སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ངོ་སྤྲོད་མདོར་བསྡུས།

སྤྱི་སྤུངས་རྩ་བའི་རྒྱུད་གསུམ་ཞེས་པ་ནི། གསང་བ་འདུས་པ་ཡབ་ཀྱི་རྒྱུད་དང་།  གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད།  གཉིས་མེད་དོན་གྲུབ་སྲས་ཀྱི་རྒྱུད་དང་གསུམ་ལ་ངོས་འཛིན་པ་ནི།  རྒྱུད་གཞུང་སོགས་ལས་ཡོངས་སུ་གྲགས་པ་ལྟར་ཡིན་ལ།  དེ་ཡང་ལྷོ་གཏེར་གྱི་ཐེག་པ་བདུན་པ་ཨ་དཀར་གྱི་ཐེག་པ་དང་།  དབུས་གཏེར་གྱི་འབྲས་ཐེག་གསུམ་པ་དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པའི་གཞུང་ཞིག་ཡིན་པ་ནི་ཡོངས་སུ་གྲགས་པ་ལྟར་རོ།  འོན་ཀྱང་སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ངོ་སྤྲོད་གཞུང་དང་སྦྱར་ནས་ངོས་འཛིན་གནང་ཕྱོགས་ཐད།  རང་ཅག་མཁས་གྲུབ་རྣམས་ཀྱི་གསུང་སྲོལ་འགའ་ཞིག་མཆིས་ཀྱང་།  ད་ལན་སྐབས་འདིར་ཀུན་མཁྱེན་ཉི་མའི་དབང་པོས་མཛད་པའི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་ལྟར་ན།  སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ནང་ནས་རྒྱུད་གཉིས་ཀྱི་ངོས་འཛིན་མ་གཏོགས་གཉིས་མེད་དོན་གྲུབ་སྲས་ཀྱི་རྒྱུད་དམ་གསང་བ་དོན་གྲུབ་སྲས་ཀྱི་རྒྱུད་ཀྱི་ངོས་འཛིན་གནང་བ་མ་མཇལ།  སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ནང་ནས་གསང་བ་འདུས་པ་ཡབ་ཀྱི་རྒྱུད་ལ།  སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་རྒྱུད་པའི་དཔལ་བ་གསང་བ་འདུས་པ་དོན་གྱི་རྒྱུད་ལེའུ་སུམ་ཅུ་རྩ་གསུམ་པ་དེ་དང་།  གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད་ལ།  རྨ་སྟོན་སྲིད་འཛིན་གྱིས་བྱང་དང་ར་ནས་གཏེར་ནས་དྲངས་པའི་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་རྒྱུད་ལེའུ་སུམ་ཅུ་སོ་གཅིག་པ་དེ་གཉིས་ལ་ངོས་འཛིན་གནང་འདུག་པ་དེའོ། གསང་བ་དོན་གྲུབ་སྲས་ཀྱི་རྒྱུད་ཀྱི་ངོས་འཛིན་ཀུན་མཁྱེན་གྱིས་གསུངས་པ་མ་མཇལ་ཡང་། རྒྱལ་བའི་བཀའ་དྲི་མ་མེད་པ་ལ་གཞི་བཟུང་སྟེ་ལུང་རིགས་ཟུང་དུ་འབྲེལ་ནས་འཆད་ན་འདི་ལྟར་ཏེ།  ཡི་དམ་ཀུན་འདུས་སྐུ་དབལ་གསས་དང་ཁྲོ་ཚོགས་ཀུན་འདུས་གསུང་ལྷ་རྒོད་དང་ཞི་ཁྲོ་ཀུན་འདུས་ཐུགས་གཙོ་མཆོག་གསུམ་གྱི་ནང་ཚན་གསུང་ལྷ་རྒོད་ཀྱི་རྒྱུད་དེ་ཉིད་གསང་བ་དོན་གྲུབ་སྲས་ཀྱི་རྒྱུད་ཀྱི་མཚན་གཞིར་འཇོག་དགོས་པ་ཤིན་ཏུ་གསལ་ལོ། སྤྱི་སྤུངས་རྩ་བའི་ལྷ་གསུམ་མམ་ཁྲོ་རྒྱལ་གསུམ་གྱི་དབང་དུ་བྱས་ན།  སྐུ་དབལ་གསས།  གསུང་ལྷ་རྒོད།  ཐུགས་གཙོ་མཆོག་གསུམ་ཡིན་ལ།  ཞི་བ་ཀུན་བཟང་རྒྱལ་བ་འདུས་པའམ་འོད་དཀར་གནས་འཛིན་གནས་འགྱུར་གྱི་དབང་དུ་བྱས་ན།  སྐུ་དབལ་གསས་དང་།  ཞི་བ་ཁྲི་བཞི་ནམ་ཏིང་གནས་འགྱུར་གྱི་དབང་དུ་བྱས་ན།  གསུང་ལྷ་རྒོད་ཐོག་པ།  ཞི་བ་ཀུན་སྣང་ཁྱབ་པ་གནས་འགྱུར་གྱི་དབང་དུ་བྱས་ན།   ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ཡིན་པ་རྒྱུད་དོན་ལྟར་རོ།  དེ་བཞིན་དུ་གསས་མཁར་སྤྱི་སྤུངས་ཀྱི་ཁྲོ་རྒྱལ་ལྷ་གསུམ་ལ་རྒྱུད་གསུམ་ཡོད་པ་སྟེ།  རྒྱུད་དང་པོ་གསང་བ་འདུས་པ་ཡབ་ཀྱི་རྒྱུད་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལེའུ་སུམ་ཅུ་སོ་གསུམ་པ་དེ་ཉིད་སྐུ་དབལ་གསས་ཀྱི་རྒྱུད་ཡིན་པ་རྒྱུད་དེ་ཉིད་ཀྱི་བདུད་སྲིན་དྲེགས་པ་བཏུལ་བའི་ལེའུ་ལྔ་པའི་ནང་གཟིགས་ན་ཤེས་ནུས་སོ།  གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད་དུ་གྲགས་པའི་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ལེའུ་སུམ་ཅུ་སོ་གཅིག་པའི་བདག་ཉིད་ཅན་དེ་ཉིད་ཐུགས་གཙོ་མཆོག་མཁའ་འགྱིང་གྱི་རྒྱུད་ཡིན་པ་ནི།  བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས།   གསས་མཁར་རིན་པོ་ཆེ་སྤྱ་སྤུངས་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པ་གཡུང་དྲུང་སྤྱི་ཁྱབ་ལྷ་གཙོ་མཆོག་མཁའ་འགྱིང་གི་རྒྱུད་ཅེས་གསུངས་པ་ལྟར་རོ། གསུང་ལྷ་རྒོད་ཀྱི་རྒྱུད་དེ་ཉིད་གསང་བ་དོན་གྲུབ་སྲས་ཀྱི་རྒྱུད་ཡིན་པ་ནི།  རྒྱལ་བའི་བཀའ་དྲི་མ་མེད་པ་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ཀྱི་དགོངས་པ་ཡིན་པས་འདི་དོན་འོག་ཏུ་འཆད་དོ།  སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ངོས་འཛིན་ཚུལ་བཞིན་ཤེས་པར་བྱེད་པ་ལ། སྤྱི་སྤུངས་རྩ་བའི་རྒྱུད་གསུམ་དང་ཡན་ལག་གི་རྒྱུད་དྲུག་སྟེ།  སྤྱི་སྤུངས་རྒྱུད་དགུའི་ངོས་འཛིན་དེ་ཉིད་མ་ཤེས་ཐབས་མེད་ལྟ་བུར་སྣང་ལ།  རྩ་བ་གསུམ་དང་ཡན་ལག་དྲུག་གིས་བསྡུས་པའི་སྤྱི་སྤུངས་རྒྱུད་དགུའི་རྣམ་བཞག་ཚུལ་བཞིན་ཤེས་པར་བྱེད་པ་ལ།   གསང་བ་འདུས་པ་ཡབ་ཀྱི་རྒྱུད་དུ་གྲགས་པའི་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལེའུ་སུམ་ཅུ་སོ་གསུམ་པ་འདི་ཉིད་ལ་གཟིགས་ཞིབ་གནང་དགོས་པ་མཐོང་།  དེ་ལྟར་ཚུལ་བཞིན་ཉམས་བཞེས་ལེགས་པར་གནང་ནུས་ན།  སྤྱི་སྤུངས་རྒྱུད་དགུའི་ངོས་འཛིན་བདེ་བླག་ཏུ་རྟོགས་པར་ནུས་ལ། སྤྱི་སྤུངས་རྒྱུད་དགུའི་ངོས་འཛིན་ཚུལ་བཞིན་ཤེས་ན།   སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་གཞུང་གི་ངོས་འཛིན་བདེ་བླག་ཏུ་རྟོགས་པ་ལ་ཚེགས་མེད་དོ།

སྤྱི་སྤུངས་རྒྱུད་དགུའི་ངོས་འཛིན།

རྒྱལ་བའི་བཀའ་དྲི་མ་མེད་པ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ཀྱི་རྣམ་གྲངས་བསྟན་པའི་ལེའུ་དགུ་པའི་དགོངས་དོན་ལྟར་ན།  སྤྱི་སྤུངས་རྩ་བའི་རྒྱུད་གསུམ་དང་ཡན་ལག་གི་རྒྱུད་དྲུག་ལ་སྤྱི་སྤུངས་རྒྱུད་དགུ་ཞེས་གསུངས།  སྤྱི་སྤུངས་རྩ་བའི་རྒྱུད་གསུམ་ནི།   གསང་བ་འདུས་པ་ཡབ་ཀྱི་རྒྱུད་དང་།   གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད་དང་།   གཉིས་མེད་དོན་གྲུབ་སྲས་ཀྱི་རྒྱུད་གསུམ་ཡིན་ལ།  དེའི་སྟེང་ཡན་ལག་གི་རྒྱུད་དྲུག་ནི།  ཁྲོ་བོ་རྒྱུད་དྲུག་སྟེ།  ལྟ་བ་ཁྱུང་ཆེན།  སྒྱུ་འཕྲུལ་དྲྭ་བ།  གསང་བ་དགུ་འཕར།  འགུ་ཡ་སྲོག་འཛིན།  ལས་ཀྱི་ཐིག་ལེ།  ཐབས་ཀྱི་ཞགས་པ་དང་དྲུག་གོ།  མདོར་ན་རྩ་བའི་རྒྱུད་གསུམ་དང་ཡན་ལག་གི་རྒྱུད་དྲུག་བསྡོམས་པས་རྒྱུད་དགུ་ལ་སྤྱི་སྤུངས་རྒྱུད་དགུ་རུ་གསུངས་སོ།  དེ་ལྟ་བུའི་རྩ་བའི་རྒྱུད་གསུམ་དང་ཡན་ལག་གི་རྒྱུད་དྲུག་དེ་རྣམས། སྐུ་གསུང་ཐུགས་གསུམ་དང་།  ཕར་ཕྱིན་དྲུག་ལ་སྦྱར་ནས་ཀྱང་ངོས་འཛིན་གནང་འདུག་པ་སྟེ། གསང་བ་འདུས་པ་ཡབ་ཀྱི་རྒྱུད་སྐུ་དབལ་གསས་ཀྱི་རྒྱུད་ཡིན་པ་དང་།  གསང་བ་དོན་གྲུབ་སྲས་ཀྱི་རྒྱུད་གསུང་ལྷ་རྒོད་ཀྱི་རྒྱུད་ཡིན་པ་དང་།  གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད་ཐུགས་གཙོ་མཆོག་གི་རྒྱུད་ཡིན་པ་སྟེ།  སྤྱི་སྤུངས་རྩ་བའི་རྒྱུད་གསུམ་དེ་སྐུ་གསུང་ཐུགས་གསུམ་ལ་སྦྱོར་བའི་ཚུལ་ནི་དེ་ལྟར་ཡིན་ལ།   ཡན་ལག་གི་རྒྱུད་དྲུག་ཕར་ཕྱིན་དྲུག་ལ་སྦྱར་བའི་ཚུལ་ནི། ལྟ་བ་ཁྱུང་ཆེན་ཤེས་རབ་ལ་སྦྱར།  སྒྱུ་འཕྲུལ་དྲྭ་བ་བརྩོན་འགྲུས་ལ་སྦྱར།  གསང་བ་དགུ་འཕར་བསམ་གཏན་ལ་སྦྱར། འགུ་ཡ་སྲོག་འཛིན་ཚུལ་ཁྲིམས་ལ་སྦྱར།  དབལ་མོ་ལས་ཐིག་བཟོད་པ་ལ་སྦྱར།  གསང་བ་ཐབས་ཞགས་སྦྱིན་པ་ལ་སྦྱར་ཏེ།  མདོར་ན་སྐུ་གསུང་ཐུགས་གསུམ་གྱི་རྒྱུད་གསུམ་དང་།  ཕར་ཕྱིན་དྲུག་གི་རྒྱུད་དྲུག་སྟེ་དགུ་ལ། སྤྱི་སྤུངས་རྒྱུད་དགུ་རུ་གསུངས་པ་ཡིན་ཏེ།  གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས།  རྒྱུད་ཀྱི་རྣམ་གྲངས་བྱེ་བ་ལས།  རྩ་བའི་རྒྱུད་གསུམ་ཡན་ལག་དྲུག  གསང་བའི་དགོངས་པས་ཁོག་དབུབ་ཅིང་།  སྤྱི་ལུང་སོ་སོར་སྟོན་པ་ཡི། གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད།  གསང་བའི་མན་ངག་མདོར་བསྡུས་ཤིང་། དགོས་དོན་རང་སོར་བཞག་པའི།  གསང་བ་འདུས་པ་ཡབ་ཀྱི་རྒྱུད།  གསང་བའི་འཕྲིན་ལས་མཐར་ཕྱིན་ཅིང་།  གསང་བའི་དྲོད་ཚད་མཐོང་ཐོན་པའི།  གསང་བ་དོན་གྲུབ་སྲས་ཀྱི་རྒྱུད།  དེའི་ཡན་ལག་གྱུར་པ་ན།  ཐམས་ཅད་སྤྱི་རྒྱ་བརླབས་ཀྱི་གཅོད་པ་ཡི།  ཁྱུང་ཆེན་ལྡིང་བ་ལྟ་བའི་རྒྱུད།  བཅས་བཅོས་བླང་དོར་མེད་པ་ཡི།  སྒྱུ་འཕྲུལ་དྲྭ་བ་སྤྱོད་པའི་རྒྱུད།  སྣང་ལ་རང་བཞིན་དངོས་མེད་པའི། གསང་བ་དགུ་འཕར་སྒོམ་པའི་རྒྱུད།   མཉམ་པའི་དོན་ལ་འཆད་མེད་པའི།  འགུ་ཡ་སྲོག་འཛིན་དམ་ཚིག་རྒྱུད།  བྱ་བརྩལ་དོན་རྣམ་ལྷུན་གྲུབ་པའི། ལས་ཀྱི་ཐིག་ལེ་འཕྲིན་ལས་རྒྱུད།  གསང་བའི་དྲོད་ཚད་མཐར་ཕྱིན་པའི།  ཐབས་ཀྱི་ཞགས་པ་དངོས་གྲུབ་རྒྱུད། ཡང་ན་སྐུ་གསུང་ཐུགས་གསུམ་དང་།  ཕ་རོལ་ཕྱིན་པ་དྲུག་ལས་ཤེས། གསང་བ་འདུས་པ་སྐུའི་རྒྱུད།  གསང་དོན་གྲུབ་པ་གསུང་གི་རྒྱུད། གསང་བའི་བསེན་ཐུབ་ཐུགས་ཀྱི་རྒྱུད།  ཤེས་རབ་དག་པ་ལྟ་བའི་ཀློང་། བརྩོན་འགྲུས་ཉེར་ལེན་སྤྱོད་པའི་མཆོག  བསམ་གཏན་འགྱུར་མེད་སྒོམ་པའི་ལྡིང་།  ཚུལ་ཁྲིམས་འཆལ་མེད་དམ་ཚིག་གནད།  བཟོད་པ་སྲན་བཅས་དགྲ་ཚོགས་ཐུལ། སྦྱིན་པ་མཐར་ཕྱིན་དངོས་གྲུབ་བསྡུད།  དེ་ལྟར་རྒྱུད་ཀྱི་རྣམ་གྲངས་ལ། ཞེས་གསུངས་སོ།

སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ངོས་འཛིན།

སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བློ་ལྡན་སྙིང་པོ་ལ་སྙན་དུ་རྒྱུད་པའི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལེའུ་སུམ་ཅུ་སོ་གསུམ་པ་དེ་ཉིད་ཁྲོ་རྒྱལ་སྐུ་གསུང་ཐུགས་གསུམ་གྱི་ནང་ནས་སྐུ་དབལ་གསས་ཀྱི་རྒྱུད་ཡིན། གསང་བ་འདུས་པ་ཡབ་ཀྱི་རྒྱུད་ཀྱང་འདི་ཉིད་ཡིན་ནོ། དྲེགས་པ་ཀུན་འདུལ་སྣང་སྲིད་ཟིལ་གནོན་ལྷ་རྒོད་ཐོག་པ་ལ་རྒྱུད་དང་སྒྲུབ་ཐབས་ཆ་ལག་སོགས་མང་དུ་བྱུང་བ།  གསང་གླིང་སྙན་རྒྱུད་དང་། སྟག་སླག་ཅན་གྱི་སྙན་རྒྱུད་དང་།   མཁན་ཆེན་བསོད་བློའི་གཏེར་དང་སྙན་རྒྱུད་ལས་བྱུང་བའི་ལྷ་རྒོད་ཀྱི་སྒྲུབ་སྐོར་རྣམས་ལས་གསལ།  ལྷ་རྒོད་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་གསང་སྒྲུབ་རྒྱུད་ཆེན་སྡོང་པོ་དགུ་འདུས་དང་།  རྒྱ་ཆེ་རོལ་པ་ཕྱི་ཡི་རྒྱུད།  དྲེགས་འདུལ་ཆེན་པོ་ནང་གི་རྒྱུད།   གབ་པ་གསུང་ཆེན་གསང་བའི་རྒྱུད་ལ་སོགས་ཡོད་པར་གསུངས་པ་དེ་རྣམས་ནི།  གསང་བ་དོན་གྲུབ་སྲས་ཀྱི་རྒྱུད་ཡིན་ལ།   ཁྲོ་རྒྱལ་སྐུ་གསུང་ཐུགས་གསུམ་གྱི་ནང་ཚན་གསུང་ལྷ་རྒོད་ཀྱི་རྒྱུད་ཡིན་ནོ།  རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་རྒྱུད་ལེའུ་སུམ་ཅུ་སོ་གཅིག་པ་དེ་ཉིད་གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད་ཡིན་ལ།  ཁྲོ་རྒྱལ་སྐུ་གསུང་ཐུགས་གསུམ་གྱི་ནང་ཚན་ཐུགས་གཙོ་མཆོག་གི་རྒྱུད་ཡིན་ནོ།   སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་གཞུང་འདི་རྣམས་ལ།  གསང་བ་འདུས་པ་ཡབ་ཀྱི་རྒྱུད་དང་།  གསང་བ་དོན་གྲུབ་སྲས་ཀྱི་རྒྱུད།   གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད་ཅེས་མཚན་དེ་ལྟར་གསོལ་དགོས་པའི་རྒྱུ་མཚན་དང་དེའི་གོ་དོན་མཐིལ་ཕྱིན་པ་ཞིག་ད་དུང་ཡང་རྟོགས་མ་ཐུབ་ཀྱང་།  དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས།  གསང་བའི་དགོངས་པས་ཁོག་དབུབ་ཅིང་།  སྤྱི་ལུང་སོ་སོར་སྟོན་པ་ཡི།  གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད།  གསང་བའི་མན་ངག་མདོར་བསྡུས་ཤིང་།  དགོས་དོན་རང་སོར་བཞག་པའི།  གསང་བ་འདུས་པ་ཡབ་ཀྱི་རྒྱུད།   གསང་བའི་འཕྲིན་ལས་མཐར་ཕྱིན་ཅིང་།  གསང་བའི་དྲོད་ཚད་མཐོང་ཐོན་པའི།  གསང་བ་དོན་གྲུབ་སྲས་ཀྱི་རྒྱུད། ཅེས་གསུངས་པའི་གོ་དོན་འདི་དང་འབྲེལ་བ་ངེས་ཅན་ཞིག་སྣང་ངོ་།

སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་རང་གི་བསམ་ཚུལ་ཙམ་ཞིག་བཀོད་པའི་ཁུལ་བྱས་པ་ཡིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow