱང་ཞང་བོད་ཤན་སྦྱར་ཡིན་ཚུལ་དང། དེ་བཞིན་འབུམ་གཞན་རྣམས་ཀྱང་ཞང་བོད་ཤན་སྦྱར་ཡིན་པ་ལས། འབུམ་བཞི་ཁོ་རང་གི་མཚན་(འབུམ་བཞི)་ལས་མཚན་གཞན་ཞིག་མེད་པ་དང། རྒྱུད་བཞིའི་སྤྱི་མཚན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་རྒྱ་བོད་ཤན་སྦྱར་ཀྱི་མཚན་བྱང་མེད་པས། དེ་ལ་ལྟོས་ཏེ་འབུམ་བཞི་ལ་སྤྱི་མཚན་མེད་པའི་རྫུན་མ་ཡིན་ཁུལ་གནང་འདུག་ནའང། འབུམ་བཞི་ཁོ་རང་གི་དངོས་མིང་ལས་གཞན་པ་རང་གཞུང་དུ་གསལ་བའི་ཐ་སྙད་བྱེ་བྲག་པ་ཞིག་མེད་ན་རྫུན་པར་མི་འགྱུར་སྟེ། དངོས་མིང་ལས་བཙན་པའི་མིང་ཞིག་མི་རེག་པའི་ཕྱིར། མ་ཚད་རྒྱུད་བཞིའི་མཚན་བྱང་དེ་ཉིད་གཞུང་ཁོ་རང་གི་དངོས་མིང་གཡུག་སྟེ། གཞུང་དེའི་ཆེ་བརྗོད་དང་ཡན་ལག་རྣམས་བསྡུས་ནས་བཏགས་པའི་མཚན་ཞིག་སྟེ། བདུད་རྩི་སྙིང་པོ་ཞེས་པ་བདུད་ནི་ནད་གདོན་དང། རྩི་ནི་དེ་འཇོམས་པའི་གཉེན་པོ་སྨན་སོགས་གོ་ཞིང། དེ་གཉིས་བསྡུས་ན་ནད་གདོན་འཇོམས་པའི་སྙིང་པོ་རུ་གོ་བས། དེ་ནི་གཞུང་ཁོ་རང་གི་ཆེ་བརྗོད་ཙམ་ལས་གཞན་གང་ཡང་མིན། ཡན་ལག་བརྒྱད་པ་ཞེས་གཞུང་ཁོ་རང་གི་དམིགས་དོན་དུ་གསོ་བྱའི་ཡུལ་ཡན་ལག་བརྒྱད་དུ་བསྡུས་ན། དེ་ནི་གཞུང་རང་གི་ཡན་ལག་ལས་ལོགས་སུ་མེད། གསང་བ་མན་ངག་ཅེས་པ་ཤིན་ཏུ་གཉན་པའི་ངག་ཅིག་ལ་གོ་དགོས་ལ། རྒྱུད་ཅེས་པ་གཞུང་ཆེན་ནམ་ལོ་རྒྱུས་ལྟ་བུའི་རྣམ་བཞག་རིང་མོ་ཞིག་ལ་གོ་དགོས་ཕྱིར། རྒྱུད་བཞིའི་མཚན་བྱང་དེ་ཉིད་རྒྱལ་ཁབ་གཞན་ཞིག་གི་རིག་གཞུང་ལ་སྐེ་བསྲིང་མི་དགོས་པར། གཞུང་ཁོ་རང་གི་ཁྱད་ཆོས་ཁོ་ན་ཡིན་པ་ནི་རྒྱུད་བཞིའི་གཞུང་དོན་ཐོས་བསམ་གནང་མཁན་ཀུན་གྱིས་མཁྱེན་གསལ་རེད།

ཡང་ཐུགས་འབུམ་ལེའུ་གཉིས་པའི་སྐབས་འབུམ་བཞིའི་དགོས་འབྲེལ་རྣམས་བགྲང་པ་དང། དེ་བཞིན་འབུམ་དང། གནས། སྐབས། མདོ་སོགས་གཅིག་མཚུངས་ཡིན་ཚུལ་བཤད་ཅིང། ཐུགས་འབུམ་དུ་གསུངས་པའི་འབུམ་སོ་སོའི་ལེའུ་གྲངས་དང། སོ་སོའི་གཞུང་དུ་གསལ་བའི་ལེའུ་གྲངས་རྣམས་ཁ་མ་འགྲིག་པ་ཡོད་ཚུལ་བཤད་ཡོད། དེ་ནི་དངོས་བདེན་ཡིན་ཏེ། འབུམ་རྒྱུད་གཉིས་འདྲ་མཚུངས་མ་བུའི་ཚུལ་དུ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད་ལ། མ་ཚད་འབུམ་བཞི་ནི་ལོ་མང་རིང་ཆགས་འཇིགས་སྣ་ཚོགས་རྒྱུད་པའི་དཔེ་རྙིང་འབའ་ཞིག་ལགས་ན། རྩ་བ་ཐུགས་འབུམ་ལས་བཤད་པའི་རྣམ་གྲངས་འགའ་ཞིག་ནད་འབུམ་དུ་གོང་འོག་འཆུག་པ་ཡོད་ངེས་རེད། དེ་ནི་མ་དཔེ་རྙིང་པའི་རང་མདངས་ཙམ་ལས་བོན་པོ་རིག་པ་ཅན་ཡིན་པ་ཁྱེད་ཀྱི་དགོངས་དོན་གཤའ་མ་དེ་ཡིན་ན། འབུམ་བཞིའི་གཞུང་ཆ་ཚང་བསྒྱུར་སྒྲིག་བྱེད་པའི་རིག་པ་ཡོད་དུས་ལེའུ་གོང་འོག་སྒྲིག་པ་ལ་དཀའ་ལས་ཡོད་མི་སྲིད་མོད།

དེ་རྗེས་ཐུགས་འབུམ་གྱི་གནས་ལུགས་ནད་གཞི་དང། ངོས་འཛིན་རྟགས། གསོ་ཐབས། རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་དང། རྩ་རྒྱུད་ཀྱི་ལེའུ་དེ་རྣམས་གཅིག་མཚུངས་ཡིན་པར་འདོད་པ་དང། ཐུགས་འབུམ་ལེའུ་བདུན་པ་འབུམ་བཞིའི་ཡོན་ཏན་བཤད་པ་དེ་ཉིད་ཡོངས་རྫོགས་འདྲ་བཤུས་བྱས་ཡོད། ལེའུ་དེ་ཉིད་རྩ་རྒྱུད་ལ་མེད་པའི་ལྷག་མ་ཞིག་ཡིན་མོད། འོ་ན་རྩ་རྒྱུད་དུ་མེད་དོན་གང་ཞེ་ན། འབུམ་བཞིའི་ཡོན་ཏན་བཤད་པའི་སྐབས་སྤྱིར་བོན་གྱི་བཞེད་ཚུལ་དང་བོན་ཚིག་མང་པོ་བེད་སྤྱད་དེ་གསུངས་ཕྱིར། བཞག་མ་བདེ་བ་དང་གཅིག ཕྱོགས་གཅིག་ནས་བཤད་ན། འབུམ་བཞིའི་ཆེ་བརྗོད་ཙམ་ལས་གསོ་ཐབས་སྨན་དཔྱད་ཀྱི་ཆ་ཤས་ཙམ་ཡང་མེད་པས། མ་བཞག་ཐབས་མེད་ཀྱི་དགོས་མཁོ་གང་ཡང་མེད་པས་དོན་ནོ། ཁོང་གིས་འདོད་ཚུལ་ལྟར་ན། འོག་གི་རྒྱུད་བཞིའི་ཡོངས་གཏད་ལེའུ་རུ་མར་བཀོད་ཡོད་པ་འདྲ།

ད་དུང་ཁོང་གིས་ཐུགས་འབུམ་མཇུག་ཏུ་ཡོད་པའི་འབུམ་བཞིའི་བརྒྱུད་རིམ་དང་བོན་བསྟན་ཉག་ཕྲའི་སྐབས་བདག་ཉར་གནང་མཁན་གྱི་མི་གྲངས་མཚན་སོགས་འཁོད་པ་དག་ལ་དྭོགས་པ་ཆེན་པོ་ཞིག་བྱུང་ནས། དེ་དག་གི་བསྒྱུར་གཞི་གནམ་སའི་བར་མི་རྙེད་པར་མངོན་སུམ་ཡིན་རུང། གོང་ལྟར་རྒྱུད་བཞིའི་ཡོངས་གཏད་དང་གཉིས་མེད་ཡིན་ཅེས། ཐབས་ཤེས་མེད་པ་ཐམས་ཅད་རྒྱུད་བཞིའི་ཡོངས་གཏད་ལེའུ་རུ་ཨུ་ཚུགས་མཐའ་སྐྱེལ་གྱིས་བཙན་སྦྱར་བྱས་ཡོད་ཀྱང། དེ་ནི་འབུམ་བཞི་རྫུན་མ་བཟོ་བའི་ཁུངས་མ་རེག་པའི་དཔང་རྟགས་ཤིག་ཡིན་པ་འདྲ།

ཡང་ཁོང་གིས་ཕྱི་རྒྱུད་དང་སྨན་འབུམ་གཉིས་ལེའུ་གྲངས་མང་ཉུང་ཡོད་པ་བཞིན་ཁས་ལེན་མ་གནང་རང་གནང་ཡིན་པས་གནང་ཡང་ཡོད་ལ། དེས་མ་ཚད་དེ་ལྟར་སྨན་འབུམ་གྱི་ལེའུ་འཕར་མ་དག་བགོ་སྟངས་ཀྱི་ཁྱད་པར་ཙམ་ལས། ཁྱད་པར་གང་ཡང་མེད་ཅེས་ཀ་བ་ལ་རྡུང་རྒྱག་ཐེངས་གཅིག་གནང་ཡོད། འོན་ཀྱང་སྨན་འབུམ་གྱི་ལེའུ་འཕར་མ་རྣམས་གཙོ་བོར་གོང་དུ་སོང་ཟིན་པའི་གཞུང་དག་གི་སྙིང་དོན་མདོ་རུ་བསྡུས་པའི་ལེའུ་དང། གཤེན་རབ་མི་བོས་དཔྱད་བུ་སོགས་དྲང་སྲོང་ཆེན་པོ་བརྒྱད་ལ་རྒྱུད་དེ་ཉིད་གཉེར་གཏད་མཛད་དེ། མ་འོངས་པར་ཡུལ་ལུང་མང་པོའི་སྐད་ཐོག་བསྒྱུར་ནས་ཁྱབ་སྤེལ་གནང་དགོས་ཚུལ་སོགས་གསུངས་པའི་དོན་ཙམ་ལགས། དཔེར་ན་དེ་ཉིད་ལས། (རྒྱུད་འདིར་བསྟན་པའི་དུས་མཐར་གནས་པ་སྟེ། གཡུང་དྲུང་སེམས་དཔའ་རིགས་ཀྱིས་ལོ་ཙས་བསྒྱུར། གང་ཟག་གཞན་ཕན་ཅན་གྱིས་འགྲོ་དོན་བྱེད། ཕན་པ་འདོད་ཕྱིར་ཀུན་གྱིས་མ་བཏང་འཛིན།) ཞེས་པ་ལྟ་བུ་གདམས་པ་ དང།  ཡང་སྟོན་པས་འཁོར་ལ་རྒྱུད་གཏད་པ་དང། འཁོར་གྱིས་སྟོན་པ་ལ་ཐུགས་རྗེ་ལེགས་གསོལ་གྱིས་བསྟོད་པ་ཕུལ་བའི་ལེའུ་གྲངས་དག་ཡིན་པས། དེ་རྣམས་རྒྱུད་བཞི་རུ་འགོད་ཐབས་མེད་པ་ཞིག་ཡིན་པས་བཀོད་ཡང་མེད། སྤྱིའི་ཆ་ནས་སྟོན་པའི་བཀའ་ཕལ་ཆེ་བ་གཞུང་དོན་མཇུག་རྫོགས་རྗེས་སུ། མདོ་བསྡུ་བ་དང། རྒྱུད་གཏད་པ། སློབ་མ་ལ་མ་འོང་པར་ཁྱབ་སྤེལ་གནང་ཚུལ་གདམས་པ། དེ་བཞིན་འཁོར་གྱིས་སྟོན་པ་ལ་ཐུགས་རྗེ་ལེགས་གསོལ་གྱིས་བསྟོད་པ་མཛད་པ་སོགས། སྤྱི་རྒྱུགས་ཙམ་ཡིན་པ་ལས་སྨན་གཞུང་འདི་ཁོ་ནར་རྒྱུད་བཞི་ལས་བསྒྱུར་ཐབས་བྱས་པའི་ཐབས་ལམ་ཞིག་མིན། གཞན་ཡང་སྐབས་འདིའི་འབུམ་བཞིའི་ལེའུ་འཕར་མ་ཕལ་ཆེ་བ་ཕྱི་རྒྱུད་ཡོངས་གཏད་ལེའུ་རུ་བསྡུས་ཏེ་གསུངས་ཡོད་པས། ལེའུ་དེ་རུ་ངོ་མཚར་བའི་དཔང་ཚིག་ཞིག་ལྷག་ཡོད་དེ། ཇི་སྐད་དུ། [ཨེ་མ་ཧོ་དྲང་སྲོང་ཡིད་ལས་སྐྱེས། རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ། འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན།] ཞེས་སྟོན་པ་བཅོམ་ལྡན་འདས་ནས་སློབ་མ་དྲང་སྲོང་ཡིད་ལས་སྐྱེས་ཞེས་པ་དེར་རྩ་རྒྱུད་ཀྱི་ཆེ་བ་གསུངས་སྐབས། རྩ་རྒྱུད་དེ་ཉིད་ཐུགས་འབུམ་ནམ་མཁའ་སྔོན་པོ་དང་དབྱེར་མེད་གྱི་མིང་ཞིག་ལྷག་ཡོད།

ཡང་སྐབས་འདིར་ཁོང་གིས་འདི་ལྟར་བཞེད་དེ། བརྗོད་དོན་དངོས་ལ་གཞིགས་ཚེ་ལེའུ་བགོ་སྟངས་དང་བརྗོད་བྱ་ཕྲན་ཚེགས་ཙམ་ལས་ཁྱད་པར་གང་ཡང་ཆེར་མ་བྱུང་བ་སྟེ། དཔེར་ན། གཏར་གའི་ལེའུའི་སྐབས། ཕྱི་མ་རྒྱུད་ལས། དོག་དང་རྩ་མདུད་བླ་གནས་སར་མི་གཏར། ཞེས་གནས་ཀྱི་དབང་གིས་བཤད་ན་ཤིན་ཏུ་དོག་ས་དང། རྩ་མདུད་བླ་གནས་ཐིམ་ལོངས་བདག་གསུམ་གྱི་གནས་དེར་གཏར་མི་རུང་བ་གསུངས་ཤིང། སྨན་འབུམ་དཀར་པོའི་གཏར་གའི་ལེའུ་ནང་དུ། གཉིས་པ་བླ་གནས་གནས་པའི་རྩ་མི་གཏར། ཚེས་གཅིག་རྐང་མཐིལ་གཉིས་ལ་བོལ་གོང་ལ། ཞེས་སྨན་འབུམ་བླ་གནས་རྒྱུད་ཚུལ་གྱི་དུས་ཚིགས་འདྲ་བཤུས་གནང་ཞིང། ཤུགས་ལ་སྨན་འབུམ་དུ་གསལ་བའི་བླ་གནས་ཀྱི་རྒྱུ་ཚུལ་མཐོ་འཕར་ཡོད་པ་དེ་ཉིད་ཀྱི་ཚབ། ཕྱི་རྒྱུད་ཀྱི་[དོག་དང་རྩ་མདུད་བླ་གནས་སར་མི་གཏར།] ཞེས་པ་དེ་ཡིན་པ་ལྟ་བུར་གནང་ཞིང། དངོས་སུ་དེ་དག་ཞིབ་རྒྱས་ཡོད་མེད་ལས་ཁྱད་པར་མེད་ཚུལ་བཤད། འོན་ཀྱང་དེ་ནི་འབུམ་བཞིའི་གཏར་གའི་ལེའུ་ཡོངས་རྫོགས་ཞིབ་གཟིགས་མ་བྱས་པས་རྐྱེན་ཡིན་པ་ལས། འབུམ་བཞི་རུ་ཚིག་ཤད་དེ་མེད་པ་མ་ཡིན་ཏེ། གཏར་ག་རན་མི་རན་གྱི་ས་བཅད་སྐབས། སྔོན་ནས་སོང་ཟིན་པ་ཡིན། འོན་ཀྱང་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་ལས་ཧ་ཅང་ཐ་དད་མེད་པར་འདོད་པ་ལ་དགག་པ་གང་ཡང་མེད།

ཡང་ཕྱི་རྒྱུད་ལས་སྨནའབུམ་ལེའུ་དྲུག་ལྷག་མ་ཡོད་པར་འདོད་ཅིང། ལྷག་མའི་ལེའུ་དེ་དག་ཡོངས་གཏད་ལེའུ་ལས་དུམ་བུ་བཏང་པ་ཡིན་ཞེས། རྒྱུ་མཚན་གང་ཡང་མེད་པའི་སྒོ་ནས་རི་ལུག་པ་ཐག་པས་བཅིངས་ཐབས་ཤིག་བྱས་ཡོད། དཔེར་ན། གོང་དུ་སོང་ཟིན་པའི་ཐུགས་འབུམ་ལས་འབུམ་བཞིའི་ཡོན་ཏན་བརྗོད་པའི་ལེའུ་དང། འབུམ་བཞིའི་རྒྱུད་རིམ་དང་ལོ་རྒྱུས་ཁྲོད་ཀྱི་ཆགས་འཇིགས་བྱུང་ཚུལ། དེ་བཞིན་སྐབས་འདིར་སྨན་འབུམ་དུ་ལྷག་པའི་ལེའུ་ཐམས་ཅད་ཕྱི་མ་རྒྱུད་ཀྱི་རྒྱུད་ཡོངས་གཏད་ལེའུ་ལས་འདྲ་པོ་བཟོས་པ་དང། དུམ་བུ་བགོས་པ་བརྗོད་ཅིང། ཐ་ན་འབུམ་བཞི་རྒྱུད་སའི་བོན་གཤེན་གྱི་མཚན་དང་ལོ་རྒྱུད་དེ་དག་འདྲ་ཐབས་མེད་ཀྱང། ཨུ་ཚུགས་མཐའ་སྐྱེལ་གྱིས་འདྲ་དགོས་པ་ལྟ་བུར་བཤད་ཡོད། མདོར་ན་འབུམ་བཞི་རུ་ལྷག་པའི་ནད་བཅོས་སྨན་དཔྱད་མ་ཡིན་པའི་རིགས་སུ་གྱུར་བ་ཐམས་ཅད། རྒྱུད་ཡོངས་གཏད་ལེའུ་བསྒྱུར་བགོས་འདྲ་མཚུངས་སོགས་ཅི་རིགས་བྱས་པ་བསྒྲུབས་ཁུལ་བྱས་ཡོད།  དོན་དངོས་དེ་ལས་ལྡོག་པའི་རིགས་པ་རི་བོ་འདྲ་ཞིག་རྒྱབ་བརྟེན་བཞག་སྟེ་བཤད་ན། སྨན་འབུམ་གྱི་ལེའུ་སུམ་ཅུ་དང། སོ་གཅིག སོ་གཉིས་གསུམ་གྱི་ནང་བོན་གྱི་ཐ་སྙད་དང་གཞུང་གི་འགྲོས་ཚང་མ་བོན་གྱི་ཆོས་ལུགས་དང་འབྲེལ་བ་མང་བས། རང་སོར་བཞག་ཐབས་མེད་པའི་རྒྱུ་མཚན་དང་གཅིག ལེའུ་དེ་རྣམས་སྤྱིར་བཏང་ལྟ་བུ་ལས་སྨན་དཔྱད་ལ་ལྟོས་ཏེ་ངེས་ཤེས་ཐ་དད་ཅིག་སྟོན་རྒྱུ་མེད་པ་དང་གཉིས། སྐབས་སུ་བབས་པའི་ནད་བཅོས་སྨན་དཔྱད་ཀྱི་དགོས་མཁོ་མེད་པའི་རྒྱུ་མཚན་གསུམ་ལ་ལྟོས་ཏེ། དེ་དག་ཚང་མ་རྒྱུད་ཡོངས་གཏད་ཅེས་པའི་ལེའུ་གཅིག་བཟོས་ཤིང། གསོ་རིག་ཉམས་སུ་ལེན་མཁན་རྣམས་གཟིགས་སྟབས་བདེ་བ་དང་སྣང་བ་འགྲོ་པོ་ཞིག་མཛད་ཡོད། ད་དུང་སྨན་འབུམ་ལས་གཉེན་པོ་ཆིག་རྒྱུགས་ཀྱི་ལེའུ་དང། འགོག་བསྲུང་གི་ལེའུ་གཉིས་ཕྱི་རྒྱུད་རྒྱུད་བཞིའི་མཇུག་དོན་ལེའུ་རུ་བསྡུས་ནས་བཀོད་ཡོད། ལེའུ་དེ་གཉིས་ལེའུ་གཅིག་ཏུ་བསྡུས་པའི་དཔང་རྟགས་བཙན་པོ་ཡོད་དེ། རྒྱུད་བཞིའི་མཇུག་དོན་ལེའུ་གཅིག་གི་ནང་གཉེན་པོ་ཆིག་རྒྱུགས་སྐབས་ཞུ་བ་དང་ཞུ་ལེན་ལེའུ་འགོ་བཙུགས་པ་ལྟ་བུར་བྱས་པས་མ་ཚད། འགོག་བསྲུང་འཆད་སྐབས་ཀྱང་ལེའུ་གསར་འགོ་བཙུགས་པ་ལྟ་བུར་འཁོད་ཡོད། དེ་ལྟར་ཁོང་གི་འདོད་པ་གོང་དུ་སོང་བ་ལྟར་ཕྱི་རྒྱུད་ལས་སྨན་འབུམ་ལེའུ་དྲུག་ལྷག་རབས་བཤད་ཀྱང། ཁོ་བོས་ལྷག་མ་ལེའུ་ལྔ་དེ་ལས་མ་མཐོང།

དེ་རྗེས་ཁོང་གིས་དཔྱད་འབུམ་གྱི་མཚན་བྱང་དང་ལེའུ་གྲངས་ཡོངས་རྫོགས་བཀོད་ཅིང། མཇུག་བྱང་དེ་མ་མཚུངས་པའི་རྣམ་འགྱུར་ཙམ་ལས། གཞན་གཞུང་གཉིས་ཀའི་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཁྱད་པར་ཏིལ་འབྲུ་ཙམ་མེད་པར་འདོད་ཡོད་པ་རེད། ཁོ་བོས་ཀྱང་དེ་བཞིན་ཞུ་བ་ལས་གསལ་བཤད་གང་ཡང་མེད་དེ། མ་དཔེ་དང་བུ་དཔེ་ལྟ་བུར་འདོད་པ་གོང་བཞིན་ནོ།

དེ་བཞིན་ནད་འབུམ་ནག་པོ་དང་མན་ངག་རྒྱུད་གཉིས་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པར་འདོད་ཅིང། མི་མཚུངས་པའི་ཕྱོགས་ནད་འབུམ་རླུང་ནད་ལེའུ་ཕལ་ཆེར་ཚིག་ལྷུག་ཡིན་པར་བཤད་ཅིང། སྨུག་པོའི་ལེའུ་རུ་བད་ཀན་སྨུག་པོ་དང་ཁྲག་ནད་སྨུག་པོ་ཞེས་པའི་མིང་གཉིས་བྱུང་ཡོད་པ་ངོ་སྤྲོད་ཀྱང་གནང་ཡོད་ལ། ཚ་རིམས་ལ་སོགས་ལེའུ་འགའི་མིང་གི་ཆ་ཤས་མ་མཚུངས་པའང་ངོ་སྤྲོད་གནང་འདུག ཁོ་བོའི་འདོད་པ་ཡང་དེ་བཞིན་སྟེ། འབུམ་བཞི་ནི་སྔ་མའི་དཔེ་ཆ་རྙིང་ཧྲུལ་ཞིག་སོང་ཙང། ཚིག་བཅད་ལྷུག་ལ་ངེས་པ་མེད་པ་དང་སྔ་མའི་བརྡ་རྙིང་གིས་བརྒྱན་ཞིང། ལེའུ་གཅིག་གི་འགོ་མཇུག་གི་ཐ་སྙད་ཀྱང་ཆ་ཤས་ཐ་དད་ཡོད་སྲིད། ད་དུང་ཆད་ལྷག་ཀྱང་མང་པོ་ཡོད་ངེས་ཤིང། ཕྱི་འབྱུང་མཁས་པས་ཞུ་སྒྲིག་གནང་པའི་དཔེ་ཆ་ལྟར། གཞུང་སྔ་ཕྱི་དང་ལེའུ་སོ་སོའི་གོ་རིམ་མ་འཆུག་པར་ཞིབ་འཇུག་པའི་དཔྱད་འབྲས་ལྟ་བུ་མེད་པ་གསལ་པོ་རེད།

ཡང་ཁོང་གིས་རྩ་རྒྱུད་དང་ཐུགས་འབུམ་མཐུན་པར་གསུངས་པའི་ལེའུ་གྲངས་འགའ་ཞིག ནད་འབུམ་དུ་གོང་འོག་འཆུག་ནས་བཞག་ཡོད་པ་དག་ཤེས་པར་བྱ་དགོས་ཚུལ་ཀྱང་བཤད་ཡོད། འོན་ཀྱང་མི་ལོ་ཁྲིའམ་སྟོང་གྲངས་ཀྱི་རིང། ཆགས་འཇིགས་དང་དར་གུད་སྣ་ཚོགས་ཁྲོད། ནད་འབུམ་ལེའུ་རེ་འགའ་གོང་འོག་ཤོར་བ་དོན་དག་ཆུང་ཙག་ཞིག་སྟེ། དེ་ལས་ལྷག་པ་ནད་འབུམ་ལེའུ་འགའི་བར་ནས་ཤོག་ལེབ་རེ་ཙམ་མ་ཚང་བའང་ཡོད་པས་སོ།

ཡང་ཁོང་གིས་འབུམ་བཞི་དང་འབྲེལ་བའི་གནད་དོན་འགར་དཔྱད་སྐབས། བོན་པོ་ནི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་པ་པུ་རངས་སུ་བྱོན་པ་དང། སྐབས་དེར་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་གསོ་དཔྱད་པའི་བསྟན་པའི་རྐང་འཛིན་དུ་བྱུང་དེས་གསོ་བྱའི་ནད་འབུམ་ནག་པོ་དང། གསོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ། གསོ་དཔྱད་མདོ་དགུ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་མང་དག་ཅིག་བརྩམས་ཤིངའཆད་ཉན་སྤེལ་བར་གྲགས་མོད། འོན་ཀྱང་གཞུང་ལུགས་དེ་དག་ལ་ཆེད་མངགས་ཞིབ་འཇུག་དང་དངོས་སུ་ལྟ་ཀློག་སྦྱོང་པ་ཐོབ་མཁན་ཉེ་ཆར་བོན་གྱི་བཀའ་འགྱུར་ལག་བྲིས་མ་མ་སོན་བར་དུ་ཧ་ཅང་དཀོན་པར་སྙམ། ཞེས་སྐབས་འདི་ནས་འབུམ་རྒྱུད་གཉིས་དཔྱད་བསྡུར་བྱ་རྒྱུ་བཞག་སྟེ། བོན་གྱི་གྲུབ་མཐའི་སྲོལ་འབྱེད་ཀྱི་སྟོན་པ་གཤེན་རབ་དང་དེའི་སྲས་རྣམས་ལ་བསྙོན་འཇུགས་བྱེད་འགོ་ཚུགས་ཏེ། བཀའ་འགྱུར་ལག་བྲིས་མའི་སྔོན་དུ་གཤེན་རབ་ཀྱིས་གསུངས་པ་དག་རྫུན་མ་ཡིན་པ་ཤུགས་ལ་བསྟན་ཁུལ་བྱས་པས་མ་ཚད། བོན་གྱི་རྩིས་ལུགས་ལྟར་དཔྱད་བུ་ཁྲི་ཤེས་ཀྱི་འཁྲུངས་ལོ་༡༤༤༩༦ལོར་ཡིན་རབས་དང། སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་ལྔ་བརྒྱ་ཡས་མས་སུ་གསོ་དཔྱད་ཀྱི་བསྟན་པའི་མཛད་འཕྲིན་བསྐྱངས་ཚུལ་རྣམས་ལོ་རྒྱུས་ཁག་ཏུ་གསལ་བ་ཁས་བླངས་ཤིང། དེ་དག་ལ་ཡིད་སྟོན་མི་རུང་བས་བསྐུལ་མ་ལྟ་བུ་གནང་ཡོད། ཁོང་གི་འདོད་ཚུལ་མཐའ་དག་ལས་ངོ་མཚར་ཆེ་ཤོས་ནི། གཤེན་རབ་དང་ཤཱཀྱ་ཐུབ་གཉིས་དུས་མཉམ་བྱོན་ཚུལ་དེ་རེད། དེ་ལྟར་འདོད་མཁན་བོན་གྱི་ལོ་རྒྱུས་ལ་ཞིབ་ཆ་དབེན་པའི་སྨན་པ་རེ་ཙམ་དང་ཕྱོགས་ཞེན་གྱིས་བཅིངས་བའི་གང་ཟག་རེ་འགའ་ཡོད་སྲིད་པ་ལས། དེང་དུས་ལོ་རྒྱུས་སྨྲ་བའི་མཁས་དབང་ཁྲོད་དུ་དེ་ལྟར་བཤད་ན། ཡིད་སྟོན་རུང་བའི་རིགས་པ་རུ་རྩི་མཁན་ཇི་ཙམ་ཡོད་དམ། མདོར་ན་དེ་ནི་གྲུབ་མཐའའི་དབར་དམར་འཛིང་ངམ་ཁ་གཤགས་འབྱེད་ཚུལ་ལྟ་བུ་ལས་མ་འདས་པས། དེའི་སྐོར་གླེང་མོལ་ཞུ་རིན་གང་ཡང་མི་འདུག་གོ

ཡང་ཁོང་གིས་བོན་གཞུང་རྣམ་པར་རྒྱལ་བ་ལས། སྨན་འབུམ་ལ་འབུམ་སྡེ་གསུམ་མ་གཏོགས་མ་གསུངས་པས་རྒྱུ་མཚན་བྱས་ནས་རྫུན་མ་བསྒྲུབ་ཁུལ་གཅིག་བྱས་ཡོད། དེ་ནི་མངོན་བདེན་ཡིན་མོད། རྣམ་པར་རྒྱལ་བའི་གཞུང་ཙམ་མ་ཟད་སྨན་འབུམ་གྱི་འདབ་རྒྱུད་ཀྱི་ཆེ་བ་སྟོན་པའི་ལེའུ་ལས་ཀྱང། འབུམ་གསུམ་ལས་མ་གསུངས་པ་ཀུན་གྱིས་མཁྱེན་གསལ་རེད། འོན་ཀྱང་དེ་འབུམ་བཞི་རྫུན་མ་འགྱུར་བའི་དཔང་པོ་མ་ཡིན་ཏེ། སྤྱིར་བཏང་རྩ་འགྲེལ་གཉིས་སུ་དབྱེ་བའི་སྐབས་སྨན་འབུམ་གསུམ་ལས་མེད་དེ། ཐུགས་འབུམ་ནི་དེ་རྣམས་ཀྱི་རྩ་བ་ཡིན་པ་ལས་འབུམ་སྡེ་དངོས་མ་ཡིན། དངོས་པོའི་ཆ་ནས་དཔྱད་ནའང་ཐུགས་འབུམ་ནི་གཞན་གསུམ་པོའི་རྩ་བ་ལྟ་བུ་དང། འབུམ་གཞན་གསུམ་དེ་ལས་རྒྱས་པར་བཀྲལ་བའི་གཞུང་ཤ་སྟག་ཡིན་པ་དོ་བདག་གིས་ཀྱང་མཁྱེན་གསལ་ཡིན་རྒྱུ་རེད། རྒྱུུ་མཚན་དེ་ལ་རྟེན་ནས་ཐུགས་འབུམ་གྱི་མཚན་བྱང་ལ། གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་བཞུགས་པ་དབུས་ཕྱོགས་ལེགས་སོ་ཞེས་སྨོས་ཡོད་མོད། དེ་བཞིན་རྩ་བརྒྱུད་ཀྱང་རྒྱུད་གསུམ་པོའི་རྩ་བའི་རྒྱུད་དུ་རིགས་པ་འགྲེས་པ་ལ་ནོར་འཁྲུལ་གང་ཡང་མེད། དེ་ལྟར་ན་འབུམ་བཞི་ལས་གཅིག་མ་ཚང་བ་རེད་དམ་ཞེ་ན། སྨན་འབུམ་ཆ་ཚང་བསྡུས་པའི་སྐབས་འབུམ་བཞི་ཞེས་མིང་བྱང་འགོད་པ་ལས། རྩ་འགྲེལ་སྐབས་ཀྱི་གནས་ལུགས་རེ་རེ་ནས་མིང་ཐོག་མི་ཤོང་བའི་ཕྱིར། ཡང་ཁོང་གིས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཡང་སྤྱི་ལོ་སྔོན་གྱི་གསོ་དཔྱད་རྐང་འཛིན་པ་ཞིག་ཡིན་དུ་ཆུག་ཀྱང། ཞེས་དཔྱད་བུ་སྤྱི་ལོ་སྔོན་གྱི་གསོ་དཔྱད་རྐང་འཛིན་པ་ཞིག་ཡིན་ཆོག་ཙམ་གནང་ཞིང། དེ་ལས་གལ་ཆེན་གཞུང་ལུགས་དང་རིགས་པའི་གྲུབ་རིམ་ལ་བལྟ་དགོས་ཚུལ་བསྐུལ་ཙམ་བྱས་པས། དེ་ནི་རྗེས་སུ་ཡིད་རང་ཞུ་བ་ལས་གང་ཡང་མི་སྨྲ།

ཡང་ཁོང་གིས་མདོ་ཁམས་ཉག་རོང་ནས་ཐོན་པའི་ཐུགས་འབུམ་མཁའ་སྔོན་ཞིག་ལ་དཔྱད་པ་གནང་སྐབས། དེ་ཉིད་ལས་བདུད་རྩི་སྨན་གྱི་མདོ་དགུ་དང། དེ་རྣམས་འགྲེལ་པ་དང་སྤྱི་ཁོག་ཁྲོལ་བའི་བདུད་རྩི་སྙིང་པོ་ཡོངས་འདུས་ཀྱི་འགྲེལ་རྒྱས་པར་བཤད་པ་དང། ཆ་ལག་བཅོ་བརྒྱད་གབ་སྦས་དོན་ཀུན་གསལ་བ་ཡོད་པའི་ནང་ནས། འདི་ནི་བདུད་རྩི་བོང་མཛོད་འབུམ་བཞི་ཞེས་པ་དེ་ཡིན་ཚུལ་གསུངས་བ་གཟིགས་དུས། ཁོང་ནི་ཧང་སང་ཐག་ཆོད་ནས་དེ་དག་འགལ་བའི་ཁུར་ཆེན་པོ་ཞིག་ཡིན་ཚུལ་བཤད་ཅིང། གོང་གི་མདོ་དགུའི་འགྲེལ་བའི་མཚན་བྱང་གི་དཀྱིལ་ནས་བདུད་རྩི་སྙིང་པོ་ཞེས་པའི་ཚིག་རྐང་བཞི་བླངས་ཏེ། དེ་ཉིད་གཡུ་ཐོག་རྙིང་མའི་དུས་སུ་བྱུང་བ་ཡོངས་གྲགས་ཡིན་ཚུལ་གྱིས་འགལ་ཐབས་ཤིག་བྱས་ཡོད། འོན་ཀྱང་དེ་ལྟ་བུའི་དཔེ་ཆའི་མཚན་ཟུར་ལེན་ནས་གཞན་གྱི་གཞུང་ག་གེ་མོ་ཞིག་དང་མིང་འགྲིག་ཐབས་བྱས་ན། འབུམ་རྒྱུད་གཞུང་གཉིས་ཀྱང་སྨན་གཞུང་མ་ཡིན་པའི་གསང་སྔགས་ཀྱི་གཞུང་ཞིག་ཏུ་འགྱུར་ངེས་ཡིན་ཏེ། གསང་སྔགས་ཀྱི་གཞུང་བདུད་རྩི་ཕུམ་ཕུམ་དགུ་པ་དང་བདུད་རྩི་གཡུ་འབྲང་ཕྱུག་མོ་སོགས་ལ་སྒྲིག་ཆོག་པའི་ཕྱིར། སྤྱིར་ན་བདུད་རྩི་སྙིང་པོ་ཞེས་སྨན་གཞུང་ཞིག་གི་ཆེ་བསྟོད་དང་རང་བཞིན་བརྗོད་པ་ཙམ་ཞིག་ཡིན་པ་ལས། སྨན་གཞུང་བྱེ་བྲག་པ་ཞིག་གི་མཚན་བཏགས་ཆོག་ཀྱང། བྱེ་བྲག་པ་ཞིག་ཁོ་ནར་དབང་བའི་སྒེར་མིང་ཞིག་ཆགས་ཐབས་རྩ་བ་ནས་མེད། དཔེར་ན། འབུམ་བཞི་ལྟ་བུ་ལའང་བདུད་རྩི་སྙིང་པོ་ཞེས་པའི་དོན་མ་ཚང་བ་མེད་པ་གོང་དུ་སོང་ཟིན་ལྟར་ཡིན་ཏེ། གཞུང་ཁོ་རང་གི་ལེའུ་རེ་རེའི་འགོ་མཇུག་གང་རུང་ལ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་སྙིང་པོ་ཞིག་ཡིན་པ་གསལ་པོར་འཁོད་ཡོད། དེའི་མ་ཚད་གཡུ་ཐོག་རྙིང་མ་ཞེས་པའི་གང་ཟག་དེ་ཉིད་འཇིག་རྟེན་འདིར་བྱོན་མིན་ལ་རྩོད་པ་དང། བྱོན་མྱོང་མེད་པར་འདོད་མཁན་ཞིབ་འཇུག་པ་ཇི་ཙམ་ཡོད་མེད་ཀུན་གྱིས་མཁྱེན་གསལ་ཡིན་ཀྱང། ཁོ་བོས་དེ་དག་གི་ཐད་ལ་བསྙོན་འདོད་མི་བྱ།

ད་དུང་ཁོང་གིས་གོང་གི་རིགས་ལམ་དེར་བརྒྱུད་དེ། གོང་གི་སྨན་མདོའི་ཆ་ལག་གི་མཚན་ཟུར་ཆ་ལག་བཅོ་བརྒྱད་ཅེས་པ་དེ་བླངས་ནས། ཡང་དེ་ཉིད་གཡུ་ཐོག་གསར་མས་དུས་རབས་བཅུ་པའི་ནང་བསྡུ་སྒྲིག་བྱས་པའི་བསྟན་བཅོས་ཤིག་ཡིན་པ་ལས། དཔྱད་བུ་ཁྲི་ཤེས་དང་གཡུ་ཐོག་གསར་མ་གཉིས་དབར་ལོ་ངོ་ཉིས་སྟོང་ལྷག་ཙམ་ཡོད་པས། མཚན་བྱང་དེ་ལྟར་བཀོད་པ་ནི་ཆེས་ངོ་མཚར་ཆེན་པོ་ཡིན་པས་སྡིགས་དམོད་གནང་ཡོད་ཀྱང། དེ་ནི་ཁོང་གིས་ཞལ་ཤོབ་ཁོ་ན་ལས། དེ་དག་མཚན་བྱང་མ་ཡིན་པར་མཚན་ཟུར་ཡིན་པ་ནི་གོང་ལྟར་རོ། མཚན་བྱང་ཡིན་ཀྱང་ངོ་མཚར་མི་ཆེ་སྟེ། གཡུ་ཐོག་པས་ཀྱང་སྔར་གཤེན་རབ་ཀྱིས་མཛད་ཟིན་པའི་དཔེ་ཆའི་མཚན་བྱང་གཡར་ཆོག་པ་ནི། རྩོམ་པ་པོ་ཁོང་གི་རིགས་པ་ཚུར་འདྲེས་ཚུལ་དང་གཅིག་མཚུངས་ཡིན་ནོ།  མ་ཚད་གཡུ་ཐོག་པས་སྔ་མའི་སྨན་གཞུང་གི་མཚན་བྱང་གཡར་ཚུལ་འབུམ་རྒྱུད་གཉིས་ཀྱི་དཔྱད་བསྡུར་གྱི་གསལ་བཤད་སྐབས་སོང་ཟིན་ན་སྐྱར་ཟློས་མི་བྱ།

ཡང་ཁོང་གིས་གཉིས་ནས་འབུམ་བཞིའི་རྩོམ་སྟངས་དང་བརྡ་སྤྲོད་གཞུང་གི་སྤྱི་འགྲོས་ངོས་ནས་བཤད་ན། སྐབས་དེ་དུས་སུ་བོད་ལ་གཅིག་བསྒྱུར་གྱི་ཡི་གེ་མེད་པ་མ་ཟད། ཉེ་ལམ་མདོ་ཁམས་ཉག་རོང་ནས་ཐོན་པའི་འབུམ་བཞི་བྲིས་མ་ནང་བཞིན་དབུ་མེད་སྒྲ་དག་པོ་དེ་འདྲ་འབྲི་བའི་སྲོལ་བྱུང་མེད་པ་དང། གལ་སྲིད་ཞང་ཞུང་སྨར་ཡིག་ལྟ་བུ་དེ་དུས་སུ་ཡོད་ན་དེ་ལྟར་མ་བྲིས་པར་གཡུ་ཁྲིའི་འབྲི་ཚ་ལྟ་བུ་འབྲི་དགོས་པའི་རྒྱུ་མཚན་སྤྱི་ཡང་མེད་སྙམ། ཞེས། ཡང་ཞང་ཞུང་གི་ཡི་གེ་རྫུན་མར་བསྒྲུབས་ཁུལ་གྱི་ཉམས་ཤིག་བསྟན་ཡོད། དེ་ནི་ལོ་རྒྱུས་ཕྲན་བུ་ཤེས་མཁན་ཐམས་ཅད་ཀྱིས་ཤེས་རྒྱུ་ཞིག་ལས་གསལ་བཤད་དགོས་པ་ཞིག་མ་མཐོང། འོན་ཀྱང་ཁོང་གི་འདོད་པ་ལྟར་དུ་གསལ་བཤད་ཕྲན་ཚེགས་ཞུས་ན། ཞང་སྐད་ལས་བོད་སྐད་དུ་བསྒྱུར་ནས་རིང་རྩིས་དབང་དུ་མི་ལོ་ཁྲི་གཅིག་གི་ཡས་མན་དང། ཐུང་རྩིས་བྱས་ན་མ་མཐའ་ལོ་སུམ་སྟོང་ཡས་མན་འགྲོ་གྱི་ཡོད་ན། ད་དུང་སྔ་མའི་སྨར་ཡིག་དམངས་ཁྲོད་དུ་བེད་སྤྱོད་བཏང་ཆོག་ཆོག་ཅིག་ལྷག་མི་ཐུབ་པ་ནི། ད་ལྟའི་མི་རབས་རེ་གཉིས་དབར་གྱི་འགྱུར་འགྲོས་ལ་གཟིགས་ན་མཁྱེན་སླ་བ་ཞིག་མ་ཡིན་ནམ། མ་ཚད་སྐབས་དེ་དུས་ཀྱི་ཡི་གེ་འབྲི་སྲོལ་དེ་ཉིད་སྐབས་དེ་དུས་མ་དག་པ་ཞིག་ཡིན་སྲིད་དམ། དེ་ལྟ་བུའི་སྐད་ཆ་ནི་ལོ་རྒྱུས་ཀྱི་འགྱུར་འགྲོས་ལ་བསམ་མ་མྱོང་བ་ལྟ་བུ་ལས་གང་ཡང་མིན།

དེ་ནས་ཁོང་གིས་སྐབས་དེ་དུས་བོན་ལ་རྟེན་པའི་རིག་གནས་ཤིག་ཡོད་སྲིད་པར་ཁས་བླངས་ཤིང། འོན་ཀྱང་རིག་གནས་དེ་ཉིད་འབུམ་བཞི་ལྟ་བུའི་ཐུས་སྒོ་ཚང་བ་ཞིག་ཡོང་བར་བྱེད་པ་ལ། སྤྱི་ཚོགས་ཀྱི་ཆ་རྐྱེན་མེད་པའི་ཆ་ནས་རྫུན་མའི་ཚུལ་བསྟན་པས་མ་ཚད། གལ་སྲིད་དེ་དུས་འབུམ་བཞི་འདི་ཉིད་གྲུབ་ཡོད་ན་འཛམ་གླིང་གསོ་རིག་གི་མེས་པོ་དེ་ཡང་ཧེད་པོ་ཁེ་རེ་སི་མིན་པར་དཔྱད་བུ་ཁྲི་ཤེས་ཡིན་དགོས་མོད། ཅེས། འཛམ་གླིང་གསོ་རིག་གི་མེས་པོ་ཧེད་པོ་ཁེ་རེ་སི་ཁོ་ནར་ཐག་བཅད་ནས་གནམ་མ་མཐོང་བའི་བཟོ་འདྲ་གནང་ཡོད། དེ་ལ་གསལ་བཤད་ཞུ་ན། དང་པོ་སྐབས་དེར་སྤྱི་ཚོགས་ཀྱི་ཆ་རྐྱེན་མི་འཛོམས་པའི་སྐྱོན་གང་ཡང་མེད་དེ། འབུམ་བཞིའི་ལག་ལེན་ནི་འཕྲུལ་གྱིས་བཤག་བཅོས་ལྟ་བུ་མ་ཡིན་པར། ལག་ལེན་གནས་ཚད་མཐོ་པོའི་རིགས་ལ་བསམ་ན། ནད་ཁྲག་རྩ་སྦུབས་ནས་འདྲེན་ཕྱིར་གཙག་བུའི་གཏར་ཁ་བྱེད་པ་དང། ནང་གི་ཁྲག་ངན་དང་ཆུ་སེར་རྩ་མདུད་སོགས་ལས་གྲོལ་ཕྱིར་མེ་བཙའ་རིགས་སྣ་ཚོགས་ཀྱིས་ལུས་ཀྱི་གསང་མིག་རུ་བསྲེགས་པ་དང། མིག་དང་ནང་སྐྲན་འགའ་ཞིག་བཤག་བཅོས་སྔ་མའི་ལུགས་ལྟར་གནང་སྲོལ་ཡོད་པ་དང། གཞན་ཡང་དོན་སྣོད་སོགས་ཆུ་བསགས་སྐབས་ལྕགས་སྦུབས་རྣོ་པོ་ནས་ཆུ་ཕྱིར་དྲངས་པ་སོགས་ཀྱི་ལག་ལེན་རྣམས་མཐོ་ཤོས་སོང་ན། དེ་ནི་སྐབས་དེ་དུས་ཀྱི་མི་རྣམས་ད་ལྟའི་མི་ལས་བློ་ཁོག་དང་ཨོར་གཏུམ་ཆེ་བ་ལས་ཆུང་ཡོད་རྒྱུ་མ་རེད་ལ། དེ་བཞིན་ནད་པ་གང་ཞིག་ལག་ཉེས་ཤོར་ནའང་རྗེས་དེད་གནང་མཁན་ད་ལྟ་ལྟ་བུར་ཡོད་རྒྱུ་མ་རེད་སྙམ། དེར་རྟེན་འབུམ་བཞིའི་ནང་གི་ལག་ལེན་གནས་ཚད་མཐོ་ཤོས་གནང་མཁན་སྔ་དུས་སུ་ཡོད་པ་ལ་ཐེ་ཚོམ་མེད་དོ། དེ་ནི་དངོས་དོན་རེད། ཡང་དད་མོས་ཀྱི་ཆ་ནས་བཤད་ན་སྔ་མའི་ཐུན་མིན་གྱི་སྐྱེས་བུ་རྣམས་ཀྱི་ཐུགས་རིག་ད་ལྟའི་གང་ཟག་སུས་མཇལ་ནུས་སམ། དེ་ནི་རིགས་པ་རྣལ་མ་བཀོད་པ་ཙམ་ལས་བསམ་ཚུལ་ལ་དགག་པ་སུས་ཀྱང་རྒྱག་མི་ནུས་མོད།  གཉིས་པ་ཧེད་པོ་ཁེ་རེ་སི་འཛམ་གླིང་གསོ་རིག་མེས་པོ་བསྙད་པ་ལ་ཁོ་རང་རྒྱུ་མཚན་ཞིག་བཟུང་སྟེ་བཏགས་པ་ལས། དཔྱད་བུ་ཁྲི་ཤེས་ལ་དེ་ལྟ་བུའི་རྒྱུ་མཚན་ཞིག་བཟུང་ནས། འཛམ་གླིང་གསོ་རིག་མེས་པོ་བཏགས་ཐབས་མེད་པ་མ་ཡིན་པ་ཁོང་གིས་ཀྱང་མཁྱེན་ཡོད་ན་མང་པོ་མི་ཞུ།  ཡང་ཁོང་གིས་གཞུང་འདིར་ཞང་ཞུང་དང། ཏ་ཟིག་ ཁྲོམ། ཧོར། རྒྱ་དཀར་ནག་སོགས་ཐ་སྙད་མང་པོ་ཡོད་པ་དང། འབུམ་བཞི་རུ་བརྡ་སྤྲོད་སུམ་རྟགས་ཚིག་སྦྱོར་རྩོམ་ལུས་རྩོམ་རྩལ་སོགས་གང་ནས་ལྟས་ཀྱང་གནའ་རབས་ཡིག་རྙིང་དང་བརྡ་སྤྱོད་གཞུང་གི་ཁྱད་ཆོས་གང་ཡང་འབུར་དུ་མ་ཐོན་པ་སོགས་ལ་རྟེན་ནས། གནའ་རབས་ཀྱི་ཡིག་རྙིང་དང་དེང་དུས་ཀྱི་དཔེ་གཞུང་གང་ཡང་མ་ཡིན་པའི་བར་དོ་བ་ལྟ་བུ་ཞིག་བཤད་ཡོད། དེ་ནི་སོ་སོའི་སྐྱེ་བོ་ལ་ཕ་མ་མེད་པའི་ཕྲུ་གུ་སྲིད་ཅེས་པ་ལྟ་བུ་དང་མཚུངས་ཏེ། སྔ་ཕྱི་གང་གི་ལུགས་དང་མ་འབྲེལ་བའི་རིག་གཞུང་དུ་གྱུར་བའི་པོད་ཆེན་ཞིག་འབྱུང་སྲིད་དམ། མ་ཚད་ལུང་པ་མང་པོའི་བརྡ་སྐད་དང་འདྲེས་པ་ནི། གཞུང་དེའི་འབྱུང་ཁུངས་ལུང་པ་མང་པོ་ཞིག་ལ་ཐུག་པ་མ་ཡིན་པར། གཞུང་དེ་ཉིད་དཔེ་རྙིང་གི་ཚུལ་དང་ལྡན་པས་རྟགས་ཏེ། དཔེར་ན། དེང་སྐབས་བྲིས་པའི་གསོ་རིག་གི་དེབ་དང་དཔྱད་རྩོམ་མང་དག་ཅིག་ཏུ་རྒྱ་བོད་དབྱིན་གསུམ་གྱི་ཐ་སྙད་མཉམ་བསྲེས་བྱས་པ་ཇི་ཙམ་མང།  དེ་དག་མི་རབས་དུ་མའི་རྗེས་སུ་བརྟེན་བཅོས་དེའི་གཞུང་ཚིག་མི་འགྱུར་བའི་དཔང་པོ་སུས་ཀྱང་མི་ནུས་པ་བཞིན་ནོ།

ཡང་ཁོང་གིས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་སྐུ་དུས་བྱུང་བའི་འབུམ་བཞི་ནི་སྤྱི་ལོ་སྔོན་གྱི་གསོ་བ་རིག་པའི་གཞུང་ལུགས་ཤིག་ཡིན་པ་ཁས་བླངས་ཁུལ་ཞིག་མཛད་དེ། དོན་དངོས་འབུམ་རྒྱུད་གཉིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་ལས་བསྡུ་སྒྲིག་བྱས་པ་ལྟ་བུར་བཞེད་དེ། དཔྱད་འབུམ་དམ་བཤད་རྒྱུད་ལུས་ཆགས་པའི་ལེའུ་རུ། {དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། རྣམ་ཤེས་ལས་དང་ཉོམ་མོངས་ཀྱིས་བསྐུལ་ནས། འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། དཔེར་ན་རྩུབ་ཤིང་དག་ལས་མེ་འབྱུང་མཚུངས།} ཞེས་པའི་གཞུང་ཚིག་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་སྨན་གྱི་གཞུང་ཚིག་མཚུངས་པ་འགའ་བླངས་ནས། འབུམ་རྒྱུད་གཉིས་དེ་ལས་བསྒྱུར་བའི་དཔང་པོ་ལྟ་བུར་བྱས་ཡོད། དེ་ལ་གསལ་བར་བཤད་ན། ཕྱོགས་གཅིག་ནས་སྔ་དུས་སུ་གཞུང་དེ་དག་འབུམ་བཞི་དང་འབྲེལ་བ་མེད་པའི་དཔང་པོ་བྱེད་མི་ནུས་ཏེ། འབུམ་བཞི་ནི་སྤྱི་ལོ་སྔོན་གྱི་དཔེ་རྙིང་ཡིན་ཆོག་པའི་ཁས་ལེན་གོང་དུ་སོང་བ་མ་ཡིན་ནམ། ཕྱོགས་གཅིག་ནས་བཤད་ན། ས་བཅད་དེ་དག་མ་ཡི་ཁོག་པར་ཕྲུ་གུ་ཆགས་ཚུལ་ཞིག་ཡིན་ན། དེ་འདྲའི་རྣམ་བཞག་དང་མཐུན་པའི་དཔེ་ཆ་ཐམས་ཅད་ལ་འབུམ་རྒྱུད་གཉིས་ཀྱི་ཁུངས་བསྐྱལ་དགོས་ན། སྨན་གཞུང་མ་ཡིན་པའི་མདོ་སྔགས་རྫོགས་གསུམ་གྱི་དཔེ་གཞུང་ཁག་ལའང་བྱིས་པ་ཆགས་ཚུལ་ཚིག་དོན་མཚུངས་པ་གང་མང་ཡོད་པས་སོ། དེ་ནི་ཁོང་གི་སྔ་མའི་རིགས་པ་ལྟ་བུ་ལས་ལོགས་སུ་མེད། མ་ཚད་ཕྲུ་གུ་ཆགས་ཚུལ་གྱི་ཚིག་ཤད་དམ་དུམ་མང་པོ་ཕན་ཚུན་སྒྲིག་སྟེ་བཤད་ཀྱང་རིགས་པ་ཅིག་མཚུངས་ལས་ལོགས་སུ་མེད།

ཡང་ཁོང་གིས་རྒྱུད་བཞིའི་གཞུང་གི་གྲུབ་ཚུལ་ཐད་ལ་ཟུར་མཁར་བློ་གྲོས་རྒྱལ་པོ་དང་མིའི་ཉི་མ་མཐོང་བ་དོན་ལྡན། སི་ཏུ་པཎ་ཆེན། ཀོང་སྤྲུལ་ཡོན་ཏན་རྒྱམ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་ཁྲོ་རུ་ཚེ་རྣམ་སོགས་ཀྱིས་རྒྱ་གར་གྱི་གཞུང་ཡན་ལག་བརྒྱད་པ་དང་འགྲེལ་བ་ཟླ་ཟེར་སོགས་ཀྱི་དགོངས་པའི་བཅུད་བླངས་པར་བཞེད་པ་གཅིག་མཐུན་ཡིན་པ་དང། ལྷག་པར་དུ་གོང་གི་གཞུང་ཚིག་དེ་དག་གཙོས་པའི་གཞུང་གཉིས་ཀའི་(རྒྱུད་འབུམ)་ནང་དོན་རྣམས་ཕན་ཚུན་དཔྱད་བསྡུར་བྱས་ཚེ་ཚིག་གི་སྦྱོར་བ་ཕྲན་ཚེགས་ཙམ་ལས་དོན་གྱི་བརྗོད་བྱའི་ཐད་ལ་ངོ་བོ་རང་བཞིན་གྱི་ཁྱད་པར་གང་ཡང་མེད་པ་དང། ཡིན་ཀྱང་རྒྱུད་བཞིའི་ནང་དུའང་འཕགས་ཡུལ་གྱི་གཞུང་དེ་དག་གི་དགོངས་པའི་སྙིང་བཅུད་བསྡུ་ལེན་བྱས་པ་ལས་ཚིག་འབྲུ་སྤོ་བཤུས་བྱས་མེད་པ་ཧ་ཅང་གསལ། ཞེས་ཤུགས་ལ་འབུམ་བཞི་ནི་རྒྱུད་བཞི་ལས་ཚིག་སྤོ་བཤུས་བྱས་པའམ་ཡང་ན་དཔེ་ཆ་དེ་དག་ལས་བཤུས་པ་གང་རུང་བཤད་ཀྱི་ཡོད་པ་འདྲ། དེ་ལྟར་རྩོམ་པ་པོ་ཁོང་གི་བསམ་ཚུལ་ཙམ་ཡིན་ན། གང་ཡང་བཤད་དུ་མེད་དེ་བསམ་མི་ཆོག་པ་མེད་པས་སོ། འོན་ཀྱང་གོང་གི་མཁས་དབང་དེ་དག་གི་འདོད་པ་ཡིན་ཁུལ་གནང་ན་ཧ་ཅང་ཐལ་ཆེ་བ་ཞིག་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོའི་གསོ་རིག་ལོ་རྒྱུས་ཤེས་བྱ་སྤྱིའི་ཁོག་འབུགས་ལས། ལྷ་ཐོ་ཐོ་རི་གཉན་བཙན་གྱིས་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེ་ཡང་མ་ངེས་ཏེ། བོན་ལ་བསྟན་པའི་གསོ་དཔྱད་ཇི་སྙེད་ཅིག་དབུ་བརྙེས་ཡོད་ལ། ཞེས་དང། གོང་གི་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་ཁྲོ་རུ་ཚེ་རྣམ་གྱིས། བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས་ཞིག་ཏུ་འདི་ལྟར་བཞེད་དེ། རང་རེ་བོད་ཀྱི་མེས་པོ་རྣམས་ཀྱི་སྐུ་དུས་ནས། གསོ་དཔྱད་ཀྱི་ལག་ལེན་བྱུང་བ་དང་ཆབས་ཅིག་ཏུ་གནམ་རིག་སྐར་རྩིས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ནི་ཧ་ཅང་རིང་པོ་ཞིག་ཡོད་པ་རེད། བོད་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པའི་ལོ་རྒྱུས་ཡོད་ལ། ཞེས་འཁོད་ཡོད་པ་{གསོ་རིག་གནད་བསྡུས}་ལས་གསལ་པས་མཁས་པ་དེ་དག་གིས་བོན་གྱི་སྨན་དཔེ་ལས་གཞན་པའི་བོད་ཀྱི་སྨན་གཞུང་ཁུངས་རིང་ཞིག་གི་ལོ་རྒྱུས་གསུངས་ཀྱི་མེད་ན། འབུམ་བཞི་དུས་རབས་བརྒྱད་དགུ་ཡས་མན་ཞིག་ཏུ་ཞི་ནས་རྒྱ་གར་སྨན་གཞུང་ལས་བཤུས་པ་ངོས་འཛིན་གནང་གི་མེད་པ་འདྲ།

ཡང་ཁོང་གིས་འདི་ལྟར་འདོད་དེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ཆོས་ཕྱོགས་ཀྱི་མཁས་པ་མང་པོ་ཞིག་གིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་བསྒྱུར་བ་དང། དེ་ཡང་དུས་རབས་དྲུག་བདུན་ཙམ་ནས་བྱུང་བར་བཤད་པས། དེ་ནི་སྔར་གྲགས་མ་མྱོང་བ་ཞིག་སྟེ། ལྷ་བླ་མ་ཡེ་ཤེས་འོད་ནི་དུས་རབས་དྲུག་བདུན་ཙམ་དུ་སྐྱེ་མེད་པས་སོ། ད་དུང་ཁོང་གིས་རིགས་པ་མང་པོ་ཞིག་བརྒྱུད་དེ། ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གསོ་རིག་གི་ཁུངས་ལུང་དེ་ཡང་བོན་གྱི་གསོ་རིག་ཏུ་འགྱུར་དགོས་པས་བོན་གྱི་ཤེས་རིག་དང་གྲུབ་མཐའ་རྒྱ་གར་དུ་ཡེ་ནས་དར་མྱོང་མེད་པ་དང། ལྷག་པར་དུ་བོན་གྱི་གསོ་བ་རིག་པ་འཕགས་ཡུལ་དུ་དར་བར་སུས་ཀྱང་མི་འདོད་པའི་ཕྱིར་རོ། ཞེས་རྟགས་ཤིག་བཀོད་ཡོད་ཀྱང། སུས་ཀྱང་མི་འདོད་པ་མ་ཡིན་ཏེ། བོན་ལུགས་ལོ་རྒྱུས་མང་པོ་ཞིག་ཏུ་གནའ་དུས་གཤེན་རབ་ཀྱི་བསྟན་པ་སྤེལ་སྐབས། རྒྱ་དཀར་ནག་དང། ཁྲོམ། གེ་སར། རྟག་གཟིགས། ཞང་ཞུང་སོགས་དར་རྒྱས་བྱུང་ཚུལ་སྔ་ཕྱི་ཙམ་ལས་དར་མྱོང་མེད་པའི་ལུང་པ་རྩི་སྲོལ་མི་འདུག་ལ། ལུང་པ་དེ་དག་ཏུ་བོན་པོའི་མཁས་དབང་རེ་ཡོད་པ་ལོ་རྒྱུས་རྙིང་པ་ཕལ་མོ་ཆེའི་དགོངས་དོན་ཡིན་པ་ལས། རྒྱ་གར་དུ་བོན་གྱི་ཤེས་རིག་གྲུབ་མཐའ་དར་མྱོང་མེད་པའི་རྟགས་བཀོད་ན། ཁྱབ་མཐའ་ཡོད་མེད་ལ་མ་དཔྱད་པའི་རྟགས་སུ་མངོན། ད་དུང་ཁོང་གིས་རྒྱུད་བཞི་རུ་ཞང་ཞུང་གི་སྨན་མིང་མི་ཉུང་བ་ཞིག་དང་མདོས་དང་གཏོར་མ་སོགས་བོན་གྱི་ཆོ་ག་མང་པོ་ཡོད་པས་མ་ཚད། གཞུང་དེའི་ཆ་ཤས་ཕལ་ཆེར་འབྱུང་བ་ལྔས་ངོ་བོ་རུ་བཤད་པ་ལ་དྭོགས་པ་འདྲ་ཞིག་བྱས་ནས། རིགས་པ་ཚ་བོ་ཞིག་བསྣུན་ཡོད་པས་འདི་ལྟར། རྒྱ་གར་དང་ཧོར་སྐད་ཅན་གྱི་སྨན་མིང་མང་པོ་ཞིག་བགྲང་ནས་རིགས་པ་ཞིག་བསྒྲིགས་གནང་ནས་དེ་ལ་ལན་ཇི་ལྟར་འདེབས་སམ། ཞེས་བཤད། ཁོ་བོས་དེའི་ལན་སྔ་ས་ནས་དཔེ་དོན་གཉིས་ཀྱི་སྒོ་ནས་བཏབས་ཟིན་ཏེ། དེ་ནི་མི་ལོ་མང་པོར་བརྒྱུད་པའི་དཔེ་རྙིང་ཞིག་ཏུ་སོང་བའི་དངོས་རྟགས་ཤིག་ལས། ཡུལ་ལུང་གཞན་གྱི་ཐ་སྙད་རེ་གཉིས་འཛུལ་བ་དག་གིས་དཔེ་ཆའི་འབྱུང་ཁུངས་བཙལ་མི་ནུས་པ་གོང་དུ་སོང་བ་ལྟར་ཡིན།

ཡང་ཁོང་གིས་འབུམ་རྒྱུད་གཉིས་ལས་དོན་སྣོད་ཀྱི་བྱེད་ལས་ཁམས་ལྔ་རུ་སྦྱར་བ་ཞང་ཞུང་ལ་ཐུག་མི་དགོས་པའི་བསམ་ཚུལ་དང། དེ་བཞིན་ཁམས་ལྔ་ཕྱེ་ཚུལ་མ་མཚུངས་བ་དག་གི་བར་དུ་ལན་གྱི་བཟོ་ལྟར་དགག་སྒྲུབ་གནང་བ་སོགས་བྱས་ཡོད་པ་དག་ནི་གང་ཡང་ཞུ་རྒྱུ་མེད་དེ། དགོངས་ཚུལ་སྣ་ཚོགས་འབྱུང་སྲིད་པས་དེ་ནི་གང་འདོད་ལས་ལོགས་སུ་མེད། ད་དུང་མཁས་དབང་ཆེན་པོ་ནམ་མཁའི་ནོར་བུས་ཞལ་ནས། ཁམས་ལྔའི་རྣམ་བཞག་དང། ཚོན་ཀན་ཆག་གསུམ་ནི་གནའ་བོའི་ཞང་ཞུང་སྐད་ཡིག་ཡིན་པ་གསུངས་པ་དེ་ཉིད། ལུང་རིགས་དུ་མས་ཁུངས་སྐྱེལ་མ་གནང་བ་དེ་ཤིན་ཏུ་ནས་བློ་ཕམ་ཡོད་ཚུལ་ཞིག་བརྗོད་དེ། ནམ་མཁའི་ནོར་བུའི་བཞེད་པ་དང་རྒྱབ་འགལ་གྱི་བཤད་ཚུལ་སྣ་ཚོགས་སྤུངས་ཤིང་དགག་པ་མཛད་ཡོད་ཀྱང། མཁས་དབང་ནམ་མཁའི་ནོར་བུ་ལའང་ལུང་རིགས་ཀྱིས་ཁུངས་སྐྱེལ་བྱེད་རྒྱུ་མ་རེག་པ་མ་ཡིན་ཏེ། (བོན་གྱི་གནའ་བོའི་ཞང་བོད་ཚིག་མཛོད་)དང་(ག་རྒྱའི་བརྡ་སྤྲོད་གཞུང)་གཉིས་མཚུང་པར། ཀན་ནི་ཞང་སྐད་དཀྱིལ་མཛུབ་ཅེས་གསལ་བ་དང། ཚོན་ཆག་གཉིས་ཀྱང་བོན་གཞུང་གཞན་ལས་བཙལ་ཆོག་པ་ཞིག་ཡིན་ན། ལུང་དེ་ཙམ་གྱིས་གོ་མི་ཆོག་པ་མེད་ལ་རིགས་པ་ནི་རང་འགྲུབ་ལས་བཙལ་དགོས་དོན་མེད་མོད། དེ་ལྟར་ཚོན་ཀན་ཆག་གསུམ་གྱི་སྐོར་ལ་རྒྱ་ནག་གི་སྨན་གཞུང་ངམ་མཁས་པ་མང་པོ་ཞིག་གི་འདོད་ཚུལ་ལ་དཔྱད་པ་གནང་བས་མ་ཚད། མཐར་ཐུག་གི་འདོད་པ་ཚོན་ཀན་ཆག་གསུམ་ནི་ནད་པའི་མཁྲིག་མའི་རུས་འབུར་ལ་གཞི་བྱས་ཏེ་ཡས་མན་གྱི་གནས་ལ་ཟེར་བ་ལས་གནས་ཅན་སྨན་པའི་མཛུབ་གུང་སྲིན་གསུམ་གྱི་མིང་མིན་པ་ཧ་ཅང་གསལ། ཞེས་སྡོམ་ཚིག་གནང་ཡོད། དེ་ལྟར་ཁོང་གི་དཔྱད་པ་གནང་ས་མི་རིགས་གཞན་གྱི་སྐད་ཡིག་ཐོག་ནས་ཞིབ་ཆའི་གནས་ཚུལ་མང་པོ་ལ་བརྟགས་ཡོད་པས། དེ་ནི་རང་རིགས་ཀྱི་སྐྱེ་བོ་ཞིག་གིས་གཟིགས་རྒྱ་ལ་སྤོབས་པ་སྐྱེ་འོས་པ་ཞིག་དང། དངོས་གནས་རྗེས་སུ་ཡིད་རང་ཞུ་བའི་གནས་ཤིག་ལས་གང་ཡང་མིན། འོན་ཀྱང་ངེད་བོད་པའི་སྨན་གཞུང་ཁག་གི་འདོད་པ་ལྟར་གྱི་ཚོན་ཀན་ཆག་གསུམ་སྨན་པའི་སོར་མོ་གསུམ་ལ་ངོས་བཟུང་ཚུལ་སོགས་ཀྱི་འདོད་བློ་འགེངས་མ་ཐུབ་པ་ནི་མཐར་ཐུག་གི་འདོད་པ་གོང་དེ་ལགས།

ཡང་ཁོང་གིས་འབུམ་རྒྱུད་གཉིས་ཀྱི་མཚོན་རྨ་གསོ་བའི་སྐབས། དཔུང་པ་པུས་མོ་སྟེང་དུ་འཆོར་མི་སྲིད། ཅེས་པའི་ཚིག་ཤད་དེ་ཉིད། ཏ་ཟིག་གསོ་རིག་གི་གཞུང་ཨ་ཝེ་སེན་ནཱིའི་གསོ་རིག་བསྟན་བཅོས་ཞེས་པ་དུས་རབས་དགུ་པའི་ནང་བྱུང་བ་དེ་རུའང་གཅིག་མཚུངས་སུ་འཁོད་ཡོད་ན། ཏ་ཟིག་གི་གསོ་རིག་གཞུང་དུ་གསལ་བའི་ཚིགས་ཀྱི་གཞུག་ཐབས་དང་རུས་ཆག་གི་གནས་ལུགས་དེ་ཡང་བོན་གྱི་འབུམ་བཞི་ཡིན་པར་ཁས་ལེན་མི་དགོས་སམ། ཞེས་དང། དེ་ཙམ་མ་ཟད་དེང་གི་ཏ་ཟིག་གསོ་རིག་གི་ལོ་རྒྱུས་མཁན་པོ་རྣམས་ཀྱིས། གཞུང་དེ་ཉིད་ག་ལེ་ནོས་གསོ་རིག་གི་ལྟ་བ་རྒྱུད་འཛིན་བྱས་ཡོད་པ་རླུང་ལྟར་གྲགས་བཞིན་ཡོད་ཚུལ་བཤད་ནས་རིགས་པ་རིང་བསྐོར་ཞིག་གནང་ཡོད། དེ་ལྟར་ཁོང་གིས་ངོས་འཛིན་བྱས་པའི་ཏ་ཟིག་ཅེས་པའི་ལུང་པ་དེ་ཉིད་སྔར་གཤེན་རབ་ཀྱིས་སྨན་གཞུང་གསུངས་བའི་གནས་རྟག་གཟིགས་འོལ་མོ་ལུང་རིང་ཞེས་པ་དེ་དངོས་ཡིན་མིན་ཆ་མ་འཚལ་ཀྱང། ཡིན་པའི་དབང་དུ་བཏང་སྟེ་བཤད་ནའང།  གཞུང་དེ་དང་འབུམ་བཞི་གཉིས་དབར་དུས་རབས་ཀྱི་སྔ་ཕྱི་དང། ཐོག་མར་འབུམ་བཞི་གསུངས་ས་དང་འཕེལ་རྒྱས་འགྲོ་སའི་གནས་དངོས་ཡིན་སྟབས། འབུམ་བཞི་ལས་བྱུང་བར་ཁས་ལེན་མི་ནུས་པའི་རྒྱུ་མཚན་མེད་པ་དང། ད་དུང་གཞུང་དེ་ཉིད་ག་ལེ་ནོས་གཞུང་གི་ལྟ་བ་རྒྱུད་འཛིན་ཡིན་པ་ཁས་བླངས་རུང། འབྱུང་ཁུངས་སམ་འཕེལ་རྒྱས་འགྲོ་སའི་གནས་གཅིག་ཏུ་གྱུར་བས་ཆ་ནས་ཚིག་ཤད་རེ་གཉིས་ཕན་ཚུན་མི་འཛུལ་བས་ངེས་པ་མེད་པ་ནི་སྔར་སོང་གི་འདོད་པ་ལྟར་རོ།

ཡང་ཁོང་གི་འབུམ་བཞིའི་འབྱུང་ཁུངས་དངོས་བརྗོད་སྐབས། འབུམ་བཞི་དང་རྒྱུད་བཞི་གང་ཡིན་ཡང་མཛད་པ་པོ་དངོས་སུ་འགྲེལ་བརྗོད་གསལ་པོ་ཅི་ཡང་མེད་ལ། མི་སྔར་བར་གཅིག་མཐུན་གྱི་མཛད་བྱང་ཅན་ཞིག་ཁོ་བོས་མཐོང་མྱོང་མེད་པ་དང། ཞེས་འབུམ་རྒྱུད་གཉིས་ལ་མཛད་པ་པོ་དང་མཛད་བྱང་གསལ་པོ་མེད་པ་གཅིག་མཚུངས་ཡིན་པ་བཤད་ཡོད། དེ་ནི་དངོས་གནས་དྲང་གནས་གསལ་བཤད་བྱེད་འདོད་མེད་པ་ཞིག་བྱ་དགོས་བྱུང་སོང། གང་ལ་ཞེ་ན། བརྒྱུད་བཞིའི་ལེའུ་རེ་རེའི་དབུ་རུ་མཛད་པོའི་མཚན་བྱང་བཅོམ་ལྡན་འདས་ཡིན་པ་གསལ་ཐག་ཆོད་རེ་འཁོད་ཡོད་ཀྱང། དངོས་དོན་གྱི་མཛད་པ་པོ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཡིན་པ་ཡོངས་གྲགས་ལགས་ན། དེ་ལྟ་བུ་སྟོན་པའི་མཚན་གཡར་ནས་རྩོམ་རིགས་བསྡུ་སྒྲིག་གནང་མཁན་ཞིག་ཡིན་ན། དེང་དུས་ཀྱི་སྤྱི་ཚོགས་ལ་ལྟོས་ཏེ་ཁྲིམས་ལུགས་ཀྱི་ལམ་ནས་ཀྱང་དཀའ་ངལ་མི་འཕྲད་པའི་ངེས་པ་མེད་པའི་གནས་སུ་ལྷུང་ན། དེའི་སྐོར་འགྲེལ་བ་ཞུ་འདོད་མེད་པ་ཞིག་ཡིན།  འོན་ཀྱང་མཛད་པོ་གཡུ་ཐོག་པའམ་བཻ་རོ་སོགས་གང་ཡིན་ཀྱང་དེ་ཉིད་ལ་ཐུགས་ཁག་མེད་པ་ཞིག་སྟེ།   འབུམ་བཞིའི་འཆད་ཚུལ་ལྟར་མཛད་དགོས་ན་གོང་དུ་ཞུས་ཟིན་པ་བཞིན། དུས་གསུམ་སྟོན་པ་ཞིག་གི་བོན་འཆད་ཚུལ་ལྟར་བྱ་དགོས་པས། དེ་ལ་བཀའ་བསྡུ་བ་པོ་དང་བོན་འཆད་པ་པོ་གཉིས་ཟུང་འབྲེལ་མ་བཟོ་རང་བཟོས་ཡིན་པས་རྒྱུད་བཞི་ཀྱང་དེ་བཞིན་ཡིན་མོད། འོན་ཀྱང་འབུམ་བཞིའི་མཛད་པོ་ནི་གཞུང་ཁོ་རང་ལེའུ་རེ་རེའི་དབུ་ཁྱུད་གང་བྱུང་བ་དེ་ལས་གཞན་པའི་འདི་འབུམ་བཞིའི་མཛད་པོ་ཡིན་ད། ཞེས་འགྲེལ་བརྗོད་བྱས་པའི་གླེགས་བམ་མང་པོ་ཞིག་ལོགས་སུ་མེད་པ་ནི་དོན་དངོས་ཡིན། གཉིས་པའི་ཆ་ནས་མཛད་བྱང་ཐད་ནས་ཁོང་གིས་གོང་དུ་གསུངས་ཟིན་པ་ལྟར། འབུམ་བཞི་རང་ལ་མཚན་བྱང་གཞན་ཞིག་མེད་པའི་དོན་ཡིན་ན། དེ་ནི་གསལ་བཤད་གོང་དུ་སོང་ཟིན་ལྟར་ལས་ལོགས་སུ་མེད།

ཡང་ཁོང་གིས་རིགས་ལམ་དེར་བརྒྱུད་དེ་གཏེར་གནས་མི་འདྲ་བ་ལ་ལྟོས་ཏེ། སྤ་གྲོ་སྟག་ཚལ་དང། བསམ་ཡས། གཙང་སྟོད་སོགས་ནས་གཏེར་བཏོན་སྐབས་སྨན་དཔེ་མཚན་མི་མཚུངས་པ། གསོ་རིག་སྨན་རྒྱུད་འབུམ་བཞི་ཞེས་པ་དང། གསོ་རིག་སྔོ་ཤིང་ལྡུམ་བཅོས། གཞན་ཡང་སྨན་གྱི་རྒྱུད་བཞིའམ་འབུམ་བཞི་ཆ་ལག་དང་བཅས་པ་ཡན་ལག་བརྒྱད་པ་བདུད་རྩི་སྨན་གྱི་རྒྱུད་དགུ་ཡོད་པའི་ནང་ནས། རྩ་འབུམ། སྨན་འབུམ། ནད་འབུམ། དཔྱད་འབུམ་སྨན་རི་ན་ཡོད་ཅེས་པའི་ལོ་རྒྱུས་ལས་ལུང་དྲངས་ནས། སྨན་གྱི་རྒྱུད་བཞིའམ་འབུམ་བཞི་ཞེས་པའི་ཚིག་གི་འབྲུ་བསྣན་པ་འདི་ལས་འབུམ་བཞི་རྒྱུད་བཞི་ལས་བསྒྱུར་ཚུལ་ཞིག་ཚིག་འབྲུའི་དངོས་ཤུགས་གང་རིགས་ལས་མཐོང་ཐུབ་པར་སྙམ་པ་དང། ཞེས་ཕྱིས་འབྱུང་མཁས་པ་རྐམ་གཡུང་དྲུང་ཉི་ཝེར་གྱིས་འབུམ་བཞིའི་གཏེར་གནས་ངོས་འཛིན་གནང་སྐབས། འབུམ་རྒྱུད་གཉིས་ངོ་བོ་དབྱེར་མེད་དུ་བཏགས་པའི་མིང་ཚིག་གི་འགྲོས་ལ་ལྟོས་ཏེ། འབུམ་བཞི་རྒྱུད་བཞི་ལས་བསྒྱུར་བའི་རྣམ་པ་དངོས་ཤུགས་གང་རུང་སྒོ་ནས་མཐོང་ཐུབ་ས་རེད་སྙམ་པའི་བསམ་ཚུལ་ཞིག་སྐྱེས་ཡོད་པ་རེད། དེ་ནི་བསམ་ཆོག་པ་ཞིག་ཡིན་ཏེ། བློ་རྟོག་པའི་ངོ་བོ་རུ་མགོ་བོ་ས་ལ་འཛུགས་ཤིང་རྐང་པ་གཉིས་གནམ་དུ་བསྟན་ནས་འགྲོ་བ་ཡང་དྲན་སྲིད་ན། དེ་ལ་ཡིན་མིན་གྱི་གསལ་བཤད་གང་ཡང་མེད་ནའང། སྤྱིའི་ཆ་ནས་བཤད་ན། སྐབས་བབས་རྩོམ་པོ་ཁོང་གི་འདོད་པ་ལྟར་ཤུགས་ལ་རྒྱུད་བཞི་འབུམ་བཞི་ལས་བསྒྱུར་བའམ་འབུམ་བཞི་རྒྱུད་བཞི་ལས་བསྒྱུར་བ་གང་རུང་ཞིག་གོ་རྒྱུ་ཡོད་པ་འདྲ། དེ་བཞིན་རྐམ་དྲུང་མུ་ཉི་ཝེར་གྱིས་མཛད་པའི་རྒྱུད་ཉི་མའི་དབང་པོའི་གཞུང་དུ། སྨན་རྩ་ཕལ་ཆེ་བ་འབུམ་རྒྱུད་གཉིས་དགོངས་པ་གཅིག་བསྒྱུར་ཁོ་ནར་བསྒྲུབས་ཡོད་ན། ཁོང་གི་དགོངས་དོན་ལ་རྒྱུད་བཞི་ནི་འབུམ་བཞིའི་ངོ་བོ་ལས་ལོགས་སུ་བརྒལ་དུ་མེད་པ་ཞིག་འདོད་ཀྱི་མེད་ན་སྙམ། རིགས་པ་དེ་དང་འདྲ་བ་གོང་དུ་དྲངས་པའི་ལུང་ལས། རྩ་འབུམ་ཞེས་རྩ་རྒྱུད་དང་འབུམ་སྡེ་གཅིག་ཏུ་སྦྲེལ་ཏེ་བཤད་པ་ལྟར་རོ། སྤྱིར་བཏང་འབུམ་བཞི་དེ་ཉིད་འབུམ་དང་རྒྱུད་གང་བཏགས་ཀྱང་མི་འགྲིག་པ་མེད་དེ། སྟོན་པའི་བཀའ་ཐམས་ཅད་མདོ་འབུམ་རྒྱུད་མཛོད་བཞི་རུ་བསྡུས་སྐབས་རྒྱུད་སྡེ་ཡིན་ལ། དེ་ཡང་རྒྱུད་སྡེ་གཉིས་པའི་ནང་ཚན་གྱི་འབུམ་སྡེ་གསུམ་པ་ཡིན་པའི་འབུམ་ཞེས་ནང་གསེས་ཀྱི་ཆ་ནས་བཏགས་པ་ཡིན། གལ་སྲིད་རྒྱུད་བཞི་དེ་ཉིད་འབུམ་བཞི་ལས་བསྒྱུར་བའི་དབང་དུ་བཏང་ན། བསྒྱུར་བ་པོ་དེ་ཉིད་གཤེན་རབ་ཀྱི་བཀའ་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ལོ་ཆེན་བཻ་རོ་ལྟ་བུ་ཞིག་ཡོད་བཟོ་སྟེ། རྒྱུད་བཞི་ཞེས་པའི་མཚན་དང་ནང་གསེས་རྩ་བའི་རྒྱུད་ཅེས་པ་ཐ་དག་གཤེན་རབ་མི་བོའི་བཀའ་ཡི་འགྲོས་ལས་ལོགས་སུ་མེད། མ་ཚད་རྒྱུད་བཞི་སྨན་ལྷ་བེཌཱུརྱའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྒོ་ནས་གསུངས་པའི་འདོད་པ་ཞིག་ཡོད་མོད། དེ་ཡང་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དགོངས་དོན་དང་ཆ་མཚུངས་ཤིག་སྟེ། དེ་ཉིད་ལས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔ་དེ་ཉིད་སྨན་ལྷ་བེཌཱུརྱའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དཀྱིལ་འཁོར་ལས་བྱུང་ཚུལ་གསུངས་ཡོད། འོན་ཀྱང་རྒྱུད་བཞི་ལ་རྒྱུད་སྡེ་གཅིག་མ་ཚང་ཡང་རྟགས་རྟེན་གྱི་འབྲེལ་ཚུལ་ལ་འགལ་འཛོལ་གང་ཡང་མེད་པར་སེམས། གསུང་པ་པོ་ཐུགས་སྐུ་ཡོན་ཏན་འཕྲིན་ལས་སྤྲུལ་པ་བཞིས་གསུངས་པ་དང། ཞུ་བ་པོ་གསུང་སྤྲུལ་དྲང་སྲོང་ཡིད་ལས་སྐྱེས་བསྣན་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཏག་ཏག་ཚང་གི་ཡོད་མོད།

ཡང་ཁོང་གིས་གོང་དུ་རྒྱུད་ཡོངས་གཏད་ལེའུ་རུ་བསྡུས་ཟིན་པའི་ཐུགས་འབུམ་འདབ་ཀྱི་ལོ་རྒྱུས། ཐོག་མར་སྟོན་པ་ནས་རིམ་པས་དཔྱད་བུ་དང། སྟག་གཟིག་དང། ཁྲོམ། ཞང་ཞུང་སོགས་ས་གནས་མི་འདྲ་བ་ཁག་གི་མཁས་པ་རྣམས་ཀྱིས། རིམ་པས་སོ་སོའི་ཡུལ་ལུང་དུ་ཁྱབ་སྤེལ་མཛད་ཚུལ་དང། དེ་རྗེས་དུས་འགྱུར་སྐབས་གཏེར་སྦས་ཚུལ་དང། བཏོན་ཚུལ་རྣམས་ཡོངས་སུ་བཤུས་པ་དང། དཔྱད་འབུམ་གྱི་འདབ་ལས། གསོ་བྱེད་དཔྱད་འབུམ་ཁྲ་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་རྫོགས་སོ། ཞེས་པའི་ཚིག་ཤད་དེ་ནི། དུས་རབས་བརྒྱད་པ་ཡས་མན་རྒྱ་གར་ནས་བྱུང་བའི་ཡན་ལག་བརྒྱད་པ་ཞེས་པའི་གཞུང་དེ་ཉིད་ལ་ངོས་བཟུང་བྱས་པ་ཡིན་ཚུལ་བཤད་ཡོད། སྤྱིའི་ཆ་ནས་བཤད་ཚུལ་དེ་ཉིད་གྲུབ་མཐའི་གཟིགས་ཕྱོགས་ཙམ་ལས། སྨན་རྒྱུད་ཕལ་ཆེ་བ་ལ་བདུད་རྩི་དང་དེ་དག་གི་གཞུང་འགའ་ཞིག་སྙིང་པོ་ཞེས་ཐ་སྙད་འདོགས་སྲོལ་ཡོད་ན། གཞུང་བྱེ་བྲག་པ་ཞིག་ཡིན་དགོས་པའི་ངེས་པ་མེད་པ་གོང་དུ་ཞུས་ཟིན་ལ། ཡན་ལག་བརྒྱད་པ་ཞེས་པ་འབུམ་བཞིའི་ལེའུ་མང་པོར་སྦྱར་ཡོད་ལ། དེ་སྦྱར་དོན་ནི་འབུམ་བཞིའི་གཞུང་དོན་ཡོངས་རྫོགས་ཡན་ལག་བརྒྱད་དུ་འདུས་དགོས་པའི་ཆ་ནས་ཡིན་པ་དང། མ་ཚད་འབུམ་བཞིའི་གཞུང་དོན་རྣམས་ཡན་ལག་བརྒྱད་དུ་འདུས་པའི་སྒོ་ནས་འཆད་ཚུལ་དེ་ཉིད་གལ་ཆེན་ནང་གི་དོན་ཆེན་ཞིག་རྩི་ཡི་ཡོད་པ་ནི། གསོ་རིག་འབུམ་བཞིའི་གཞུང་ལུགས་ལ་ཐོས་བསམ་ཕྲན་ཚེགས་ཡོད་མཁན་ཀུན་གྱིས་མཁྱེན་གསལ་ལྟར་རེད།

ཡང་ཁོང་གིས་སྨན་འབུམ་དང་ནད་འབུམ་གཉིས་ཀའི་མཇུག་ལས་འབུམ་བཞི་དེ་ཉིད། རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ནས་བཏོན་རབས་གསུངས་པའི་ལུང་དང། རྒྱུད་བཞི་བསམ་ཡས་ཀ་བ་བུམ་པ་ཅན་ནས་གཏེར་བཞེས་ཚུལ་གྱི་ལུང་གཉིས་ལ་དཔྱད་ནས། གཞུང་གཉིས་ཀའི་འབྱུང་ཁུངས་ཀྱི་ལོ་རྒྱུས་ཐད་ལའང་འདི་འདྲ་བའི་འདྲ་མཚུངས་ཀྱི་ཁྱད་ཆོས་ཞིག་འོང་དགོས་པའི་རྒྱུ་མཚན་ཅི། ཞེས་སོ་སོ་ལ་ཚ་འདྲི་གནང་བའི་བཟོ་འདྲ་ཞིག་མཛད་ཡོད། དེ་ནི་ཁ་དང་མིག་གཉིས་ཀ་མདུན་ངོ་ཁོ་ནར་བྱུང་བའི་རྒྱུ་མཚན་ཅི་སྙམ་པའི་བསམ་ཚུལ་ལྟ་བུ། ཞལ་ནས་གང་ཐོན་གསུངས་པ་ལས། དགོས་གནད་གང་ཡང་མེད་དེ། འབུམ་བཞིའི་གཏེར་གནས་ལ་ངེས་པ་མེད་པ་ཁོང་གིས་གསུངས་ཟིན་མ་ཐག་ཡིན་པས་སོ།

ཡང་ཁོང་གིས་ཁྱུང་སྤྲུལ་རིན་པོ་ཆེའི་སྨན་སྦྱོར་སྟོང་རྩའི་ཕན་བདེའི་དགའ་སྟོན་གྱི་གླེང་གཞི་ལས་བརྒྱུད་དེ། འདི་ལྟར། རྒྱ་གར་གྱི་གསོ་བ་རིག་པའི་བསྟན་བཅོས་ཡན་ལག་བརྒྱད་པ་དང། ཙ་ར་ཀ་སྡེ་བརྒྱད་དང། རྒྱ་ནག་གི་མེ་བཙའ། མེ་ཆུ་གོ་ལྡོག་མཁས་མང་མཛད་པའི་སོ་མ་རཱ་ཛ་དང། སློབ་དཔོན་མདྨས་མཛད་པའི་བདུད་རྩི་བུམ་པ་དང། དེ་བཞིན་དུ་བདུད་རྩི་སྙིང་པོ། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག རིན་ཆེན་སྤུངས་པ་སོགས་གསོ་བ་རིག་པའི་བསྟན་བཅོས་ཡོད་ཚད་གཤེན་རབ་མཆོག་ནས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་ཚུལ་བོན་གྱི་བདལ་འབུམ་ལས་གསུངས་ཡོད་པའི་ཕྱིར་ན། འདི་དག་ནི་བོན་པོ་བློ་གྲོས་ཅན་རྣམས་གྱིས་སོར་རྩེ་ལས་ཐོན་པའི་མི་ཆོས་བླ་མའི་རྫུན་གཏམ་འབའ་ཞིག་ཡིན་པ་མངོན་སུམ་དུ་ཤེས་ནུས་པས་ན། འབུམ་བཞི་རྒྱུད་བཞི་རུ་བསྒྱུར་ཚུལ་གྱི་བཤད་སྲོལ་དེ་ལའང་དཔྱད་ཞིབ་ནན་ཏན་དུ་བྱེད་དགོས་ངེས་སུ་མཆིས་ཤིང། ཞེས་༸གཤེན་རབ་མི་བོའི་བཀའ་རུ་གཏོགས་པའི་བོན་ཉིད་སྙིང་པོ་བདལ་བའི་འབུམ་དུ། གོང་གི་རྒྱ་གར་སྨན་གཞུང་དག་གཤེན་རབ་ཀྱི་གསུང་ཡིན་ཁུལ་བྱས་པའི་རྫུན་ཁུངས་ཡོངས་སུ་བརྟོལ་ཟིན་པའི་ཉམས་ཤིག་བསྟན་འདུག་མོད། དེ་ནི་རྩོམ་པ་པོ་གཅིག་པུས་འགལ་འཛོལ་སྨྲས་བ་ཞིག་མ་ཡིན་ཏེ། ཁྱུང་སྤྲུལ་རིན་པོ་ཆེའི་སྨན་གཞུང་ལས་ཀྱང་གོང་གི་སྨན་མདོ་རྣམས། སྨན་གཞུང་རེ་ཡིན་པའི་ཚུལ་དུ་བདལ་འབུམ་ལས་ལུང་འདྲེན་གནང་ཡོད། འོན་ཀྱང་བདལ་འབུམ་དུ་གསལ་བ་ལྟར་ན། གོང་དག་ལས་མིང་ཉེ་བ་རེ་གཉིས་ཙམ་ལས་དེ་དག་གི་མཚན་བྱང་དངོས་སུ་གསལ་བ་གཅིག་ཀྱང་མི་སྣང་བས། ཁོང་གི་བདེན་པའི་དཔང་རྟགས་རི་བོ་ཙམ་དེ་འཁྲུལ་སྣང་གི་ངོ་བོར་འགྱུར་རྒྱུ་ལས་མ་འདས། དེ་ལྟར་བོན་ཉིད་སྙིང་པོ་བདལ་བའི་འབུམ་ལས་ཇི་ལྟར་གསུངས་ཞེ་ན།

བདལ་འབུམ་པོད་དྲུག་པ་ཆ་ཡི་དུམ་བུ་ཤོག་གྲངས་༡༧༢ནས་༡༧༦བར་གསལ་བ་འདི་ལྟར། གསོལ་པ་སྤྱན་གྱིས་(དཔྱད་ཀྱི་)འབུམ་ནི་ཅི་ལྟར་བ། གཤེན་རབ་ཀྱིས་བཀའ་བསྩལ་པ། ཡན་ལག་བརྒྱད་པ་སྨན་གྱི་མདོ་དང། བ་སུ་ཏ་ར་སྨན་གྱི་མདོ་དང། ལི་བྱིན་ཆེན་པོ་སྨན་གྱི་མདོ་དང། དྲང་སྲོང་ཙ་ར་ཀ་འབུམ་སྡེ་སྨན་གྱི་མདོ་དང། རི་དྭགས་ཀྱི་རྒྱལ་པོ་ཤ་ར་ཀྲང་སྨན་གྱི་མདོ་དང། བསྡུས་སྦྱོར་ཆེན་པོ་སྨན་གྱི་མདོ་དང། བདུད་རྩི་ལི་ཁྲི་སྨན་གྱི་མདོ་དང། རྩ་སྐྱེད་འགྲེལ་བ་ཆེ་ཆུང་སྨན་གྱི་མདོ་དང། ཁོང་བསྐྱེད་རིང་མོ་སྨན་གྱི་མདོ་དང། མཚན་ཉིད་ལྔ་པ་སྨན་གྱི་མདོ་དང། གྲམ་པ་ཏི་སྨན་གྱི་མདོ་དང། ཡན་ལག་བདུན་པ་སྨན་གྱི་མདོ་དང། དཔྱད་བུའི་མཆོང་ཆེ་ཆུང་སྨན་གྱི་མདོ་དང། ཡིད་ཀྱི་འུ་(ཁྱེའུ)་ཆུང་སྲིད་པ་ཡིད་ཆུང་གི་མདོ་དང། གཏོ་བུ་འབུམ་སྲས་ཀྱིས་ཞུས་ལེན་དང། གཤེན་ལྷ་འོད་དཀར་གྱི་ཐུགས་རྗེས་དཀར་དམར་དང། ཤིང་གི་རྒྱལ་པོ་རྩན་འདས་(ཙན་དན)་གྱི་མདོ་དང། མེའི་རྒྱལ་པོ་གཡོ་བྱེད་ཀྱི་མདོ་དང། རྩིའི་རྒྱལ་པོ་མ་དུ་རའི་མདོ་དང། སྡེའི་རྒྱལ་པོ་གཅིག་ཐུབ་ཀྱི་མདོ་དང། ལྕགས་ཀྱི་རྒྱལ་པོ་ཕོ་ཟེ་སྨྱུ་གུའི་མདོ་དང། སྟག་པ་ཁུ་ག་འབྱིན་པའི་མདོ་དང། ཨ་ལག་རྣམ་གསུམ་སྦྱོར་བའི་མདོ། ག་ག་ཧོས་གྱི་གཏིལ་ཐབས་ཀྱི་མདོ་དང། རྒྱ་ནག་སྲེགས་བཅོས་ཀྱི་མདོ་དང། སྔོ་སྦྱོར་རབ་འབྲིང་ཐ་མ་གསུམ་གྱི་མདོ་དང། མཆོད་ལུམ་(ལུམས)་ཐུམ་(ཐུན)་ཆེན་གྱི་མདོ་དང། ལྷ་བ་ཚག་(ཆག)་འཇུག་གི་མདོ་དང། གྱི་ཐང་(སྐྱི་མདངས་)རྒྱལ་པོའི་མདོ། རེ་ནག་འོད་ཆེན་པོའི་མདོ་དང། རྨ་འོད་གཉིས་ཀྱི་སྦྱོར་བའམ། གླད་(ཀླད)་པ་འཛག་གཅོད་ཀྱི་མདོདང། གླད་(ཀླད)་པ་རུལ་གཅོད་ཀྱི་མདོ་དང། གླད་(ཀླད)་པ་སིལ་མུ་བསྐྱེད་པའི་མདོ་དང། ངོ་བ་འཕར་འགྲང་(གྲངས་)ཡོལ་བའི་མདོ་དང། ཟུག་པ་ལོག་པ་འབྱམས་པའི་མདོ་དང། ལྕགས་སྦྱོར་གཏེར་གྱི་ཐེལ་ཆུང་ཅན་གྱི་མདོ་དང། ལྕགས་སྦྱོར་མཚོན་ཆེ་ཆུང་གི་མདོ་དང། ལྕང་ལོ་སྔོན་གྱི་མདོ་དང། འཕྲུལ་གྱི་མེ་ལོང་གི་མདོ་དང། བྱང་ཁོག་སྙིང་ཆུང་གི་མདོ་དང། དཀར་ཤན་དམར་ཤན་གྱི་མདོ་དང། ཅི་(ཙི)་ཏ་བསྡུ་འཕེན་གྱི་མདོ་དང། བུམ་ཁུག་རིང་མོ་ཡན་ལག་གི་མདོ་དང། སྣང་ཀྱི་(གི་)ཉི་ཟེར་ཟླ་ཟེར་གྱི་མདོ་དང། རྨ་ལ་ལྔའི་མདོ་དང། བཞིའི་མདོ་དང། གཉིས་པའི་མདོ་དང། གོས་ཟ་བ་ཟས་ཀྱི་མདོ་དང། དྲན་པ་རྩིའི་མདོ་དང། གཏར་བ་བསྲེགས་ཆུའི་མདོ་དང། ཕྱོགས་རིས་བ་རྟེན་འབྲེལ་གྱི་མདོ་དང། ན་ཚ་གྲངས་འབྱེད་པའི་མདོ་དང། དཔྱད་གཏར་སྲེག་བྱེད་པའི་མདོ་དང། སྨན་ཞི་སྦྱངས་དཔྱད་འབྱེད་པའི་མདོ་དང། ལག་ཆ་བཞི་བཅུ་རྩ་ཚད་ཀྱི་མདོ་དང། སྨན་ཕྱེ་མ་སྦྱར་ཐབས་ཀྱི་མདོ་དང། སྨན་རི་ལུ་སྦྱར་ཐབས་ཀྱི་མདོ་དང། སྨན་ཁུ་བ་སྦྱར་ཐབས་ཀྱི་མདོ་དང། སྨན་འདུ་(ལྡེ)་གུ་ཆ་སྦྱར་ཐབས་ཀྱི་མདོ་དང། སྨན་ལུ་བ་དར་དུག་དང། བྱུག་པ་རབ་ཏུ་སྟོན་པའི་མདོ། བདུད་རྩི་རོ་སྦྱོར་གྱི་མདོ་དང། རིན་ཆེན་དབྱིག་གི་མདོ་དང། རིག་པ་རྩིའི་(རྩའི)་མདོ་དང། བདག་གསེར་གྱིས་མདོ་དང། མེ་ལོང་འཕྲུལ་གྱི་མདོ་དང། ལུང་རིག་པའི་མདོ་དང། ཁ་དོག་དམར་རྩིའི་མདོ་དང། ཤེས་རབ་སྤུན་པོ་རྒྱུད་ཀྱི་མདོ་དང། མུན་པའི་སྦྱིན་གཡོགས་ཆུའི་མདོ་དང། ཆུ་རླུང་སྦྱར་ལམ་གྱིས་མདོ་དང། ར་ཙ་བདེ་སྐོར་གྱི་མདོ་དང། ཡིག་ཆེན་མེའི་མདོ་དང། ཇ་ལོག་དྲུག་མོའི་མདོ་དང། མཚོན་ཆེ་ཆུང་ལྟ་ཁའི་མདོ་དང། གཅོད་དབུགས་འགྱེས་པའི་གཅེས་བསྡུད་ཀྱི་མདོ་དང། གཏེར་ཁའི་འབུ་ཤག་ཆེ་ཆུང་གི་མདོ་དང། མཚོན་དོལ་ཆེ་ཆུང་འབྲས་ཀྱི་མདོ་དང། ཞིང་དང་རབ་པ་འབྲས་ཀྱི་མདོ་དང། འབྱུང་བའི་སྐྱེ་འགྲིབ་རྩིའི་མདོ་དང། དབང་པོ་ངོ་སྟོན་རྩིའི་མདོ་དང། རླུང་ལ་ཐར་འདེབས་རྩིའི་མདོ་དང། ཁ་རུལ་ཐེག་པ་བྱང་ཁོག་གི་མདོ་དང། སྒྱོགས་སྨད་བཅུ་གསུམ་དབྱངས་ཀྱི་མདོ་དང། ཚིག་གི་འཁོར་ལོ་ཡན་ལག་གི་མདོ་དང། གནམ་སྐྱོག་འགོའི་མདོ་དང། ས་སྐྱོག་རྐང་པའི་མདོ་དང། སྐྱོག་ཚངས་མ་རང་སྐོར་ཕུས་མོའི་མདོ་དང། རྒྱ་ཁུག་རྒྱ་ཕུག་བྲང་གི་མདོ་དང། གུར་ཆེན་གུར་ཆུང་རྩ་མའི་མདོ་དང། རྨོག་ཕུག་ཆེ་ཆུང་འགོའི་མདོ་དང། རི་ཁྲོད་རྒྱལ་པོའི་མདོ་དང། གསོ་བྱེད་དྲུག་སེལ་གྱི་མདོ་དང། མདོ་དེ་དག་ལ་མཁས་ན། དེ་ལྟར་ན་གཟུགས་བདུད་རྩི་རྒྱ་མཚོའི་འོད་དང་འདྲའོ། གསུངས་པས། ལུང་དེ་དག་གི་ནང་དུ་འཁོད་པའི་མདོ་རྩ་རྣམས། སྨན་གཞུང་ཆེན་པོ་འགའ་མ་ཡིན་པར་མདོ་ཁོ་ནར་ལགས་ན། སྨན་གཞུང་འབུམ་རྒྱུད་གཉིས་ལའང་དེ་དག་ཐམས་ཅད་མ་ཚང་བ་ཅི་ཡང་མེད། སྤྱིའི་ཆ་ནས་རྩོམ་པོ་ཁོང་གི་དྭོགས་གཞི་སེལ་ཆེད་དུ་ལུང་ཆ་ཚང་འདིར་བཞག་པ་ཞིག་ཡིན་ལ། ཡང་ཁོང་གི་དྭོགས་གནད་ཅན་ལས་ཡན་ལག་བརྒྱད་པ་གསུངས་འདུག་ཟེར་ན། ཡན་ལག་བརྒྱད་དང་བདུན་གཉིས་ཀར་གསུངས་འདུག་ན། ཁོང་གི་དགོངས་དཀྱིལ་དུ་གནས་པའི་ཡན་ལག་བརྒྱད་པའི་གཞུང་ཆེན་དེ་ཡིན་མིན་སུས་ཀྱང་མཁྱེན་སླ་མོད། མ་ཚད་ཡན་ལག་བརྒྱད་ཀྱི་མདོ་གསུངས་པ་ལ་དགོས་གནད་ཆེན་པོ་ཡོད་དེ། འབུམ་བཞིའི་ཡན་ལག་བརྒྱད་པོ་ཡན་ལག་བརྒྱད་ཀྱི་མདོ་ཡིན་པས་སོ། ད་དུང་ཙ་ར་ཀ་ཞེས་པའི་མཚན་ཟུར་དེ་མི་འདུག་གམ། ཞེ་ན། སྤྱིའི་ཆ་ནས་མིང་ཕྱེད་ཀ་ཞིག་འཁུར་ནས་གཞུང་གི་ཕུགས་བསྐྱལ་མི་ཐུབ་པ་ནི་གོང་དུ་སོང་ཟིན་ལྟར་ཡིན་ནའང། འདིར་ཀློག་པ་པོ་རེ་འགའ་བོད་སྐད་མ་ཡིན་པའི་ཐ་སྙད་ལ་དྭོགས་གཞི་སྐྱེ་སྲིད་པས། དེ་དག་ལ་གསལ་འདེབས་ཙམ་ཞུས་ན། ཙ་ར་ཀ་ཞེས་པ་ནི་ཞང་ཞུང་གི་སྐད་སྟེ། གནའ་བོའི་ཞང་བོད་ཚིག་མཛོད་ལས། ཙ་ར་ཀ་ནི་སྨན་དཔྱད་བྱས་པའི་དོན། ཞེས་བཤད་པས། གོང་དུ་བདལ་འབུམ་ལས་གསུངས་པའི་(དྲང་སྲོང་ཙ་ར་ཀ་འབུམ་སྡེ་སྨན་གྱི་མདོ་དང)ཞེས་པ་ནི། སྔར་གྱི་སྨན་པ་དྲང་སྲོང་རྣམས་ཀྱི་སྨན་དཔྱད་ཀྱི་ལག་ལེན་ཤིན་ཏུ་མང་པོ་གནང་བའི་མདོ་རྩ་སྟེ། དཔེར་ན་འབུམ་གསུམ་པོའི་ནང་གི་ལག་ལེན་རྣམས་ལྟ་བུའོ།  མདོར་ན་ཁོང་གི་གསུངས་པའི་རྒྱ་གར་བའི་སྨན་གཞུང་དེ་དག་བདལ་འབུམ་ལ་སྦྱར་ཐབས་མེད་པ་ནི། དགོངས་དོན་གཤའ་མ་དེ་དག་ལ་ལྟོས་ཏེ་གཟིག་མཁན་ཐམས་ཅད་ཀྱིས་མཐོང་རྒྱུ་ཞིག་ལས། རྩོད་ནག་ཁ་སྦྱར་དགོས་དོན་ཅི་ཡང་མི་འདུག་མོད།  ད་དུང་མི་ཆོས་བླ་མའི་རྫུན་གཏམ་ལ་ཐུགས་བསམ་བཞེས་འདོད་ན་བཞེས་རན་ཡིན་པ་འདྲ།

དེ་རྗེས་ཁོང་གིས་འབུམ་བཞི་རྒྱུད་བཞི་རུ་བསྒྱུར་བའི་བཤད་སྲོལ་དེ་ལའང་དཔྱད་ཞིབ་ནན་ཏན་བྱེད་དགོས་ངེས་སུ་མཆིས། དེ་ཡང་གསལ་པོར་བཤད་ན་རྒྱུད་བཞི་ནས་འབུམ་བཞི་རུ་ཡང་འགྱུར་སྲིད་པས་རྒྱུད་བཞིའི་འབྱུང་ཁུངས་མཐའ་གཅིག་ཏུ་འབུམ་བཞི་ཡིན་དགོས་པའི་གཏན་ཚིགས་ཅི་ལ་དགོས། དེ་ནི་འབུམ་བཞི་དང་རྒྱུད་བཞིའི་བརྗོད་དོན་ཐད་ཞིབ་འཇུག་ལེགས་པོ་མ་བྱུང་བའམ་ཡང་ན་ཕྱོགས་རིས་གདོན་གྱིས་བླ་རྩ་སྤྲུགས་པའི་དུས་ཀྱི་འཆལ་པོ་འགས་གཡག་སྣ་ཁུ་ཚུར་གྱིས་འབིགས་འདོད་པའི་འུད་གཏམ་ལས་ཤེས་རིག་ཞིབ་འཇུག་ལ་མནོ་བསལ་རྩེ་གཅིག་ཏུ་གཞོལ་ཞིང་བློ་གཟུ་བོར་གནས་པའི་མཁས་པའི་སྤྱོད་ཚུལ་དུ་ཅི་ལ་འགྱུར། ཞེས། འབུམ་བཞི་ལས་རྒྱུད་བཞི་བསྒྱུར་ཚུལ་གྱི་བཤད་སྲོལ་ཆུ་རྒྱུན་ལྟ་བུ་དེ་ཉིད། དུས་དེ་ནས་བཟུང་གཙང་ཐག་བཅད་པའི་བཟོ་འདྲ་ཞིག་མཛད་པ་དང། ད་དུང་དེ་ལྟར་བཤད་མཁན་གྱི་མཁས་པ་དག་ལ་ཞིབ་འཇུག་གི་རིགས་པ་མེད་ཅིང། ཕྱོགས་རིས་གདོན་གྱིས་བླ་གནས་ཀྱི་རྩ་སྤྲུགས་ཚར་བའི་འཆལ་པོ་འགས་འུད་གཏམ་ཙམ་ལས། མནོ་བསམ་དང་གཟུ་བོར་གནས་མི་ཐུབ་པ་ཁོ་ནར་ངོས་འཛིན་གནང་ཁུལ་བྱས་པས། དེ་ནི་སོ་སོའི་ནང་རྟགས་ཙམ་ལས་འགྲིག་མིན་གྱི་གླེང་མོལ་གང་ཡང་མི་བྱ།

ཡང་ཁོང་གིས་དེ་ལྟར་རྒྱུད་བཞི་དང་འབུམ་བཞི་གང་ཡིན་ཡང་བཀའ་དང། བསྟན་བཅོས། གཏེར་མ་བཅས་རྩ་བའི་འདོད་ཚུལ་མི་འདྲ་བ་གསུམ་བྱུང་ཡོད་པ་དང། བོན་གྱི་ལོ་རྒྱུས་ཡིག་ཆ་དག་ཏུའང་སྐབས་རེར་སངས་རྒྱས་སྨན་ལྷའི་གསུངས་ཡིན་ཚུལ་དང། སྐབས་རེར་དཔྱད་བུ་ཁྲི་ཤེས་ཀྱི་གསུངས་ཡིན་ཚུལ་ལམ་ཡང་ན་འབུམ་བཞི་ནས་རྒྱུད་བཞི་རུ་འགྱུར་ཚུལ་སོགས་རང་སྣང་གང་ཤར་གྱི་དཔྱད་བརྗོད་དུ་མ་མཆིས་པ་དག་ནི་གཡོ་བ་མེད་པའི་དད་ཞེན་དང་གཞོམ་བཤིག་མེད་པའི་ལ་རྒྱའི་གྲིབ་འོག་ཏུ་ཚུད་ཡོད་ན་དེ་ལྟར་ལེགས་མོད་ཀྱི། གཞན་དཔྱད་གསུམ་དག་པའི་སྒྲུབ་བྱེད་དང་ཚད་མའི་ཁུངས་ལུང་གང་ཡང་མ་མཆིས་པ་དང། ལྷག་པར་དུ་བརྗོད་དོན་ཐད་ལ་འགལ་བ་དང་ཐེ་ཚོམ་ཇི་སྙེད་ཅིག་ཡོད་པ་རྣམས་གོང་དུ་དྭོགས་དཔྱོད་ཀྱི་གནད་ལས་འཕྲོས་ཏེ་གླེང་བརྗོད་ཅུང་ཟད་བྱས་ཚར་བའི་ན། ཞེས་འབུམ་རྒྱུད་གཉིས་བཀའ་དང། བརྟེན་བཅོས། གཏེར་མ་གསུམ་ཀའི་བཤད་སྲོལ་ཡོད་པ་གཅིག་མཚུངས་ཡིན་པ་ལྟ་བུ་བཤད་ཀྱང། འབུམ་བཞི་བརྟེན་བཅོས་ཡིན་པ་འདོད་མཁན་བོན་ཕྱོགས་ནས་ཤིན་ཏུ་ནས་དཀོན་པར་སེམས་ཏེ། བཀའ་ཁོ་ནར་ཡིན་པ་གཞུང་ཁོ་རང་གི་ངོ་གདོང་ལས་གསལ་བའི་ཕྱིར། འོན་ཀྱང་དཔྱད་བུས་གསུངས་ཚུལ་བཞེད་མཁན་ཡོད་ན། དེ་ནི་རྗེས་འཇུག་སྨན་པ་རྣམས་ལ་དངོས་སུ་བསྟན་པས་དོན་ཙམ་ལས། ཐོག་མར་གསུངས་མཁན་གཤེན་རབ་ཡིན་པ་གཞུང་ལས་ལྷག་ཅིག་མེད་ལ། མ་ཚད་སྟོན་པའི་བཀའ་ཐ་དག་འབུམ་བཞི་ལྟ་བུའི་ཞུ་བ་པོ་ཞིག་དང། གསུངས་པ་པོ། གསུངས་ཚུལ་རྣམས་གཅིག་མཚུངས་ཡིན་པ་ལས་འབུམ་བཞི་ལ་དྭོགས་པ་བྱ་བའི་གནས་གང་ཡང་མེད་པས་སོ། རྒྱུད་བཞི་ནི་ཁོང་གིས་གསུངས་པ་ལྟར་ལས་གསལ་འདེབས་ཞུ་རྒྱུ་གང་ཡང་མེད། ད་དུང་ཁོང་གིས་བཀའ་བསྐྱོན་ལྟ་བུའི་སྡིག་བཤད་གང་མང་བྱས་ཡོད་ཀྱང། དེ་ནི་རང་མོས་ལས་གཞན་ཅི།

ཡང་ཁོང་གིས་དོན་དུ་འབུམ་བཞི་འདི་ནི་བོན་པོ་བློ་གྲོས་ཅན་རྣམས་ཀྱིས་ཚིག་རྐང་རྣམས་ཁ་འཐོར་དུ་བཅོས། འབུམ་གོང་འོག་གི་གོ་རིམ་ངེས་གཏན་མེད་པར་འཆོལ། དབུ་ལ་བོན་གྱི་སྟོན་པ་དང་ཞང་བོད་ཤན་སྦྱར་གྱི་མཚན་བྱང་བཏགས། བར་སྐབས་དང་མཇུག་བྱང་རྣམས་བོན་པོའི་ལོ་རྒྱུས་ཉུང་ངུ་རྣམས་བཅུག ཡིད་ཆེས་དང་བདེན་དཔང་རྣམ་མ་འོང་ཆེད་ས་འོག་ཏུ་གཏེར་དུ་སྦས་པ་ལས་དོན་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་སྤོ་བཤུས་མཛད་ཡོད་པ་འབུམ་བཞིའི་ཚིག་དོན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཤེས་རིག་གི་འཕེལ་འགྱུར། སྤྱི་ཚོགས་འཕེལ་བའི་དུས་རིམ། ཁྱད་པར་གཞུང་གི་བརྗོད་དོན་ལས་ར་སྤྲོད་མི་འཕེར་བའི་རྒྱུ་མཚན་ཅི་ཡང་མེད་སྙམ། ཞེས་ཁོང་གི་མཐར་ཐུག་གི་དགོངས་ཚུལ་དངོས་དེ་ཕྱིར་བཏོན་གནང་བ་འདྲ། སྤྱིར་དགོངས་ཚུལ་ནི་ཅི་ཡང་དགོངས་ཆོག་པ་ཞིག་ཡིན་ཀྱང། དགོངས་ཚུལ་དེ་དག་ནི་ཆེས་ཉེན་ཚབས་ཆེ་བ་དང་བྱབ་ཆུང་དང་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ལས། གྲུབ་མཐའི་རྣམ་བཞག་དང་ཞིབ་འཇུག་གི་འབྲས་རྟགས་བཀོད་པའི་བཟོ་ཅི་ཡང་མེད། དཔེར་ན། ཚིག་ཁ་འཐོར་བཅོས་ཞེས་པ་དང། དང་པོ་དཔེ་གཞུང་དེ་ཉིད་གཞན་ལས་བཤུས། གཉིས་པ་ཡིད་ཆེས་དང་བདེན་དཔང་རྣལ་མ་འོང་ཆེད་མ་བཤུས་ཁུལ་གྱི་ས་འོག་ཏུ་སྦས། གསུམ་པ་གཏེར་ཡིན་ཁུལ་བྱས་ནས་ཡར་བཏོན་རབས་བཤད་སྟངས་ལ་ལྟས་ན། དངོས་གནས་བྱིས་པའི་བསམ་ཚུལ་ལས་ལྷག་པའི་ཁྱད་ཆོས་གང་ཡང་མེད་པའི་སྒོ་ནས། འུག་པའི་སྒྲུང་གཏམ་ཞིག་བརྩམས་པའི་བཟོ་འདྲ་རེད།  སྤྱིར་རྩོད་ལྡན་གྱི་དུས་འདིར་ཞིབ་འཇུག་གི་ལམ་ནས་གྲུབ་མཐའ་རྩོད་པའམ་འབྱུང་ཁུངས་ཡང་དག་ཡིན་མིན་ལ་རྩོད་པ་གནང་མཁན་མང་པོ་ཡོད་ངེས་ཡིན་ནའང། མི་ལོ་ཁྲི་སྟོང་འདས་པའི་ལོ་རྒྱུས་ལ་ཚོད་དཔག་ཁོ་ནའི་ལམ་ནས་སྒྲུང་གཏམ་འདི་ལྟར་བཟོ་ནུས་པས་མ་ཚད། ད་དུང་གཞུང་གི་བརྗོད་དོན་ལས་ར་སྤྲོད་མི་འཕེར་བའི་རྒྱུ་མཚན་མེད་པར་འདོད་མཁན། མཁས་དབང་ཁོང་ལས་གཞན་པའི་ཞིབ་འཇུག་པ་ཇི་ཙམ་ཡོད་དམ། ད་དུང་ཁོང་གི་སྣང་ཚུལ་ལྟར་ན། གནའ་སྔ་མོ་ནས་རིམ་པས་བརྒྱུད་དེ་རིས་མེད་བོད་མིའི་རུས་གསེང་ཐིམ་པའི་རིག་གཞུང་འདི་རྣམས། བར་སྐབས་ཞིག་རྒྱལ་ཁབ་གཞན་གྱི་རིག་གཞུང་ལ་ཁ་ཆུ་བྲུག་པའི་གང་ཟག་འགས། བཤུ་བསྒྱུར་བྱས་ཀྱང་བཤུ་བསྒྱུར་གྱི་བྱེད་རྗེས་བསུབ་ཆེད། མར་ས་འོག་སྦས་པ་དང་ཡར་གཏེར་ཡིན་ཁུལ་བྱས་པའི་རྩེད་ཆས་ལྟ་བུ་ཞིག་མཐོང་གི་ཡོད་ངེས་མོད། འོན་ཀྱང་དེ་ལྟ་བུའི་བྱེད་རྗེས་ཡོད་ན་དཔེ་ཆའི་མཇུག་བྱང་ལ་མ་བཀོད་ནའང་དེ་བསུབ་ཆེད་དཀའ་ངལ་དེ་འདྲ་རྒྱབ་དགོས་དོན་གང་ཡོད། ཡང་གཞུང་ལུགས་དེ་ཉིད་དད་མོས་མེད་བཞིན་དུ་བཤུ་བསྒྱུར་བྱས་པ་ཡིན་ན། དབང་མེད་ཀྱི་བཙན་དུ་བཅུག་མཁན་དེ་སུ་ཡིན་ནམ། ད་ལྟ་ང་ཅག་གི་མིག་ངོར་བོད་ཀྱི་རིག་གཞུང་ལ་སྦྱངས་པ་གནང་མཁན་དང། དེ་བཞིན་བཤུ་བསྒྱུར་གནང་མཁན་ཡོད་ཀྱང་བསྒྱུར་བའི་བྱེད་རྗེས་ངོམས་པ་ལས། རང་གི་བྱེད་རྗེས་བསུབ་ཐབས་གནང་མཁན་ཞིག་མེད་མོད། ད་དུང་ཁོང་གི་རིག་པ་དེ་ཉིད་སྙིང་པོ་མེད་པའི་དཔེར་མཚོན་ཙམ་ཞུས་ན། དེང་དུས་མི་དང་སྔ་དུས་མིའི་དབར་གཡོ་སྒྱུ་དང་རང་དོན་སྒྲུབ་པའི་རྣམ་རིག་གནམ་སའི་ཁྱད་པར་ཡོད་ན། མི་ལོ་ཁྲིའམ་སྟོང་གྲངས་ཀྱི་སྔར་རྩོམ་པོ་ཁོང་གི་རིགས་པ་དེ་ལྟ་བུ་བརྒྱུད་ལྡན་གྱི་གང་ཟག་ཕལ་པ་ཅིག་ཡོད་མེད་ཀྱང་ཐེ་ཚོམ་མ་ཡིན་ནམ།

དེ་རྗེས་ཁོང་གི་དགོངས་པ་དང་མཐུན་པའི་དོར་ཞི་གདོང་དྲུག་སྙེམས་བློ་ཞེས་པ་དེ་ཉིད། དོན་གྱི་མཁས་དབང་ཞིག་ཏུ་ངོས་འཛིན་གནང་པ་དང། མཁས་པ་དེའི་གདམས་ངག་ལ། བོན་དཔེ་རྣམས་བསྒྱུར་བཅོས་ཅན་མང་བ་དང། དེ་དག་རྫུན་རྐུབ་བརྟོལ་བར་བྱེད་པ་ལ་བོན་གཞུང་ཁག་ཏུ་ལྟ་རྟོག་བྱེད་དགོས་ཀྱང། མཐོང་ཚད་བདེན་པར་འཛིན་མི་ཉེན་པའི་བསྐུལ་མ་ལྟ་བུ་ཞིག་གནང་ཡོད་པས། དེ་དག་ལ་ཡིད་མོས་དང་རྗེས་འབྲངས་ཀྱི་ཚུལ་དུ་ཡིན་ལུགས་མང་ཙམ་ཞིག་བགྲང་ཡོད། དེ་ནི་བསམ་ཚུལ་ལ་མཐའ་མེད་པས་གོང་དུ་ཞུས་ཟིན་པ་ལྟར་ལས་ལོགས་སུ་མེད།

ཁོང་གིས་མཐའ་དོན་གྱི་ཞུ་ཚིག་འདི་ལྟར། ཁོ་བོར་མཚོན་ན་གྲུབ་མཐའི་ཕྱོགས་ཞེན་གང་ཡང་མེད་པར་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཐབས་ལམ་ཁོ་ན་བསྐྱངས་མོད། འོན་ཀྱང་གྲུབ་མཐའི་དད་ཞེན་རླུང་ལྟར་གཡོ་ཞིང་ལ་རྒྱའི་རི་བོ་ཁུར་གྱིས་ལྕི་བའི་རིགས་མཐུན་གྲོགས་པོའི་བློ་ངོར་མི་འཚམས་ན་མཐོ་ལོར་བཤགས་ཤིང། འདིར་ཡང་འགལ་འཛོལ་གྱིས་ཆ་མེད་མི་སྲིད་པས་ཀུན་སློང་བཟང་པོས་ཡོ་བསྲང་གནང་རྒྱུ་མཁྱེན་ནོ། ཞེས་ཁོང་ནི་གྲུབ་མཐའི་ཕྱོགས་ཞེན་གྱིས་སྟོང་པའི་གང་ཟག་ཅིག་ཏུ་བསྒྲགས་གནང་འདུག་མོད། གོང་དུ་སོང་ཟིན་པ་རྣམས་གྲུབ་མཐའ་གཅིག་གི་སྟོན་པའི་བཀའ་གཞུང་ཞིག་ཕུགས་མེད་བསྐྱལ་ཐབས་ཁོ་ནར་གནང་བ་དག་མཁས་བརྒྱ་འགྲན་གླེང་ཞིག་ཏུ་རྩི་ཡི་ཡོད་པ་འདྲ། རང་ཉིད་ཀྱིས་རང་ཉིད་ལ་གཟིག་ཚུལ་དེ་ལྟར་ལགས་ཀྱང། གཞན་གྱིས་ལྟས་ན་ཡ་མ་ཟུང་གི་ལུང་རིགས་དེ་ཉིད་འབུམ་བཞི་རྫུན་མ་ཡིན་པའི་བདེན་པའི་དཔང་པོ་རློམ་དུས། དངོས་གནས་དྲང་གནས་ཕྱོགས་ཞེན་གྱི་དྲི་མ་ཙམ་མ་ཚད། ཨུ་ཚུགས་ཀྱི་ཧུར་བག་ཅན་ཞིག་ཅི་ལ་མིན་སྙམ་པའི་སྣང་བ་ཞིག་མ་སྐྱེ་ཐབས་མེད་ལྟ་བུར་ཡོད་ནའང། དེ་སྔོན་དུས་རབས་བདུན་བརྒྱད་ཙམ་ནས་འགོ་བཟུང་ང་ཚོའི་སྤྱི་ཚོགས་ཁྲོད་དུ། གྲུབ་མཐའ་གཞན་པ་གཉའ་གནོན་ཐབས་དང། མི་རིགས་རང་གི་རུས་རྐང་ལས་འཆད་པའི་སྲོལ་རྒྱུན་རིག་གནས་འདི་དག་གི་བདེན་དཔང་བསུབ་ཆེད། ལོག་ཕྱོགས་ཀྱི་ཉོག་རྩོམ་གཤིན་རྗེའི་ལྕེས་མི་ཐིང་པ་མང་པོ་སྤེལ་མྱོང་ཡོད་པ་མ་ཟད། དེ་དག་བླ་མའི་མཚན་དང། དཔོན་པོ་དང། མཁས་པའི་མིང་སོགས་བརྒྱུད་ནས་གཅིག་རྗེས་གཉིས་མཐུད་ཀྱིས། བོད་ཡུལ་གྱི་འཚོ་བའི་ཁ་མདོག་གཞན་ཞིག་བསྒྱུར་མྱོང་ཡོད་པས། ཁོང་ཡང་དེ་དག་གི་བརྟེན་བཅོས་ལ་རྩེ་གཅིག་ཐོས་བསམ་དྲག་པོའི་ཉེར་ལེན་ལ་བརྟེན་ནས། ལད་ཟློས་རྣལ་མ་ཞིག་ཡིན་སྲིད་སྙམ་ནས་གལ་ཆེན་གྱི་གསར་གཏོད་པ་ཞིག་ངོས་འཛིན་ཞུས་མེད་ལ། ཞུ་དགོས་དོན་ཀྱང་མི་འདུག་མཐར་ཉམ་ཆུང་བདག་གིས་ལུང་གི་དབང་དུ་མ་ཤོར་བར་རིགས་པ་ཁོ་ནའི་དཔྱད་གཞི་ཞིག་འགོད་རྒྱུ་ཡིན་པས། དཔྱོད་ལྡན་ཀློག་པ་པོ་རྣམས་ཀྱིས་སོ་སོའི་ཡིད་ལ་སྡོམ་ཚིག་བརྟན་ཙམ་རེ་བརྒྱབ་གནང་བའི་ཡིད་ཆེས་བྱེད་བཞིན་ཡོད་པ་གཤམ་གསལ།

(1) གཅིག་གོང་དུ་ཕྱིན་ཟིན་པའི་དྲང་སྲོང་གི་སྒྲ་བཤད་དེ་ཉིད་འདུལ་བ་པའི་སློབ་མའི་བསླབ་བྱ་གལ་གནད་ཅན་ཞིག་ཡིན་ན། སྨན་གཞུང་རྒྱུད་བཞི་རུ་འཆད་འགྱུར་གྱི་ས་བཅད་ལ་ལྟོས་ཏེ་བསླབ་བྱ་དེ་དྲངས་དགོས་དོན་གང།

(2) གཉིས་པ་རྒྱུད་བཞིའི་མཛད་པོ་སྐྱེས་ཆེན་དམ་པ་གཡུ་ཐོག་ཡོན་ཏན་མགོན་པོས་ཡན་ལག་བརྒྱད་པ་སོགས་ལས་རྒྱུད་བཞི་བསྡུ་སྒྲིག་གནང་སྐབས། མཛད་བྱང་དུ་མཛད་པོ་དངོས་ཀྱི་མཚན་མི་བཀོད་པར། འབུམ་བཞི་ལྟ་བུའི་ཞུ་བ་པོ་ཞིག་དང། གསུང་པ་པོ་གཉིས་ཡོད་པའི་ཚུལ་དང་བཅས། གསུང་མཁན་༸སངས་རྒྱས་བཅོམ་ལྡན་འདས་དང། ཞུ་བ་པོ་དྲང་སྲོང་ཞིག་ཡིན་ཚུལ་གནང་དགོས་དོན་གང།

(3) རྒྱུད་བཞིའི་གླེང་སློང་གི་ལེའུ་རུ་༸སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་པའི་རྒྱལ་པོ་ཁོང་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཐུགས་ཀ་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉེས་པའི་སྐྱོན་རྣམས་བསལ་ཚུལ་སོགས་གསུངས་ཤིང། འོད་ཟེར་སྤྲོ་བསྡུ་མཛད་ཚུལ་ཐུགས་འབུམ་གླེང་སློང་ལེའུ་ལས་༸གཤེན་རབ་ཀྱི་མཛད་ཚུལ་དང་གཅིག་མཚུངས་ཡིན་པས། གལ་ཏེ་རྒྱུད་བཞིའི་མཛད་པོ་༸ཤཱཀྱ་ཐུབ་པ་མིན་ན། གཞུང་གཉིས་ཀྱི་སྙིང་དོན་མཚུངས་པ་ཙམ་མིན་པར། ཐ་ན་འོད་ཟེར་སྤྲོ་བསྡུ་ཡན་ཆད་གཤེན་རབ་ཀྱིས་གང་མཛད་པ་དག་བཀོད་དགོས་དོན་གང། གལ་སྲིད་མཛད་པོ་༸བཅོམ་ལྡན་འདས་ཡིན་པའི་དབང་དུ་བཏང་ན། རྒྱུད་ཡོངས་གཏད་ལེའུ་ལས། {རྫུན་ལུང་མོ་གཤེན་གསེར་འགྱུར་བཟོ་ཡི་རིགས། ཁ་གཤགས་ཐ་སྙད་ཆོས་དང་འདི་མི་རྗེ།} ཞེས། ༸སངས་རྒྱས་ཀྱིས་གཤེན་ལ་སྡང་པའི་ཚིག་རྩུབ་འདི་ལྟར་སྨོས་སྲིད་དམ།

(4) བཞི་པ་འབུམ་རྒྱུད་གཉིས་ཕན་ཚུན་ལེའུ་མང་ཉུང་ཡོད་ཀྱང་དོན་དག་ཆ་མཚུངས་ཡོད་པའི་གནད་དོན་གྱི་ཐད་ནས། རྒྱུད་བཞི་རུ་གཉེན་པོ་ཆིག་རྒྱུགས་ལེའུ་དང་འགོག་ནད་བསྲུང་བའི་ལེའུ་གཉིས་ཀྱི་ཐ་སྙད་མེད་ཀྱང། དོན་དུ་ལེའུ་དེ་གཉིས་གོ་རིམ་བཞིན་རྒྱུད་བཞིའི་མཇུག་དོན་ལེའུ་རུ་སླེབས་ཀྱི་ཡོད་པས་མ་ཚད། མཇུག་དོན་ལེའུ་དེའི་བར་གསེང་ནས་ཆིག་རྒྱུགས་དང་འགོག་བསྲུང་ལེའུ་གཉིས་སོ་སོ་ཐུག་མཚམས་སུ། དམིགས་བསལ་ལེའུ་དབུ་འཛུགས་པའི་ཞུ་བ་དང་ཞུ་ལན་རྣམས་ཆ་ཚང་ཡོང་གི་ཡོད་པས། འབུམ་བརྒྱུད་གཉིས་ཕན་ཚུན་གཅིག་ལས་གཅིག་བསྒྱུར་བའི་དབང་དུ་བཏང་ན། འབུམ་བཞི་ལས་རྒྱུད་བཞིའམ་རྒྱུད་བཞི་ལས་འབུམ་བཞི་གང་བསྒྱུར་བའི་རྟགས་ཡིན་ནམ།

(5) གཞུང་གཉིས་ཀྱི་ཚིག་ཤད་རྒྱས་བསྡུས་བྱུང་ཚུལ་ལ་བསམ་ན། ནད་འབུམ་སྦྱར་དུག་ལེའུ་ལས། སྐྱེར་ཤུན་གཤེར་བ་རྒྱུད་པའི་གྷི་ཝང་དང། ཚ་བ་འཇོམས་པའི་བསེ་རུ་བསྡུས་བྱས་ནས། ཞེས་གོ་སྟབས་མ་བདེ་བའི་ཚིག་ཤད་གཉིས་དེ། མན་རྒྱུད་སྦྱར་དུག་ལེའུ་ལས། སྐྱེར་ཤུན་གི་ཝཾ་ཙན་དན་བསེ་རུ་དང། ཞེས་དོན་མེད་ཚིག་ཚོགས་དག་གཡུག་ཏེ་སྨན་མིང་ཁོ་ན་ཚིག་ཤད་གཅིག་ཏུ་བསྡུས་ཡོད།  ད་དུང་ནད་འབུམ་རྒས་གསོའི་ལེའུ་ལས་རྫས་ཆ་བཟོ་སྟངས་བསྟན་སྐབས། སྣོད་བླུག་ནས་ནང་བདུན་གསུམ་མནན་ཏེ་བཞག དེ་ནས་རྩི་ཙམ་བཞག་པའི་ཞག་གྲངས་བསྟེན། རླུང་ཤས་ཅན་གྱི་ཚེ་འཕེལ་རིང་དུ་འཇོག ཅེས་པའི་གོ་དོན་ཐེར་པོའི་ཚིག་ཤད་གསུམ་པོ་དེ་ཉིད། མན་རྒྱུད་རྒས་གསོ་བཅུད་ལེན་ལེའུ་རུ། ནས་སྣོད་བདུན་གསུམ་བཞག་པའི་ཞག་གྲངས་བསྟེན། རླུང་ཤས་ཅན་གྱི་ཚེ་འཕེལ་རིང་འཇོག་ཡིན། ཞེས་ཚིག་འཚོགས་རྣམས་གོང་བཞིན་འདོར་ལེན་གནང་ཡོད་ན། གལ་སྲིད་འབུམ་རྒྱུད་གཉིས་གཅིག་ལས་གཅིག་བསྒྱུར་བའི་དབང་དུ་བཏང་ན། འབུམ་བཞི་ལས་རྒྱུད་བཞིའམ་རྒྱུད་བཞི་ལས་འབུམ་བཞི་གང་བསྒྱུར་བ་གཟིགས་སམ།
སྤྱིའི་ཆ་ནས་གོང་དུ་ཞུས་པ་དག་སྐབས་འཚོལ་རིང་ལུགས་པའི་དབྱེ་འབྱེད་དྲག་པོའི་གཡོ་ཐབས་དེ་ཉིད་གསལ་པོ་བཟོ་ཕྱིར། དུས་ལ་བབས་པའི་གླེང་མོལ་ཞིག་ལས། ནང་རྩོད་ཀྱི་གླེང་བརྗོད་དེ་དག་སོ་སོའི་མོས་འདོད་ཀྱི་བོང་ཁ་བསྡུར་ཞིང། གནད་སྨིན་གྱི་དགོས་མཁོ་མཐོང་བ་ཞིག་རྩ་བ་ནས་མིན།

ཅེས་གསོ་རིག་འབུམ་བཞིའི་དགེ་མིང་པ་རྒྱ་ཤོད་གཡུང་དྲུང་བཀྲ་ཤིས་ཀྱིས་སྤྱི་ལོ༢༠༢༠།སྤྱི་ཟླ༡།ཚེས༢་དགོང་མོར་མཇུག་གྲུབ་པར་བྱས།

 

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow