ཨེ་མ་ཧོ།
མཁྱེན་བརྩེའི་ཡོན་ཏན་ཀུན་རྫོགས་ངོ་བོ་ཉིད།།
བླ་མེད་ཐེག་པའི་མཛོད་འཛིན་ཡ་ངལ་བ།།
འཕྲིན་ལས་རྣམ་བཞིའི་ཉི་མ་རབ་སྤྲོས་ཏེ།།
ཞི་བདེའི་བཀྲ་ཤིས་བསྟན་འགྲོའི་གསལ་བྱེད་ཤོག།
ཐོག་མར་གསོལ་འདེབས་འདིའི་དབུ་འདྲེན་གྱི་ཚུལ་དུ་ཨེ་མ་ཧོ་ཞེས་བྱུང་བ་འདི་ནི། བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་ཆེ་བ་དང་། རྟེན་འབྲེལ་གྱི་སྒོ་མོ་འབུམ་ཕྲག་དུ་མ་ལ་དམིགས་ནས་འདིར་དྲངས་པ་ཞིག་སྟེ། འདི་ལ་དགོས་དོན་ཁྱད་པར་ཅན་གང་ཞིག་ཡོད་དམ་ཞེ་ན། སྤྱིར་སྒྲ་སྐད་ལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། འདི་ནི་ཞང་ཞུང་བོན་གྱི་སྒྲ་སྐད་ཡིན་ལ། ཁྱད་པར་དུ་ཞང་ཞུང་སྨར་གྱི་སྐད་ནི། གསལ་དག་བརྟན་གསུམ་གྱི་རང་བཞིན་དང་ལྡན་པའི་རྒྱུ་མཚན་ལ་བརྟེན་ནས། མདོ་སྔགས་སེམས་གསུམ་གྱི་བོན་ཟབ་མོ་རྣམས་ཀྱི་བསྒྱུར་གཞི་ཡང་མཛད་པར་མདོ་རྒྱུད་རྣམས་ལས་གསལ་བ་ཞིག་གོ ཁྱད་པར་དུ་ཞང་ཞུང་བོན་གྱི་ཞིང་ཁམས་ཞེས་སུ་གྲགས་པ་འདི་ནི། གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་འབྱུང་གནས་དམ་པ་ཡིན་ཞིང་། བོད་ནི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་བཅུད་འཕེལ་སའི་ཞིང་ས་ཞིག་ཀྱང་ཡིན་པས་ན། དགོས་པ་རྒྱུ་མཚན་དུ་མ་ལ་བརྟེན་ནས་གསོལ་འདེབས་འདི་ཡི་དབུ་རུ་ཨེ་མ་ཧོ་ཞེས་རྨད་དུ་བྱུང་བའི་ཚིག་བཟང་པོའི་དབུ་རྒྱན་འདི་ཉིད་གསོལ་ན་འོས་ཤིང་འཚམས་པར་སྣང་ངོ་། བོད་སྐད་དུ་ཐད་བསྒྱུར་བྱས་ན། ངོ་མཚར་ཆེ། ཞེས་པའི་དོན་ལ་གོ་བ་ཡིན་ནོ། ངོ་མཚར་གྱི་ཡོན་ཏན་འབུམ་གྱིས་ཕྱུག་པའི་མཚན་ལྡན་བླ་མའི་མཆོད་བསྟོད་དེ་ཡང། ངོ་མཚར་དང་བྱིན་ཆེ་བའི་ཚིག་རྒྱན་བཟང་པོས་ཀུན་ནས་མཛེས་པར་སྤུད་དེ་ཀླད་དོན་གྱི་ཁོག་དབུབ་ན་དེ་བས་བྱིན་རླབས་ཆེ་བས། རྒྱུ་མཚན་སྣ་མང་ལ་གཟིགས་ནས་ཞང་ཞུང་གི་བོན་གྱི་སྒྲ་སྐད་འདི་གསོལ་འདེབས་འདི་ཉིད་ཀྱི་དབུ་འདྲེན་གྱི་ཚུལ་དུ་བཀོད་པར་ངེས་སོ། སྤྱིར་བོན་གྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ལ། བསྭོ་ཞེས་པ་བོན་སྒོ་འདུས་པའི་སྒྲ་དང་། ཨཱོྃ་ཞེས་པ་སྔགས་ཀྱི་མགོ་འདྲེན་དང་། ཀི་ཞེས་པ་ཤེས་རབ་འཕེལ་བའི་གཟུངས་སོགས་མང་དུ་ཡོད་ཀྱང་། འདིར་ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་ཆེ་བའི་སྒྲའོ། མཁྱེན་བརྩེའི་ཡོན་ཏན་ཀུན་རྫོགས་ངོ་བོ་ཉིད། ཅེས་པའི་གོ་དོན་ནི། དང་པོ་མཁྱེན་པའི་ཡོན་ཏན་གྱི་ཆེ་བ་བསྟན་པ་སྟེ། མགོན་པོ་མཆོག་ནི་བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ལ་མཁྱེན་རབ་ཀྱི་རྩལ་ཆེན་རྫོགས་པས། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་། བཅུ་ཕྲག་རིག་པའི་གནས་ཐམས་ཅད་ལ་ཐོགས་ཆགས་དང་བྲལ་ཞིང་མ་རྨོངས་པའི་ཤེས་རབ་རྒྱས་པ་ཡིན་ལ། གཉིས་པ་བརྩེ་བའི་ཡོན་ཏན་ནི། རང་དོན་ཡིད་བྱེད་ཀྱི་བསམ་པ་ཀ་ནས་དག་སྟེ། རང་བས་གཞན་གཅེས་པའི་བྱམས་དང་སྙིང་རྗེའི་ཆུ་རྒྱུན་དཔག་མེད་དུས་རྟག་ཏུ་བྲུག་ཅིང་། ཐུགས་ཉིད་བརྩེ་བ་ཆེན་པོས་གདུལ་བྱ་ཉེ་བར་ཐུགས་རྗེས་བཟུང་སྟེ་སྐལ་ལྡན་སློབ་མའི་ཚོགས་རྣམས་སྐྱོང་ལ་མཁས་པ་ཡིན་ལ། གསུམ་པ་ནུས་པའི་ཡོན་ཏན་ནི། ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་མི་མཐུན་པའི་ཚོགས་ཐམས་ཅད་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པའི་ཀུན་སྙོམས་ཞི་བ་ཆེན་པོས་ཕྱེ་མར་འཐག་ནུས་པ་སྟེ། དཔེར་ན་སྟོན་པ་ཐུགས་རྗེ་ཅན་གྱིས་བཟོད་པའི་གོས་གྱོན་སྙིང་རྗེའི་དམག་དཔུང་བསྐྱེད་ནས་བདུད་གླིང་ཕམ་པར་མཛད་པའི་ནུས་པའི་རྩལ་ཤུགས་རྒྱས་པ་དང་སྒོ་ཀུན་ནས་མཚུངས་པའོ། ངོ་བོ་ཉིད། ཅེས་པ་ནི། དེ་ལྟར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་ངོ་བོ་ནི་ཁྱེད་ཉིད་དོ་ཞེས་མགོན་པོ་མཆོག་ཉིད་ཡིན་པ་གསལ་བར་སྟོན་པའི་སྒྲའོ། བླ་མེད་ཐེག་པའི་མཛོད་འཛིན་ཡ་ངལ་བ། ཞེས་པའི་གོ་དོན་ནི། བླ་མེད་ཀྱི་ཐེག་པ་ནི། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད། རྒྱུད་ལུང་མན་ངག་ཀུན་གྱི་ཡང་སྙིང་། ཞེས་པ་འདི་ཡིན་ལ། བསྒྲགས་གསུམ་གྱི་གཞུང་ཆེན་རྣམས་ལས་རང་འབྱུང་གི་ཡེ་ཤེས། སྙན་རྒྱུད་ཀྱི་གཞུང་ཆེན་རྣམས་ལས་འོད་གསལ། ཡེ་ཁྲིའི་གཞུང་ཆེན་རྣམས་ལས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད། བྱང་སེམས་གབ་པའི་གཞུང་ཆེན་རྣམས་ལས་བྱང་སེམས་ཐིག་ལེ་ཉག་གཅིག ནམ་མཁའ་འཕྲུལ་མཛོད་དང་འགྲེལ་མེ་ལོང་། དེ་བཞིན་སྨྲ་བའི་སེང་གེ་རྣམས་སུ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། རྫོགས་ཆེན་སྤྱིའི་སྐད་དུ་ཀུན་ཏུ་བཟང་པོ། དེ་ལྟར་མཚན་གྱི་རྣམ་གྲངས་དུ་མས་བརྒྱན་པ་སྟེ། སྔ་རབས་འདས་པ་རྣམས་ཀྱི་གཤེགས་ཤུལ། ད་ལྟ་བཞུགས་པ་རྣམས་ཀྱི་ཐུགས་དགོངས། མ་འབྱོན་རྒྱལ་བ་ཡོངས་ཀྱི་འདྲེན་པ་ཆེན་པོ་དེ་ལ་བླ་མེད་ཀྱི་ཐེག་པ་ཞེས་གསུངས་སོ། མཛོད་འཛིན། ཞེས་པ་ནི། དེ་ལྟ་བུའི་ཀུན་ཏུ་བཟང་པོའི་ཐུགས་ཉིད་སྐྱེ་བ་མེད་པ་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་འདི་ཉིད། འཁོར་འདས་ཐམས་ཅད་ཀྱི་མཛོད་ཕུགས་ཡིན་ལ། འདི་ཡི་ངང་ལ་མ་རྫོགས་པ་གཅིག་ཀྱང་མེད་དོ། རྒྱུ་མཚན་དེའི་ཕྱིར་ན། ཀུན་རྫོགས་ཡོངས་རྫོགས་ཐ་ཚན་འུབས་ཀྱིས་རྫོགས། རྫོགས་དོན་བཤད་མེད་ཀུན་ཏུ་བཟང་པོའི་ཐུགས། འདི་ཞེས་བསྟན་དཀའ་དིག་མའི་རྨི་ལམ་འདྲ། ཞེས་རྫོགས་པ་ཆེན་པོའི་གཞུང་ཆེན་རྣམས་ལས་བསྔགས་པར་མཛད་པ་ཡང་གཤིས་ཀྱི་བབ་ལ་དེ་ལྟར་གྲུབ་པའི་རྫོགས་ཆེན་སེང་གེའི་རང་སྐད་མངོན་སུམ་ཉིད་དུ་སྒྲོགས་པའི་གད་རྒྱངས་ཤིག་ཡིན་པ་ལས་མདོ་མེད་བྱབ་ཆུང་ཚོགས་ཀྱིས་འུར་བའི་ལོང་གཏམ་ཞིག་ག་ལ་ཡིན། དེ་ལྟ་བུའི་བླ་མེད་ཐེག་པའི་མཛོད་འདི་སུ་ཞིག་གིས་འཛིན་པ་ཡིན་ནམ་ཞེ་ན། ཡ་ངལ་བ་ཞེས་པ་འདི་བྱུང་། འདི་ལའང་། བརྒྱུད་པ་བཀའ་བབ་ཀྱི་དབང་དུ་བྱས་ན། བསྟན་པ་འདི་ལ་ཤིན་ཏུ་བཀའ་དྲིན་ཆེ་བ། ཡ་ངལ་གྱི་གདུང་ལས་བྱོན་པའི་བསྟན་པ་འདི་ཡི་བཀའ་བབ་ཀྱི་གཤེན་པོ་བཀའ་ཉམས་གཉིས་ཀའི་བསྟན་པའི་མདོ་འཛིན་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་ཞེས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་དེ་དང་། མི་ལོ་བཅུ་བདུན་ཙམ་ལ་བྲག་ཕུག་ཞྭ་རུ་གྱོན་ནས་དཀའ་སྤྱད་སྙིང་རུས་དྲག་པོས་སྙན་རྒྱུད་བསྟན་པའི་རྒྱལ་མཚན་འཛིན་པའི་ཡང་སྟོན་ཆེན་པོ་དམ་པ་འབུམ་རྗེ་འོད་ཅེས་བྱ་བ་དེ་དང་། ཤོག་གུ་ཁྱི་ལྕེ་ཙམ་ལ་རག་མ་ལས་པར་གཅིག་ཤེས་ཀུན་གྲོལ་གྱི་དགོངས་པ་ཟབ་མོ་སྣོད་ལྡན་གྱི་བུ་ལ་བཙན་ཐབས་སུ་བཅུག་པར་ནུས་པའི་ཡང་སྟོན་ཆེན་པོ་བཀྲ་ཤིས་རྒྱལ་མཚན་ཞེས་གྲུབ་འཛིན་སྟོང་གི་སྤྱི་ཕུད་དེ་དང་། གཞན་ཡང་མཉམ་ཉིད་བདེ་བ་ཆེན་པོའི་དོན་དམ་ཐུགས་སུ་ཆུད་པའི་རང་གྲོལ་བསྟན་པའི་མངའ་བདག་ཡང་སྟོན་རྒྱལ་མཚན་རིན་ཆེན། གསུང་རབ་འབུམ་སྡེ་པོ་ཏི་བརྒྱ་དང་བཅུ་གསུམ་བཞེངས་ནས་གློ་དོལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཉིན་མོར་བྱེད་པའི་ཡང་སྟོན་དཔལ་ལྡན་བཟང་པོ་ཞེས་སུ་གྲགས་པ་དེ་རྣམས་ནི། སྙན་རྒྱུད་ཀྱི་གདམས་པ་ཟབ་མོ་འདིའི་བཀའ་བབ་ཀྱི་བླ་མ་ཡིན་འདུག་པ་སྙན་རྒྱུད་ཀྱི་བླ་མའི་རྣམ་ཐར་དང་། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་རྣམས་སུ་གསལ་བས། སུ་ཞིག་གིས་ཀྱང་གཟིགས་ཤིང་མཇལ་བར་ནུས་ན་སྐལ་ལྡན་ངེས་ཤེས་སྐྱེ་བའི་གྲོགས་སུ་འགྱུར་བར་གདོན་མི་ཟའོ། དེ་ལྟར་ངོ་མཚར་ཆེ་བའི་བཀའ་བབ་ཀྱི་བླ་མ་གོང་མ་རྣམས་དང་གདུང་རུས་གཅིག་པའི་སྙན་རྒྱུད་ཀྱི་གདམས་པ་ཟབ་མོའི་བརྒྱུད་འཛིན་གྱི་བླ་མ་ནི། ཡ་ངལ་བ་ཞེས། གདུང་རུས་ཀྱི་ཆེ་བ་སྔུན་ནས་བསུས་པའི་ཤུལ་ལ་མགོན་པོ་མཆོག་གི་མཚན་ངང་གིས་འཆར་བ་སྟེ། ངང་ལ་ངང་གིས་གནས་པ་ནི། རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ཆེ་བ་ཡིན་པས། དེ་དང་ཚུལ་མཚུངས་པར་སེམས་སོ། དོན་དུ་ཡང་སྟོན་འཕྲིན་ལས་ཉི་མ་ཞེས་གསལ་བར་ལུང་དུ་བསྟན་པའོ། འཕྲིན་ལས་རྣམ་བཞིའི་ཉི་མ་རབ་སྤྲོས་ཏེ།། ཞེས་པའི་གོ་དོན་ནི། དམ་པ་ཁྱེད་ཉིད་ཀྱང་རྣམ་གྲོལ་ཞི་བའི་འཕྲིན་ལས། ཡོན་ཏན་རྒྱས་པའི་འཕྲིན་ལས། བྱིན་རླབས་དབང་གི་འཕྲིན་ལས། དྲག་པོ་སྒྲོལ་བའི་འཕྲིན་ལས་ཀྱི་ཉི་མ་བཞི་ཡི་འོད་ཟེར་སྟོང་ཁམས་ཡངས་པའི་ཁྱོན་ཀུན་རབ་ཏུ་སྤྲོས་ཏེ། རིག་འཛིན་གྲུབ་ཐོབ་གོང་མ་རྣམས་དང་ཚུལ་མཚུངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བདག་གིར་བཞེས་དགོས་པར་བཀའ་ཡིས་ཉེ་བར་བསྐུལ་བར་བྱེད་པའི་རྟེན་འབྲེལ་གྱི་བརྡ་མཚོན་དུ་བྱུང་བ་ཡིན་ལ། ཏེ་ཞེས་པ་འདི་ནི། སྔ་ཕྱི་རིམ་པར་བྱུང་བའི་སྒྲའོ། ཞི་བདེའི་བཀྲ་ཤིས་བསྟན་འགྲོའི་གསལ་བྱེད་ཤོག ཅེས་པའི་གོ་དོན་ནི། དེ་ལ་བརྟེན་ནས་མཁའ་མཉམ་སེམས་ཅན་ཐམས་ཅད་འཕྲལ་དུ་ནད་མུག་མཚོན་གསུམ་གྱི་འཇིག་པ་ལས་གྲོལ་ཞིང་། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྫོགས་ལྡན་གསར་པའི་དཔལ་ལ་དབང་འབྱོར་ཞིང་ལོངས་སུ་སྤྱོད་པ་དང་། མཐར་ཐུག་གཏན་གྱི་ཞི་བདེ་དམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཞེས་དོན་དམ་པའི་ཁ་དགེ་བཀྲ་ཤིས་གྱི་རྒྱལ་མཚན་ས་སྟེང་འདིར་བསྒྲེངས་ནས། བསྟན་པ་ཉིན་མོར་བྱེད་པའི་འཕྲིན་ལས་ཀྱི་ཉི་མ་དང་། འགྲོ་བའི་སྨག་རུམ་སེལ་བའི་དོན་གྱི་ཉི་མ་སྟེ། གསལ་བྱེད་ཀྱི་ཉི་མ་གཉིས་དུས་གཅིག་ཏུ་ཤར་བ་ལྟ་བུ། ཁྱེད་ཉིད་བསྟན་དང་འགྲོ་བའི་གསལ་བྱེད་དམ་པ་ཞིག་ཡོང་བར་ཤོག། ཅེས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་ནས་སྔོན་རྒྱལ་བུ་ཀུན་དགའ་འོད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དར་གྱི་ལྡིང་ཁུག་ཏུ་བཅུག་ནས་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་ནས་དཀར་མོ་འབྲུ་བདུན་གྱིས་མཆོད་ཅིང་གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བའི་སྨོན་ལམ་གྱི་མཚམས་སྦྱོར་གནང་བ་ཇི་བཞིན་ཐུགས་སྨོན་རྣམ་པར་དག་པས་མཚམས་སྦྱོར་མཛད་པའོ།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་གསོལ་འདེབས་འདི་ནི་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གིས་མཛད། གསོལ་འདེབས་འདི་ཡི་འགྲེལ་འཕྲིན་ལས་ལྷུན་གྲུབ་ཏུ་གྲགས་པ་འདི་ནི། རྩ་བའི་བླ་མ་བསྟེན་ཡུན་རིང་བའི་སློབ་བུ་ཉི་མིང་པས། དཔོན་གསས་བླ་མའི་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པ་དང་། རང་ཉིད་བསོད་ནམས་བསག་པའི་རྟེན་དུ་དད་དམ་གཡོ་བ་མེད་པས་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།