རྩ་བའི་ས་བཅད་དང་པོ་རྒྱ་ཆེ་བ་ཐེག་པ་ཐུན་མོང་གི་ལུགས་དང་བསྟུན་ནས་སྤྱིར་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཡི་ངོས་འཛིན་གཏན་ལ་འབེབས་ཚུལ་དང་། རྩ་བའི་ས་བཅད་གཉིས་པ་ཐེག་པ་ཐུན་མོང་མ་ཡིན་པ་གཞི་ཡེ་གྲོལ་དུ་འདོད་པའི་རྫོགས་པ་ཆེན་པོ་ལ་གསུམ་དུ་བཤད་པའི་ནང་ཚན་གོལ་ས་ཤུགས་ལས་ཆོད་པར་འདོད་པའི་ལུགས་ཀྱི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱེ་བྲག་ཏུ་གཏན་ལ་འབེབས་ཏེ་ངོས་འཛིན་གནང་ཚུལ་དང་གཉིས་སོ། རྩ་བའི་ས་བཅད་དང་པོ་རྒྱ་ཆེ་བ་ནང་པའི་ཐེག་པ་རིམ་པ་དགུ་ཐུན་མོང་གི་ལུགས་ལྟར་ན། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་མདོ་བཞི། ཞེས་པ། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ། བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པ་དང་བཞི་ལ་གསུངས། འདི་རྣམས་ལ་བཀའ་རྟགས་ཀྱི་ཕྱག་རྒྱ་མདོ་བཞི་གསུངས་དགོས་པའི་རྒྱུ་མཚན་ལ་ཞིབ་ཏུ་དཔྱད་ན། གོ་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་འདི་ལྟར་ཏེ། མདོ་དེ་རྣམས་རེ་རེ་ལ་བཀའ་ཡི་ཕྱག་རྒྱ་དང་། རྟགས་ཀྱི་ཕྱག་རྒྱ། རིག་པའི་ཕྱག་རྒྱ། དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱ་བཞི་དང་ལྡན་པས། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་མདོ་བཞི་ཞེས་གསུངས་པ་ཡིན་ལ། ཇི་ལྟར་ལྡན་པའི་ཚུལ་ནི་འདི་ལྟར་ཏེ། དང་པོ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ་ཞེས་གསུངས་པ་འདི་ལ། བཀའ་ཡི་ཕྱག་རྒྱ་དང་ལྡན་ཏེ། སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི་མངོན་རྟོགས་རིག་པའི་རྩེ་འབུམ་དང་། དེ་བཞིན་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་འགྲེལ་མེ་ལོང་དགུ་སྐོར་ལ་སོགས་ལས། འདུས་བྱས་ཐམས་ཅད་ཀྱི་མདོ་ནི་མི་རྟག་པའོ། ཞེས་གསུངས་པ་འདི། སྐྱོན་ཀུན་ཟད་ཡོན་ཏན་ཀུན་དང་ལྡན་པའི་ཐམས་ཅད་མཁྱེན་པའི་སྟོན་པས་གསུངས་པ་ཡིན་པས། ཡིད་ཆེས་པའི་གནས་ཡིན་ལ། རྒྱལ་བའི་བཀའ་ཚད་མ་ལས་གསུངས་པ་ཇི་བཞིན་དུ་འདུས་བྱས་ཐམས་ཅད་ཀྱི་མདོ་མཐར་གཏུགས་ན་དེ་ལས་འདའ་ས་མེད་པས་བཀའ་ཡི་ཕྱག་རྒྱས་བཏབ་པ་ཡིན་ནོ། སྤྱིར་ཕྱག་རྒྱ་ཞེས་པ་ལ་གོ་རྒྱུ་མང་དུ་ཡོད་ཀྱང་སྐབས་འདིར་དེ་ལས་འདའ་ས་མེད་པ་ལ་གོའོ། གཉིས་པ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ་ཞེས་གསུངས་པ་འདི་ལ། རྟགས་ཀྱི་ཕྱག་རྒྱ་དང་ལྡན་ཏེ། དཔེ་མཚོན་ཙམ་ཞིག་ཞུས་ན། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པ་རིགས་པ་སྨྲ་བའི་མདོ་འགྲེལ་ལས། གཟུགས་ཀྱི་ཕུང་པོ་བོན་ཅན། མི་རྟག་པ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར། དཔེར་ན་ཤེས་པ་བཞིན། ཞེས་པའི་རྟགས་འདུས་བྱས་ཀྱི་ཕྱག་རྒྱས་བཏབ་པ་སྟེ། འདུས་བྱས་ཤིག་ཡིན་ཕྱིན་ཆད་མི་རྟག་པ་ལས་འདའ་མི་སྲིད་པས་རྟགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ། གསུམ་པ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ་ཞེས་གསུངས་པ་འདི་ལ། རིག་པའི་ཕྱག་རྒྱ་དང་ལྡན་ཏེ། རྟགས་འདུས་བྱས་ཀྱི་ཕྱག་རྒྱས་བཏབ་པ་ལ་བརྟེན་ནས། གཟུགས་ཀྱི་ཕུང་པོ་མི་རྟག་པར་རྟོགས་པའི་རིག་པ་ཚད་མ་རྒྱུད་ཐོག་ཏུ་སྐྱེ་རུ་ཡོད་ལ། རིག་པ་ཚད་མ་དེས་ཚུལ་ཇི་ལྟར་རྟོགས་པ་དེ་ལས་འདའ་མི་སྲིད་པས་རིག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ། བཞི་པ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ་ཞེས་གསུངས་པ་འདི་ལ། དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱ་དང་ལྡན་ཏེ། དངོས་པོའི་གནས་ཚོད་དང་ཡིན་ལུགས་ཀྱི་དབང་དུ་བྱས་ན། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པ་དངོས་པོའི་གནས་ཚོད་ལ་དེ་ལྟར་གྲུབ་པ་ཡིན་པ་ལས་མ་ཡིན་པ་ལ་ཡིན་པར་སྒྲོ་བཏགས་སོགས་གང་ཡང་མ་ཡིན་པས་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱས་བཏབ་པ་ཡིན་ནོ། དེ་ལྟ་བུའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལྡན་གྱི་རིག་པའི་འགྲོས་རྣམས་མདོ་གཞན་གསུམ་ལ་ཡང་སྦྱར་དུ་ཡོད་པ་སྟེ། དང་པོ་ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བའོ་ཞེས་གསུངས་པ་འདི་ལ་སྦྱར་ཏེ་འཆད་ན། འདི་ལ་ཡང་བཀའ་ཡི་ཕྱག་རྒྱ་དང་ལྡན་ཏེ། རྒྱལ་བའི་བཀའ་དྲི་མ་མེད་པ་མངོན་རྟོགས་རིག་པའི་རྩེ་འབུམ་དང་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་མེ་ལོང་དགུ་སྐོར་སོགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ། གཉིས་པ་རྟགས་ཀྱི་ཕྱག་རྒྱ་དང་ལྡན་ཏེ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པ་རིགས་པ་སྨྲ་བའི་མདོ་འགྲེལ་ལས། ཉེར་ལེན་གྱི་གཟུགས་ཕུང་སོགས་བོན་ཅན། སྡུག་བསྔལ་གྱི་བདེན་པ་ཡིན་ཏེ། ཟག་པ་དང་བཅས་པ་ཡིན་པའི་ཕྱིར། འདོད་ཆགས་ལས་སོགས་པའི་ཉོན་མོངས་པ་བཞིན་ནོ། ཞེས་པའི་རྟགས་ཟག་པ་དང་བཅས་པའི་ཕྱག་རྒྱས་བཏབ་པ་སྟེ། ཟག་པ་དང་བཅས་པ་ཡིན་ཕྱིན་ཆད་སྡུག་བསྔལ་ལས་འདའ་མི་སྲིད་པས་རྟགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ། གསུམ་པ་རིག་པའི་ཕྱག་རྒྱ་དང་ལྡན་ཏེ། རྟགས་ཟག་པ་དང་བཅས་པའི་ཕྱག་རྒྱས་བཏབ་པ་ལ་བརྟེན་ནས། ཟག་པ་དང་བཅས་པའི་ཉེར་ལེན་གྱི་ཕུང་པོ་སྡུག་བདེན་གྱི་རང་བཞིན་ཅན་དུ་རྟོགས་པའི་རིག་པ་ཚད་མ་རྒྱུད་ཐོག་ཏུ་སྐྱེ་རུ་ཡོད་ལ། རིག་པ་ཚད་མ་དེས་ཚུལ་ཇི་ལྟར་རྟོགས་པ་དེ་ལས་འདའ་མི་སྲིད་པས་རིག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ། བཞི་པ་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱ་དང་ལྡན་ཏེ། དངོས་པོའི་གནས་ཚོད་དང་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དངོས་པོའི་གནས་ཚོད་ལ་དེ་ལྟར་གྲུབ་པ་ཡིན་པ་ལས་མ་ཡིན་པ་ལ་ཡིན་པར་སྒྲོ་བཏགས་དང་རྟོག་བཏགས་སོགས་གང་ཡང་མ་ཡིན་པས་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱས་བཏབ་པ་ཡིན་ནོ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བའོ་གསུངས་པ་འདི་ལ་ཡང། དང་པོ་བཀའ་ཡི་ཕྱག་རྒྱ་དང་ལྡན་ཏེ། རྒྱལ་བའི་བཀའ་དྲི་མ་མེད་པ་མངོན་རྟོགས་རིག་པའི་རྩེ་འབུམ་དང་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་མེ་ལོང་དགུ་སྐོར་སོགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ། གཉིས་པ་རྟགས་ཀྱི་ཕྱག་རྒྱ་དང་ལྡན་ཏེ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པ་རིགས་པ་སྨྲ་བའི་མདོ་འགྲེལ་ལས། ཤེས་བྱ་བོན་ཅན། ཐམས་ཅད་མཁྱེན་པའི་སངས་རྒྱས་ཡོད་དེ། འབུམ་ལས་སོགས་པའི་འབྲས་བུ་ཁྱད་པར་ཅན་འདི་དག་དམིགས་པའི་ཕྱིར། ཞེས་པའི་རྟགས་འབུམ་ལས་སོགས་འབྲས་བུ་ཁྱད་པར་ཅན་འདི་དག་དམིགས་པའི་ཕྱག་རྒྱས་བཏབ་པ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ཟབ་མོའི་འབུམ་སྡེ་འདི་དག་དམིགས་ཕྱིན་ཆད། སྡུག་བསྔལ་ཐམས་ཅད་ཡོངས་སུ་ཞི་ཞིང་ཟད་པའི་ཐམས་ཅད་མཁྱེན་པ་ཡོད་པ་དང་། དེ་ལྟ་བུའི་ཐམས་ཅད་མཁྱེན་པ་དེ་སྡུག་བསྔལ་དང་བྲལ་བའི་ཞི་བའི་རང་བཞིན་ལས་འདའ་མི་སྲིད་པས་རྟགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ། གསུམ་པ་རིག་པའི་ཕྱག་རྒྱ་དང་ལྡན་ཏེ། རྟགས་འབུམ་ལས་སོགས་འབྲས་བུ་ཁྱད་པར་ཅན་འདི་དག་དམིགས་པའི་ཕྱག་རྒྱས་བཏབ་པ་ལ་བརྟེན་ནས། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའི་རང་བཞིན་ཅན་ཡིན་པར་རྟོགས་པའི་རིག་པ་ཚད་མ་རྒྱུད་ཐོག་ཏུ་སྐྱེ་རུ་ཡོད་ལ། རིག་པ་ཚད་མ་དེས་ཚུལ་ཇི་ལྟར་རྟོགས་པ་དེ་ལས་འདའ་མི་སྲིད་པས་རིག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ། བཞི་པ་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱ་དང་ལྡན་ཏེ། དངོས་པོའི་གནས་ཚོད་དང་ཡིན་ལུགས་ཀྱི་དབང་དུ་བྱས་ན། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའི་རང་བཞིན་ཅན་ཡིན་པ་ནི་དངོས་པོའི་གནས་ཚོད་ལ་དེ་ལྟར་གྲུབ་པ་ཡིན་པ་ལས་དོན་མེད་ཀྱི་རྟོག་བཏགས་སོགས་གང་ཡང་མ་ཡིན་པས་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱས་བཏབ་པ་ཡིན་ནོ། བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པའོ་ཞེས་གསུངས་པ་འདི་ཡང་། དང་པོ་བཀའ་ཡི་ཕྱག་རྒྱ་དང་ལྡན་ཏེ། རྒྱལ་བའི་བཀའ་དྲི་མ་མེད་པ་མངོན་རྟོགས་རིག་པའི་རྩེ་འབུམ་དང་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་མེ་ལོང་དགུ་སྐོར་སོགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་པས་དེ་ལས་འདའ་བ་མི་སྲིད་དོ། གཉིས་པ་རྟགས་ཀྱི་ཕྱག་རྒྱ་དང་ལྡན་ཏེ། གཏན་ཚིགས་ཐིགས་པ་རིགས་པ་སྨྲ་བའི་མདོ་འགྲེལ་ལས། ཉེར་ལེན་གྱི་ཕུང་པོ་ལྔ་པོ་བོན་ཅན། བདག་མེད་ཡིན་ཏེ། བདག་ཡོད་ན་ཚད་མས་དམིགས་སུ་རུང་བ་ལ་བདག་ཡོད་པར་ཚད་མས་མ་དམིགས་པའི་ཕྱིར། དཔེར་ན་བུམ་པ་དག་པའི་ས་ཕྱོགས་ན་བུམ་པ་མེད་པ་བཞིན་ནོ། ཞེས་གསུངས་པའི་རྟགས་བདག་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་བདག་ཡོད་པར་ཚད་མས་མ་དམིགས་པའི་ཕྱག་རྒྱས་བཏབ་པ་སྟེ། བདག་ཚད་མས་མ་དམིགས་པ་ཡིན་ཕྱིན་ཆད། བོན་ཐམས་ཅད་བདག་མེད་ཀྱི་རང་བཞིན་ལས་འདའ་མི་སྲིད་པས་རྟགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ། གསུམ་པ་རིག་པའི་ཕྱག་རྒྱ་དང་ལྡན་ཏེ། རྟགས་བདག་ཚད་མས་མ་དམིགས་པའི་ཕྱག་རྒྱས་བཏབ་པ་ལ་བརྟེན་ནས། བོན་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་པའི་རིག་པ་ཚད་མ་རྒྱུད་ཐོག་ཏུ་སྐྱེ་རུ་ཡོད་ལ། རིག་པ་ཚད་མ་དེས་ཇི་ལྟར་རྟོགས་པ་ལྟར་དེ་ལས་འདའ་མི་སྲིད་པས་རིག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ། བཞི་པ་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱ་དང་ཡང་ལྡན་ཏེ། དངོས་པོའི་གནས་ཚོད་དང་ཡིན་ལུགས་ཀྱི་དབང་དུ་བྱས་ན། བོན་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་ཡིན་པ་དངོས་པོའི་གནས་ཚོད་ལ་དེ་ལྟར་གྲུབ་པའི་གཏམ་ཞིག་ཡིན་པ་ལས་ལོག་རྟོག་དང་སྒྲོ་འདོགས་ཀྱི་དབང་དུ་བསྒྱུར་བ་ཞིག་གཏན་ནས་མིན་པས་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱས་བཏབ་པ་ཡིན་ནོ། དོན་བོན་ཉིད་དང་མི་འགལ་བ་ནི་དངོས་པོའི་གནས་ཚོད་དང་འགལ་ཟླ་ཅི་ཡང་མེད་པའི་དོན་ཡིན་ནོ། འདི་ལྟར་བཤད་པ་ནི། ཐེག་པ་ཐུན་མོང་གི་དབང་དུ་བྱས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་མདོ་བཞི་ཡི་འགྲེལ་བཤད་ཞིབ་པར་བཤད་པ་ཡིན་ནོ། གསུང་རབ་ཀྱི་དགོངས་དོན་འདི་ལྟར་བཀྲོལ་བའི་སྤོབས་པ་རྙེད་པ་ཡང་རང་སྟོབས་ཀྱིས་མ་ཡིན་པར། བླ་ཆེན་དྲན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བའོ། རྩ་བའི་ས་བཅད་གཉིས་པ་ནང་པའི་ཐེག་པ་ཐུན་མོང་མ་ཡིན་པ་ཟབ་པ་ཡང་རྩེ་བླ་ན་མེད་པའི་ཐེག་པའི་ལུགས་དང་བསྟུན་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱེ་བྲག་ཏུ་ངོས་འཛིན་ན་འདི་ལྟར་ཏེ། གཞི་རང་འབྱུང་གི་ཡེ་ཤེས་དོན་ཐིག་ལེ་ཉག་གཅིག་བློ་འདས་བླ་མེད་ཀྱི་དགོངས་པ་འདི་ཉིད། དང་པོ་བཀའ་ཡི་ཕྱག་རྒྱ་དང་ལྡན་ཏེ། རྫོགས་པ་ཆེན་པོ་གཞུང་ཆེན་སྡེ་བཞི་ལས་སོགས་སེམས་ཕྱོགས་ཀྱི་བཀའ་ཐམས་ཅད་ནས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད་ཡིན་པ། རྒྱུད་ལུང་མན་ངག་ཀུན་གྱི་སྙིང་པོ་ཡིན་པ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པ། གྲུབ་མཐའ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ། ཐེག་པ་འོག་མ་ཕྱོགས་སུ་མི་གཅོད་པ། འཛིན་བྱེད་བརྒྱད་ཀྱི་མཐའ་མ་རེག་པ། འགག་མེད་རིམ་བརྒྱད་ཁྱད་དུ་མི་གསོད་པ། སྤོང་སྡུད་ཞེན་གསུམ་གཏན་ནས་མི་མངའ་བ། རྒྱུ་འབྱུང་བ་བཞི་ལ་རགས་མ་ལས་པ། འབྲས་བུ་སྐུ་གསུང་ཐུགས་གསུམ་ལ་རྟེན་མི་འཆའ་བ། འཁོར་འདས་སྣང་སྲིད་ཀྱི་བཀོད་པ་ཐམས་ཅད་ཡེ་གྲོལ་ཀློང་ཆེན་གྱི་ངང་དུ་རྫོགས་པ་སོགས་ཆེ་བའི་ཡོན་ཏན་ཇི་སྙེད་གཅིག་གསུངས་པ་ཐམས་ཅད་བཀའ་ཡི་ཕྱག་རྒྱས་བཏབ་པ་སྟེ། ཚུལ་དེ་ལས་འདའ་མི་སྲིད་པས་དེ་དེ་བཞིན་ནོ། གཉིས་པ་རྟགས་ཀྱི་ཕྱག་རྒྱ་དང་ལྡན་ཏེ། གཏན་ཚིགས་ཆེན་པོ་བཞིའི་ཕྱག་རྒྱས་བཏབ་པ་སྟེ། བོན་ཉིད་ཕྱོགས་མེད་ཀྱི་གཏན་ཚིགས་དང་། ངོ་བོ་ངེས་མེད་ཀྱི་གཏན་ཚིགས། དོན་སྐྱེ་མེད་ཀྱི་གཏན་ཚིགས། བདག་ཉིད་ཐོག་མཐའ་མེད་པའི་གཏན་ཚིགས་དང་བཞི་ཡི་ཕྱག་རྒྱས་བཏབ་པས། གཞི་ཡི་ངོ་བོ་ཕྱོགས་མེད་དང་ངེས་མེད་དང་སྐྱེ་མེད་དང་ཐོག་མཐའ་མེད་པའི་རང་བཞིན་ལས་ནམ་ཡང་འདའ་མི་སྲིད་པས་དགག་སྒྲུབ་བྲལ་བའི་གཏན་ཚིགས་བཞི་ཡི་ཕྱག་རྒྱས་བཏབ་པ་ཡིན་ནོ། གསུམ་པ་རིག་པའི་ཕྱག་རྒྱ་དང་ལྡན་ཏེ། འདས་པའི་རྗེས་མ་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟ་བ་ལ་རྩིས་གདབ་མ་བྱེད། ཕྱི་ཡི་ཡུལ་ལ་མ་བརྟག ནང་གི་སེམས་ལ་མ་དཔྱད། སྔ་ཕྱིར་མི་འབྲེང་བའི་སྒོ་ནས། སེམས་མ་བཅོས་པའི་ངང་ལ། རིག་པ་མ་ཡེངས་པར་རང་སར་བཞག་སྟེེ། དགོངས་པ་ཐང་བཅད་ནས་སྒོམ་པའི་སྒྲུབ་པ་པོའི་རང་གསལ་གྱི་རིག་པ་རྗེན་པ་ལ་ཡང་། རྒྱལ་བའི་བཀའ་ལུང་ལས་གསུངས་པ་དང་། བླ་མས་ངོ་སྤྲོད་པ་ཇི་བཞིན་ཤར་བས་རིག་པའི་ཕྱག་རྒྱས་བཏབ་པ་སྟེ། དེ་ལས་འདའ་ས་མེད་དོ། བཞི་པ་དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱ་དང་ལྡན་ཏེ། སྣང་སྲིད་འཁོར་འདས་ཀྱི་བཀོད་པ་ཇི་སྙེད་ཅིག་ཤར་ཡང་ཐམས་ཅད་རང་འབྱུང་གི་རིག་པའི་རང་རྩལ་དང་རང་གདངས་ཡིན་ཕྱིར། རང་འབྱུང་གི་རིག་པ་འདི་དང་འགལ་ཟླ་རུ་གྱུར་པ་གཅིག་ཀྱང་མི་སྲིད་པས། དོན་བོན་ཉིད་དང་མི་འགལ་བའི་ཕྱག་རྒྱས་བཏབ་པ་ཡིན་ནོ། འདི་ནི་ཡང་གསང་བླ་མེད་ཀྱི་ལུགས་དང་བསྟུན་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཡི་རྣམ་བཤད་མདོར་ཙམ་བཤད་པ་ཡིན་ནོ། འདི་ལ་བཀའ་ལུང་ལས་སྣང་། གཏན་ཚིགས་ཀྱིས་རྒྱས། རིག་པའི་ཤེས་པས་འཐད། དོན་བོན་ཉིད་དང་མི་འགལ་ཞེས་བླ་ཆེན་དྲན་པས་གསུངས་སོ།
བླ་ཆེན་དྲན་པས་གསུངས་པའི་རང་གྲོལ་རིག་པའི་གཞུང་ལ་ཤེས་ནས་ཐོབ་པའི་དད་པས་སྣ་དྲངས་ཏེ་ཐུན་མིན་གཡུང་དྲུང་བོན་གྱི་ལུགས་ཀྱི་བཀའ་རྟགས་ཕྱག་རྒྱ་བཞི་ཡི་འགྲེལ་ཚུལ་འདི་ནི་གཞུང་ཆེན་དོན་གཉེར་ཅན་རྣམས་ལ་བློ་བསྐྱེད་གསར་པ་ཞིག་གི་ཚུལ་དུ་ཉི་མའི་མིང་ཅན་དུ་འབོད་པའི་དཔེ་ཆ་བ་དེས་ས་འཛིན་སྨན་གྱི་རི་བོ་ནས་ཕུལ།