༧སྨན་རིའི་དགེ་བཤེས་སྣང་རྒྱལ་ཤེས་རབ་བསམ་འཕེལ་ལགས་ཀྱི་བརྩམས་ཆོས་དེབ་ཕྲེང་གསུམ་པར་སྐྲུན་འགྲེམ་སྤེལ་བྱས་པ།

གླེང་བརྗོད།

                                           དགེ་བཤེས་སྣང་རྒྱལ་གཡུང་དྲུང་དགེ་ལེགས།

སྙན་ངག་ནི་འཚོ་བའི་ཁྲོད་ན་འདྲེས་ཤིང་ཐིམ་ནས་ཡོད་པས། མི་རེ་རེ་ལ་རང་ཉིད་ཀྱི་འཚོ་བའི་མྱོང་བ་ཡོད་པ་དེ་བཞིན་ཏུ་སྙན་ངག་གི་བང་མཛོད་ཆེན་པོ་རེའང་ཡོད་པ་ཡིན། དེས་ན་སྙན་ངག་གི་ཉེར་རྒྱུ་ནི་མིའི་རིགས་སྤྱི་ལ་ཁྱབ་པའི་ཐུན་མོང་བ་ཞིག་ཡིན་པ་ལས་རིས་སུ་བཅད་པ་ཞིག་མ་རེད། ཡིན་ན་ཡང་།  འཇིག་རྟེན་འདིར་སྙན་ངག་མཁན་དུ་གྲགས་པ་དེ་དག་ལ་ཐུན་མོང་མ་ཡིན་པའི་རྟོག་འགྱུ་སྐྱེན་པོ་ཞིག་ཡོད་པ་དེས་མྱོང་བའི་བང་མཛོད་ཀྱི་རྒྱུ་དངོས་དག་ལ་ཚོར་བའི་ཚོན་རྩི་འབྱུག་པར་བྱེད་ཅིང་། ཚོར་བའི་ཐོན་རྫས་དེ་ཀློག་པ་པོའི་ཡི་གར་འཕྲོད་པར་བྱས་པས་ད་གཟོད་ཁྱོད་ཀྱི་སྙན་ངག་དེ་ཁྲོམ་ར་ཅན་དུ་གྱུར་བར་མ་ཟད་དེའི་ཤུགས་ཀྱིས་ཁྱོད་ཀྱང་སྙན་ངག་གི་བྱེད་པོ་སྟེ་སྙན་ངག་མཁན་དུ་གྱུར་བ་རེད། དེར་བརྟེན་སྙན་ངག་གི་ཉེར་ལེན་ཡོད་པས་མི་ཆོག་པར་དེའི་ལྷན་ཅིག་བྱེད་རྐྱེན་ཏེ་རྣམ་རྟོག་ཕྱུག་པོ་དང་འགྱུ་བ་རྒོད་པོ་ཞིག་མེད་ན་ཁྱོད་ཀྱིས་སྙན་ངག་ཟེར་བ་ཞིག་བསྐལ་བའི་བར་དུ་སྦྱང་ན་ཡང་ཤེས་པར་མི་འགྱུར།
སྐབས་སུ་བབས་པ་མཆེད་གྲོགས་དགེ་བཤེས་ཤེས་རབ་བསམ་འཕེལ་གྱི་སྙན་ངག་གི་ཆེད་དེབ་འདིའི་ཐད་ནས་བཤད་ན། ཁོང་གིས་ཐུགས་རེ་བཞིན་ཕྲན་གྱིས་ཞུ་དག་བྱེད་ཁུལ་བྱས་ཏེ་ཚིག་འབྲུ་རེ་རེ་བཞིན་ཞིབ་མོར་བཀླག་པས་ཚིག་དོན་གཉི་གར་འཇུག་ཐུབ་པ་བྱུང་། ཞུ་དག་གི་བརྒྱུད་རིམ་ཁྲོད་ནས་ཁོ་བོར་འདི་ནི་ཁོང་གི་སྙན་ངག་གི་ཁྱད་ཆོས་སོ་སྙམ་པ་ཞིག་བྱུང་བ་ནི་ཁ་གསལ་པོ་ཡོད་པ་དེ་རེད། སྤྱིའི་ཆ་ནས་བཤད་ན་ཁ་གསལ་པོ་ནི་སྙན་ངག་གི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ན་ཡང་། སྐབས་རེར་དགོས་དབང་གིས་ཁ་ཤིན་ཏུ་དམ་པའི་སྙན་ངག་ཀྱང་འབྱུང་གི་ཡོད་པ་ནི་སྙན་ངག་མཁན་གྱི་རྩལ་ལ་རགས་ལས་པ་ཞིག་རེད། འོན་ཀྱང་ཁོང་གི་སྙན་ངག་གི་ཁྲོད་ན་དེ་འདྲའི་གོ་དཀའ་བའི་རིགས་གང་ཡང་མེད་པ་འདི་ནི་ཀློག་པ་པོ་ལ་ཁ་ཕྱོགས་སྟངས་ཤིག་རེད་ཅེས་བཤད་ནའང་ཆོག་པར་སྙམ། ལུགས་སྲོལ་ལྟར་བྱས་ན་སྙན་ངག་ཆེད་དེབ་ཀྱི་གླེང་བརྗོད་ཅིག་འབྲི་བ་ལ་སྙན་ངག་དཔྱད་བརྗོད་ཀྱི་རྣམ་དཔྱོད་དང་མྱོང་བ་གང་འཚམས་ཤིག་ངེས་པར་མཁོ་བ་ཡིན་མོད། ཁོ་བོ་ནི་སྙན་ངག་ཀློག་རྒྱུ་དང་འབྲི་རྒྱུར་མོས་པ་ཆེ་བ་ཙམ་ལས་དཔྱད་བརྗོད་ཀྱི་མྱོང་བ་དང་དཔྱོད་པ་ཡོད་མཁན་ཞིག་མིན། འོན་ཀྱང་རང་ཉིད་རང་གི་དཔང་པོར་བཟུང་སྟེ་བཤད་ན་ང་ནི་སྙན་ངག་ཀློག་མཁན་གཞུང་དྲང་ཞིག་ཡིན་ཞེས་བཤད་ནའང་ཐལ་ཆ་མེད་པ་ལྟ་བུ་ཡིན།

དེར་བརྟེན་ཚད་ངེས་ཅན་ཞིག་གིས་ཐོག་ནས་བཤད་ན་དཔྱད་བརྗོད་འདི་འདྲ་ཞིག་སྤེལ་རྒྱུའི་འོས་བབས་ཅུང་ཙམ་ཡོད་དགོས་པ་ཞིག་ཀྱང་རེད། ཁོང་གི་སྙན་ངག་འདི་དག་ལ་ཚད་མཐོའི་གདེངས་འཇོག་བྱེད་མིན་ཀློག་པ་པོའི་མྱོང་ཚོར་ལ་རག་ལས་པས་ཁ་ཚོན་གཅོད་དཀའ་མོད། རྒྱུན་དུ་ནས་སྙན་ངག་གི་ཕྱོགས་ལ་འབད་བརྩོན་དེ་ཙམ་མི་གནང་བའི་ཁོང་ལྟ་བུར་མཚོན་ན་ངེས་པར་དུ་བསྔགས་པར་འོས་པའི་གནས་སུ་རུང་བ་ཡིན། བརྗོད་བྱ་འདེམས་སྟངས་ཀྱི་ཆ་ནས་ཕལ་ཆེར་བསྟོད་རྩོམ་དང་རྩོད་སྤོང་གི་རྣམ་པ་ཅན་ཡིན་པ་སྟེ། ཁོར་ཡུག་དང་ཆེད་ལས་ཀྱི་དབང་གིས་རྩོད་སྤོང་གི་རྩོམ་ཡིག་དག་ལ་ནི་རང་ཉིད་ཀྱི་ལྟ་བ་གསོང་པོར་བརྗོད་པའི་རྩལ་ཡོད་པ་ནི་ཚིག་གི་རྩལ་ཀྱིས་མ་ཡིན་པར་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བ་ཡིན་པས། འདི་ཁོང་གི་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་གཙོ་བོར་བཤད་དཀའ་ན་ཡང་ཀློག་པ་པོའི་དང་བ་འདྲེན་པའི་འགུག་ཤུགས་ཤིག་ཡོད་ན་དེ་ནི་འདི་འོ་ཞེས་བཤད་ཐུབ་པ་ཞིག་རེད།

སྐད་ཆ་ནི་ཚོར་བའི་རྗེས་སུ་འགྲོ་བ་ཡིན་ཞིང་། ཚོར་བ་དང་སྐད་ཆ་གཞི་གཅིག་ཏུ་བསྲེ་ཐུབ་པའམ་ཚོར་བའི་རང་མདངས་མ་ལུས་པ་སྐད་ཆའི་ཕུང་པོར་སྤུང་ཐུབ་པ་ནི་སྨྱུག་ཐོག་པའི་ཁྱད་ཆོས་ཡིན་ཞིང་། དེ་ལས་ཀྱང་ཕུན་སུམ་ཚོགས་པའི་ཚིག་གི་སྦྱོར་བས་ཀློག་པ་པོའི་སྐོམ་པའི་གདུང་བ་བསལ་ཐུབ་པ་ནི་སྙན་ངག་པའི་ཁྱད་ཆོས་ཡིན།  དེའི་དབང་གིས་སྙན་ངག་ནི་ཡི་གེའི་རྫི་བོ་དག་ལ་ངེས་པར་དུ་མཁོ་བའི་ལག་ཆ་ཞིག་ཡིན་པའང་ངེས་པར་ཤེས་དགོས་པ་ཞིག་རེད། སྤྱིར་བཏང་གི་མི་ཞིག་ལ་མཚོན་ན་རྟོགས་པ་ཐོད་བརྒལ་བ་ཞིག་སྐྱེ་མི་ཐུབ་པ་ཇི་བཞིན་སྙན་ངག་གི་སྨྱུག་རྩལ་གློ་བུར་བ་ཞིག་དང་མཚོན་ཐབས་ཀྱི་ལག་ལེན་གློ་བུར་བ་ཞིག་ཀྱང་སྐྱེ་མི་ཐུབ་པ་སྨྲོས་ཅི་དགོས་ཏེ། སེམས་ཁམས་ལ་སྙན་ངག་གི་ཚོར་བ་སྐྱེན་པོ་ལྷན་སྐྱེས་སུ་ཡོད་པ་དག་གིས་ཀྱང་ངེས་པར་དུ་ཚོར་བའི་མེ་སྟག་དེ་ཉིད་སྙན་ངག་གི་མེ་ཕུང་ཆེན་པོ་ཞིག་ཏུ་འགྱུར་བར་བརྩོན་པ་སྣ་ཚོགས་བསྐྱེད་དགོས་པ་ལས་གཞན་པའི་མྱུར་ལམ་ཞིག་མེད་པ་རེད།
དེར་བརྟེན་རྩོམ་པ་པོ་ཁོང་ཡང་ངེས་པར་དུ་བརྒྱུད་དགོས་པའི་རིམ་པ་འདིར་ཞུགས་པར་སློབ་དཔོན་ལྟ་བུའི་མདུན་ནས་འཐེན་མཁན་ཞིག་བྱེད་མི་ཐུབ་ན་ཡང་དཔུང་རོགས་ལྟ་བུའི་རྒྱབ་ནས་སྐྱོར་མཁན་ཞིག་བྱེད་དགོས་པའི་འོས་བབས་འདི་དགའ་བཞིན་དང་དུ་བླངས་པའོ། །
ཕྱི་ལོ།༢༠༢༠།༢།ཚེས་ཤར་ལ་དགེ་བཤེས་སྣང་རྒྱལ་གཡུང་དྲུང་དགེ་ལེགས་ནས།

འབྲས་རྟགས་ཡང་དག

ལྟ་ཚུལ་ཁག་ཅིག་ལ་འཇུས་ཏེ་དེབ་འདི་ངོ་སྤྲོད་ཀྱི་གླེང་མོལ་ཞུ་བ།

    དགེ་བཤེས་ཁྲི་གཡུང་དྲུང་།

༡༽བརྗོད་འདོད་གཏམ་ལ་འཇུས་ནས་གླེང་སློང་བ།

དེབ་འདིའི་རྩོམ་པ་པོ་དང་ངེད་གཉིས་ནི། རྒྱ་གར་འཕགས་པའི་ཡུལ་ནས་མི་ལོ་ཉི་ཤུ་མ་ཟིན་ཙམ་གནས་ཡུལ་གཅིག་ཏུ་བསྡད། དཀའ་སྡུག་སྣ་ཚོགས་ཀྱི་འཚོ་བ་མཉམ་དུ་རོལ། གདན་ས་སྨན་གྱི་རི་བོའི་ངོགས་ག་ལ་བ་ནས་རིགས་ལམ་གྱི་ཀི་སྒྲ་མཉམ་དུ་སྒྲོག ཐལ་ཕྱིར་གྱི་རིག་པའི་རོལ་རྩེད་ལ་ཆབས་ཅིག་རྩེན། འཆད་ར་གཅིག་ནས་འཚར་ལོངས་བྱུང་བ་ཡིན། “བླ་མ་གཅིག་གི་སློབ་མ་དང་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་”སུ་གྱུར་ནས་“མགོ་ལ་བུམ་པ་མཉམ་བཞག་དང་ལྕེ་ལ་བདུད་རྩི་མཉམ་རོལ་”བྱས། ”དམ་ཚིག་གཅིག་པའི་མཆེད་གྲོགས་དང་ཕྱི་ཐག་རིང་བའི་གྲོགས་པོ་”གཡུང་དྲུང་སྤུན་མཆེད་”དུ་གྱུར། ཁོང་གིས་ལོ་མང་རིང་”ལེ་ལོ་རྒྱང་དུ་བདས་བརྩོན་འགྲུས་རྟག་ཏུ་བསྐྱེད་”ནས་སློབ་གཉེར་གྱི་ཞར་ལ་བྲིས་གནང་བ་ལ། སྐྱེས་ཆེན་ཁག་གཅིག་གི་རྣམ་ཐར་དང་། གཞུང་ལུགས་དང་འབྲེལ་བའི་དཔྱད་གཏམ། སྤྱི་ཚོགས་དང་འབྲེལ་བའི་དཔྱད་བརྗོད་སོགས་ལས་གྲུབ་པའི་དེབ་འདི་ནི།”བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུངས་འབིགས།།ཤེས་རབ་རྣོ་བ་སྤང་ལ་མེ་ཤོར་འདྲ།།”ཞེས་པ་དང་ཚུལ་མཚུངས་པའི་བྱས་རྗེས་ཀྱི་རིམ་པ་ཞིག་དང་།”འབྲས་རྟགས་ཡང་དག་”ཅིག་ཏུ་ངོས་འཛིན་ཞུ་གི་ཡོད།
ཟླ་ཤས་གོང་ཙམ་ན། ཁོང་གིས་དེབ་འདིར་ཞུ་དག་དང་གླེང་བརྗོད་ཅིག་ཀྱང་འབྲི་སྐུལ་གནང་བྱུང་། ཁོ་བོས་དེ་དོན་ཁས་ལེན་ཞུས། “བྱང་སེམས་ཀྱི་གཤོག་པ་བརྐྱངས་ཤིང་ཞེ་སྡང་གི་སྡེར་མོ་བསྐུམས་”ཏེ་བྱས་པ་ལ་བསྟོད་བསྔགས་འབུལ་བ་དང་རྗེས་བཞག་ལ་ཡི་རངས་གུས་བརྩིའི་ཆེད། ”རྩིང་པོ་ཞིབ་ཏུ་འཐག །ཞིབ་མོ་ཚགས་ཀྱིས་བཙགས། །”ཟེར་བ་ལྟར་དེབ་འདི་ཞིབ་ཀློག་ཐེངས་གཅིག་དང་། ཞུ་དག་གི་རིམ་པ་ལ་ཡང་རམ་འདེགས་ཤིག་ཐུབ་ཐབས་ལ་འབད་པ་བྱས། དེ་བཞིན་ཁོང་གི་རེ་འདོད་བཞིན་གླེང་བརྗོད་ཀྱི་དོད་འདི་འབྲི་བ་ལའང་བློ་རྩེ་གཏོད་ཁུལ་བགྱིས།

མཚམས་འདིར་ཁོང་གི་སྐོར་བསྡུས་ཙམ་ཞིག་ཞུ་རྒྱུར། “བརྩོན་པ་རྟག་ཏུ་མ་བཏང་ན་བྱ་བ་མི་འགྲུབ་ཅི་ཡང་མེད་”ཟེར་བ་ལྟར། ཁོང་ནི་དུས་ཀུན་ཏུ་མཚན་ཉིད་ཕྱག་དཔེ་ཁག་ལ་གཟིགས་ཤིང་རྟགས་གསལ་ཡག་པོ་གཏོང་མཁན་ཞིག་ཡིན། ༢༠༡༦ ལོར་དགེ་བཤེས་ཐོན། ༢༠༡༨ ལོར་སྨན་རིའི་གླིང་དུ་མཚན་ཉིད་དགེ་རྒན་གྱི་གྲས་སུ་བསྐོ་བཞག་གནང་། གུས་རྟག་གི་བརྩོན་འགྲུས་དང་རྟགས་གསལ་གྱི་རིག་ལམ་བཅས་ནི་གདེངས་འཇོག་གི་ཡུལ་དང་ཡི་རངས་ཀྱི་གནས་སུ་གྱུར་པ་ཞིག་ཡིན།

གཞུང་ལུགས་ཀྱི་ཚིག་དོན་གཉིས་ཀར་གོ་བ་གཏིང་དཔོག་པའི་མཁྱེན་རབ་རྒྱས་ཤིང་མྱོང་བ་རྒྱུད་ལ་སྐྱེས་པའི་འབྲས་རྟགས་སུ་གནད་དོན་རྣམས་ཁོལ་དུ་ཕྱུང་སྟེ་རྣག་ཐོག་གཙག་འཁེལ་ལྟར་གོ་བདེའི་ཡིག་རིས་སུ་ཕབ་གནང་ཡོད་པ་ནི། ”བན་ཆོས་ཡོད་ཀྱིས་ཁྲོམ་ཐོག་གཅོད་པའི་དུས། །དཔོན་ཆོས་རྒྱལ་ཡིན་ཡང་བྱ་ཐབས་དབེན། །”ཟེར་བ་ལྟར། ལོ་མང་རིང་གཡུང་དྲུང་བོན་གྱི་གཞུང་ཆེན་བཀའ་པོད་ཁག་ལ་སྦྱངས་པའི་རིག་པའི་བྱང་ཚད་དང་ཉམས་མྱོང་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་རིག་མཛོད་ཅིག་རེད་ཅེས་ཞུ།

དེ་ནི་བཀའ་དྲིན་གཞལ་མཐའ་ཡས་པ་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ཕ་ཡིས་བུ་ལ་གདམས་པ་ལྟར། ”མེ་གཏོང་ས་ནས་ས་འཚིག་དགོས། ལས་ཀ་ག་རེ་བྱས་ནའང་ངང་རྒྱུད་རིང་དགོས། རང་ཚུགས་བརྟན་དགོས། གྲུབ་འབྲས་ཐོན་དགོས།”ཞེས་ནན་གྱིས་གསུངས་ཤིང་གདམས་པ་བཞིན། དགེ་བཤེས་མ་ཐོན་བར་དུ་སློབ་གཉེར་པ་རེ་རེ་ལ་བདུན་ཕྲག་དང་ཟླ་བ་རེ་རེ་ལ་ཡིག་རྒྱུགས་དང་རྩོམ་རྒྱུགས་བགྲོ་གླེང་གི་རྩོམ་ཡིག་སོགས་འབྲི་རུ་བཅུགས་ནས་གསོག་འཇོག་གནང་ཡོད་པའི་བཀའ་དྲིན་ལས་སྨན་རིའི་གླིང་ནས་ལོ་རེར་བརྗོད་བྱ་སྣ་མང་གིས་གྲུབ་པའི་དཔེ་དེབ་གང་མང་ཞིག་སྤང་ལ་ཤ་མོ་བརྡོལ་བ་ལྟར་ཐོན་བཞིན་ཡོད། འདི་ནི་དྲིན་ཆེན་བླ་མ་དམ་པ་གང་གི་བཀའ་དྲིན་དང་མི་བུ་སོ་སོའི་བརྩོན་པའི་སྟོབས་ལས་འཁྲུངས་པ་ཞིག་ཡིན།
༢༽ རྩོམ་གྱི་ཚིག་དོན་བཀླགས་ནས་ངོ་སྤྲོད་པ།

“བུ་སྐྱེས་པ་ལ་མིང་དང་། ཆང་དྲངས་པ་གཏམ།”ཞེས་པའི་དཔེ་ལྟར། རྩོམ་དེབ་འདིའི་མཚན་བྱང་ལ་<<དཔྱད་གཏམ་ལུང་རིག་ཉི་ཟེར་>>ཞེས་བཏགས་གནང་འདུག། དེ་ཡང་སློབ་པ་ལམ་གྱི་གནས་སྐབས་ནས་ད་ལ་ཐུག་གི་བར། གཞུང་ལུགས་ཁག་གི་དཀའ་བའི་གནད་དོན་དང་སྔོན་བྱོན་སྐྱེས་ཆེན་ཁག་གི་མཛད་རྗེས་སོགས་དཔྱད་གསུམ་དག་པའི་གཏམ་དུ་དྲངས་ཤིང་རྒྱལ་བའི་བཀའ་ལུང་དང་རིག་པ་ཚད་མ་དག་གིས་མཛེས་པར་བརྒྱན་ཏེ་ཞོགས་པའི་ཉི་གཞོན་གྱི་ཟེར་མ་ཀུན་ལ་ཁྱབ་པ་ལྟར་གང་ཞིག་གསལ་ཞིང་གསལ་བར་བརྗོད་པ་རྒྱུ་མཚན་དུ་བྱས་པ་ནི་མཚན་བྱང་གི་དོན་དུ་བདག་སྙམ། ངས་འདི་ལྟར་གོ་བ་བསྐྱེད་པའང་ཡིན།

སྡེ་ཚན་དང་པོའི་རྩོམ་ཡིག་ཐོག་མ་ནི། <<སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་སྐུ་ཚེའི་བྱུང་བ་མདོ་ཙམ་བརྗོད་པ་>>སྟེ། དུས་རབས་བཅུ་དགུ་པར་མདོ་སྨད་དུ་བྱོན་པའི་སྐྱེས་ཆེན་ཞིག་གི་སྐོར་གླེང་འདུག སྐྱེས་ཆེན་དེ་ནི་ཞང་ཞུང་གི་ལོ་རྒྱུས་གླེགས་བམ་དག་ཏུ་གསལ་བའི་ཞང་ཞུང་སྟོང་རྒྱུང་རིང་མོ་ཞེས་པའི་གདུང་ལས་སྣང་ཞིག་དོ་འཕགས་ཆེན་པོ་བྱུང་བ་དང་དེ་ནས་རིམ་བཞིན་སྣང་ཞིག་བླ་རབས་སུམ་ཅུ་སོ་དགུ་བྱོན་པ་ལས་གདུང་རབས་སོ་བདུན་པ་དེ་རེད། རྩོམ་ཡིག་འདི་བཞིན་ལོ་རྒྱུས་ཞིབ་འཇུག་གི་རིག་ལམ་སྤྱད་ནས་བྲིས་ཡོད་སྟབས། འབྲི་སྟངས་དང་དཔྱད་སྟངས་གང་ཅི་ན་ལེགས་ཆ་མང་བ་ཞིག་ཏུ་འདུགའདི་ནི་ཁོང་གིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་ཐེངས་བཅོ་ལྔ་པའི་སྟེང་སྒྲོག་སྦྱོང་གནང་མྱོང་བ་ཞིག་ཀྱང་རེད།
རྩོམ་ཡིག་གཉིས་པ་ནི་<<ཞང་ཞུང་སྙན་རྒྱུད་ཀྱི་བླ་རྒྱུད་མུ་ཏིག་ཕྲེང་བ་>>རེད། དེ་རུ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བླ་རབས་ཐམས་ཅད་ཀྱི་ཐོག་མ་དགོངས་རྒྱུད་ཀྱི་སྟོན་པ་དགུ་ནས་མཐར་སྨན་རིའི་མཁན་རབས་རིམ་བྱོན་ལ་ཐུག་གི་བར་”བྱིན་རླབས་ཀྱི་ན་བུན་མ་ཡལ། མི་ཚིགས་ཀྱིས་ལྷད་མ་ཞུགས་”པར་ཡོད་པ་རྣམས་ཁ་གསལ་དུ་བཀོད་འདུག
ཡང་། བླ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་མདོར་བསྡུས་ཤིག་བཀོད་འདུག དེ་ལ་ཡང་རང་རེའི་བསྟན་འབྱུང་གསར་རྙིང་ཀུན་གྱི་དགོངས་པའི་གུང་སྒྲིག་སྟེ་སྐུ་ཚེ་སྟོད་སྨད་ཀྱི་རྣམ་ཐར་དང་ཡབ་ཡུམ་དང་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་བསྟན་རྩིས་ཁག་གི་དགོངས་དོན་ལ་དོགས་གཅོད་གནད་འབྲེལ་གནང་འདུག
སྡེ་ཚན་གཉིས་པར་མཚོན་ན།གཡུང་དྲུང་བོན་ལུགས་ལྟར་མཚན་ཉིད་གཞུང་ཆེན་ཁག་གི་སྐོར་བཀོད་ཡོད་པ་སྟེ། <<ཕྲ་རྡུལ་གྱི་དེ་ཉིད་འཚོལ་བ།>><<མཛོད་གནས་དང་པོ་སྲིད་པ་གསུམ་གྱི་སྐོར།>><<དབུ་མའི་ལྟ་དོན་སྐོར།>><<རྟགས་རིགས་ཀྱི་ཉིང་དགོས།>><<གང་ཟག་ཉི་ཤུའི་མཐའ་དཔྱོད།>><<གཡུང་དྲུང་བོན་གྱི་ཐེག་དགུའི་རྣམ་གཞག>><<འཕྱོང་ཆེན་སྡེ་དགུའི་སྐོར།>><<ལྷན་སྐྱེས་ཀྱི་མ་རིག་པ་ལས་གྱེས་པའི་ཉོན་ཤེས་གཉིས་ཀྱི་ངོ་བོ་ལ་ཞིབ་པར་དཔྱད་པ།>><<མཛོད་སྒྲ་འགྲེལ་གྱི་འཆད་ཐབས་མདོར་ཙམ་གླེང་བ།>><<གཡུང་དྲུང་བོན་གྱི་ལུགས་ལ་མདོ་སྔགས་སེམས་གསུམ་གྱི་ལྟ་བའི་ཁྱད་པར་དང་རྫོགས་ཆེན་གྱི་ལམ་རིམ་གླེང་བ་>>བཅས་རྩོམ་ཡིག་བཅུ་བསྡུས་འདུགདེ་ལ་རྩོམ་ཡིག་རེ་རེ་བའི་གནད་ཀྱི་ཟུར་ཙམ་རེ་འདིར་སྨྲོས་ན། ཕྲ་རྡུལ་གྱི་དེ་ཉིད་འཚོལ་སྐབས་གཡུང་དྲུང་བོན་ལུགས་ཀྱི་ཡིག་ཆ་གསར་རྙིང་མང་པོ་རྒྱབ་དཔུང་དུ་དྲངས་ཏེ། སྤྱིར་རྡུལ་ཕྲན་གྱི་ཡིན་ལུགས་དང་བྱེ་བྲག་ཐེག་པ་རེ་རེ་ལ་སྦྱར་ནས་གྲུབ་མཐའ་རང་རང་གི་འདོད་ཚུལ་ཇི་ལྟ་བ་བཞིན་སྤེལ་འདུག། དཔེར་ན། གྲུབ་མཐའ་གོང་འོག་བར་གསུམ་གྱི་ཕྱི་དོན་བདེན་གྲུབ་ཏུ་འདོད་མིན་དེ་མཐར་དེད་ན་ཕྲ་རྡུལ་གྱི་དེ་ཉིད་འདོད་ཚུལ་མི་མཚུངས་པའི་གནད་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་ཐེག་ཆེན་དབུ་མ་པའི་ལུགས་སུ་སྣང་ཙམ་བདེན་མེད་དམ་རང་བཞིན་མེད་པར་སྒྲུབ་པའི་གཅིག་དང་དུ་བྲལ་གྱི་རིགས་པ་དེ་ཡང་རྩ་བ་ཕྲ་རྡུལ་གྲུབ་ལུགས་མཁྱེན་དགོས་པ་སོགས་ཀྱི་གནད་དོན་མང་པོ་ཁ་གསལ་དུ་བརྗོད་འདུག
མཛོད་གནས་དང་པོ་སྲིད་པ་གསུམ་གྱི་སྐབས་བཤད་པ་ན། འགྲོ་མགོན་བླ་མའི་<<མཛོད་ཕུགས་ཀྱི་ཀླད་དོན་>>ལས། “གང་ཟག་གི་བློ་དང་ཐེག་པའི་རྟོགས་ཚོད་དང་ལོག་རྟོག་བཟློག་པ་ལ་ལྟོས་ནས་འབྱེད་དེ།”ཞེས་གསུངས་པ་དེར་འགྲེལ་ཡོད་པ་དང་། དེ་ནས་སློབ་དཔོན་བསོད་རིན་གྱིས། “གསང་བ་སེམས་ཕྱོགས་ཀྱི་བཞེད་དུ་ཡེ་སྲིད། ནང་གསང་སྔགས་ཀྱི་བཞེད་དུ་བྱེད་བྱས། ཕྱི་མཚན་ཉིད་ཀྱི་བཞེད་ལུགས་ལ་རྒྱུ་མཐུན།”ཞེས་གསུངས་པ་རྣམས་ཀྱི་གནད་དོན་དག་ལ་དཔྱད་གླེང་གནང་འདུག
དེ་ནས་དབུ་མའི་ལྟ་དོན་གྱི་རྩོམ་ན། སྤྲོས་པའི་རྒྱུ་ལ་གནོད་པ་གཏོང་བ་གཡུང་དྲུང་གཟེར་ཆེན་གྱི་གཏན་ཚིགས་དང་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་གཉིས། སྤྲོས་པ་རང་གི་ངོ་བོ་ལ་གནོད་པ་གཏོང་བ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དང་། འབྲས་བུ་ལ་གནོད་པ་གཏོང་བ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་བཅས་ཀྱི་དོན་ཞིབ་ཏུ་བཀྲལ་ནས་སྒྲུབ་བྱའི་སྙིང་དོན་ནི་མེད་དགག་རྣམ་བཅད་ཀྱི་སྟོང་ཉིད་དེ་སྤྲོས་བྲལ་དབུ་མ་པའམ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་བླ་ན་མེད་པའམ་མདོ་མཚན་ཉིད་ཐེག་པའི་ལྟ་བ་མཐར་ཐུག་པ་དེ་ཡིན་ཚུལ་སྒྲུབ་འདུག། དེ་དང་ཆབས་ཅིག ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་དབུ་མའི་ལྟ་བ་འཇོག་སྟངས་ཀྱང་གནད་བསྡུས་སུ་བརྗོད་ཡོད་པ་ནི་གནད་འདིའི་གནད་ལ་རེག་འདོད་རྣམས་ལ་སྔར་མེད་ལམ་ཡིག་ཅིག་གི་ཚུལ་དུ་འདུག
རྟགས་རིགས་ཀྱི་ཉིང་དགོས་གླེང་བའི་རྩོམ་ཡིག་ན། རྟགས་ཡང་དག་དེ་ལ་ཡང་ཚུལ་གཅིག་ཏུ་འདོད་པ་དང་གཉིས་སུ་འདོད་པ། ཚུལ་གསུམ་དང་ཚུལ་དྲུག་ཏུ་འདོད་ཚུལ་སོགས་ལུང་རིགས་གཉིས་ཀའི་སྒོ་ནས་ལྟ་ཚུལ་གསར་པ་གཙོ་འདོན་ལ་འབད་འདུག
གང་ཟག་ཉི་ཤུ་གླེང་སྐབས། རྒྱལ་བ་གཤེན་རབ་མི་བོའི་བཀའ་ཚད་མ་<<ཐེག་འགྲེལ་མེ་ལོང་དགུ་སྐོར་>>དང་། མཁས་པ་མི་བཞིའི་<<མཛོད་འགྲེལ་>>སོགས་ཀྱི་དགོངས་དོན་ལྟར་ཐེག་དམན་གྱི་འབྲས་བུའི་རིམ་པ་ལ་ཆགས་བྲལ་སྔོན་སོང་དང་། ཐོད་རྒལ་བ། གཅིག་ཆར་བ། མཐར་གྱིས་པའམ་རིམ་གྱིས་པ་དང་བཞི་ལས། རང་ལུགས་ཀྱི་ཐུན་མོང་མ་ཡིན་འདོད་ཚུལ་གཙོར་འདོན་བྱས་འདུག་ནི་གནད་ཀྱི་དོན་དག་འདུས་པ་ཞིག་བགྱིས་འདུག་སྙམ།
གཡུང་དྲུང་བོན་གྱི་ཐེག་དགུའི་རྣམ་གཞག་བཤད་པ་ལ་མཚོན་ན། ལྷོ་བྱང་དབུས་གསུམ་གྱི་ཐེག་པ་དགུ་རེ་བྱུང་ཡོད་པ་དང་དེ་དག་ཕན་ཚུན་ལ་བསྡུ་ཚུལ། དེ་ནས་དམིགས་བསལ་ལྟ་དོན་གཙོ་བོ་སྟོན་པའི་དབུས་གཏེར་གྱི་ཐེག་པ་རིམ་དགུའི་གོ་དོན་སོགས་སོ་སོ་ནས་ཞིབ་བརྗོད་དང་། དེའི་འཕྲོར་གསང་སྔགས་ཀྱི་བསྙེན་སྒྲུབ་ཡན་ལག་སུམ་ཅུ་སོ་དྲུག་ཡོད་པ་ལས་འཕྱོང་ཆེན་སྡེ་དགུ་རེ་རེའི་གོ་དོན་དང་། དེ་ནས་ལྷན་སྐྱེས་ཀྱི་མ་རིག་པ་ལས་གྱེས་པའི་ཉོན་ཤེས་གཉིས་ཀྱི་ངོ་བོ་ལ་ཞིབ་བརྗོད། དམིགས་བསལ་མཛོད་སྒྲ་འགྲེལ་ན་འཆད་ཐབས་ལྔ་གསུང་ཡོད་པ་དེ་ནི་བོན་གྱི་ཐུན་མོང་མ་ཡིན་པ་ཞིག་ཡིན་སྐོར་རྩལ་འདོན་གྱིས་བརྗོད་ཡོད་པ་དང་། མཐར་གཡུང་དྲུང་བོན་གྱི་ལུགས་ལྟར་མདོ་སྔགས་སེམས་གསུམ་གྱི་ལྟ་བ་དང་དེ་དག་གི་གོ་དོན་དང་ཁྱད་པར། ཐེག་པ་རེ་རེའི་ཁྱད་ཆོས་སོགས་བརྗོད་ནས་མཇུག་ཏུ་རྫོགས་ཆེན་གྱི་ལམ་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་བཅས་ཐུན་མོང་མ་ཡིན་པའི་ལྟ་ཚུལ་མང་པོ་སྤེལ་ཞིང་སྡོམ་བརྒྱབ་པ་ཞིག་ཏུ་མཇལ།
མདོར་དྲིལ་ཏེ་ཞུས་ན། འདི་དག་རེ་རེའི་དོན་གནད་གང་ཞིག་གཡུང་དྲུང་བོན་ལུགས་ཀྱི་བཀའ་དང་བཀའ་བརྟེན་གྱི་དགོངས་དོན་ལ་གཞི་བཅོལ་ཞིང་། རིག་པས་བརྡར་ཤ་བཅད་ནས་ལུང་རིག་གཉིས་ཀས་ཞིབ་མོ་རྣམ་འཐག་གནང་འདུག། དེར་བརྟེན། གཞུང་ཆེན་སློབ་གཉེར་པ་རྣམས་ལ་དུས་ཐོག་ཆར་པ་ལྟ་བུ་ཆགས་འདུག

སྡེ་ཚན་གསུམ་པ་ནི། གཡུང་དྲུང་བོན་ལུགས་ཀྱི་ལྟ་ཚུལ་གཙོ་བོར་བཞག་སྟེ་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ལ་དཔྱད་བརྗོད་ཀྱི་རྩོམ་ཡིག་གིས་གྲུབ་འདུག། དེ་དག་ནི། <<གཡུང་དྲུང་བོན་གྱི་ལུགས་ལ་འཚེ་བའི་མཆོད་སྦྱིན་འཛིན་པའི་ལོག་རྟོག་བཅོམ་པ།>><<གཡུང་དྲུང་བོན་གྱི་ལུགས་ལ་དུས་ཁྱད་པར་ཅན་གྱི་ངོས་འཛིན་དང་དེའི་ཕན་ཡོན།>><<སྔགས་བཙུན་གྱི་ཀུན་སྤྱོད་ལས་འཕྲོས་པའི་སྙིགས་དོར་བཅུད་ལེན།>><<བོན་ཆོས་ཚུལ་བཞིན་ཉམས་སུ་ལེན་ཚུལ།>><<རང་གི་ཉམས་མྱོང་ལས་གཞུང་ཆེན་ཁག་ལ་ཐོས་བསམ་བྱེད་ཚུལ་>>བཅས་རེད།
རྩོམ་ཡིག་འདི་དག་ནི་རྩོམ་པ་པོ་རང་གི་ཉམས་མྱོང་དང་ལྟ་ཚུལ་གང་ཞིག་ལྷག་བསམ་དག་པ་འབབ་སྟེགས་སུ་བྱས་ཏེ། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདི་ལ་རང་གིས་ལྟ་སྟངས་སྲོང་བོར་བརྗོད་ཡོད་པ་ཞིག་རེད། དེར་བརྟེན། འདི་དག་ནི་ཁོང་གི་དགོངས་བཞེད་ཀྱི་ཟུར་ཞིག་དང་ཉམས་མྱོང་གི་བབ་ཅིག་བརྩིགས་པའི་མཁར་གྱང་ལྟ་བུ་ཞིག་ཀྱང་རེད།

༣༽དེབ་འདིའི་དགེ་མཚན་དང་ཁྱད་ཆོས་ལ་འཇུས་པའི་ལྟ་ཚུལ་བརྗོད་པ།

དེབ་འདིའི་དགེ་མཚན་གྱི་ངོས་ནས་ཞུས་ན། “ཨ་རུ་རྒྱ་གར་ལ་སྐྱེས་པ་དང་། གོ་སྙོད་རྩིག་ཁུག་ལ་སྐྱེས་པ་”ག་ནས་འདྲ།མི་འདྲ་སྟེ། “མི་ཚེ་ཐོས་བསམ་ལ་བསྟིམས་ཤིང་འཚོ་བ་ས་མཐའ་ནས་བསྐྱལ་”བའི་དགེ་བའི་བཤེས་གཉེན་ཞིག་གིས་ལོ་མང་རིང་སློབ་སྦྱོང་གནང་སྟེ། ཉམས་མྱོང་དང་གཞུང་ལུགས་ཀྱི་དཀའ་གནད་ཁག་ཅིག་ཟུར་འདོན་བྱས་པའི་མདོ་རྩ་རེ་རེ་ལ་དགག་བཞག་སྤོང་གསུམ་བྱས་པའི་རྩོམ་ཡིག་འདི་དག་གི་ཚིག་དོན་གཉིས་ཀ་ན་བློ་སྐྱེད་རིམ་པ་ཅན་དང་ཐེམ་པ་ཅན་དུ་ཡོད་པ་ནི་ཀློག་མཁན་རྣམ་པས་ཞིབ་ཀྱིས་ཀློགས་དང་དེ་རུ་གསལ་འདུག་པ་ཞིག་ཡིན་སྟབས། འདིར་འདིའོ། །དེའོ་ཞེས་གླེང་དགོས་པར་མ་མཐོང་ཡང་། དེང་སང་དགེ་བཤེས་དང་ལྷ་རམས་པ་ཞེས་”མིང་རྟས་མི་ཐེག་པ། རོ་ཁྱིས་མི་ཐེག་པ་”ཞལ་ན་རྩོད་པ་མེད། ལག་ན་རྩོམ་པ་མེད། སེམས་ལ་སྒོམ་པ་མེད་པ་དེ་འདྲ་རང་རེའི་སྤྱི་ཚོགས་ལ་ཧ་ཅང་མོད་ཅིང་། ཁག་ཅིག་ནི་སྐྱབས་འགྲོའི་གོ་དོན་ཙམ་ཡང་མི་ཤེས་པར་དུག་གསུམ་གྱི་ལས་ཁོ་ནར་བྲེལ་ནས་སྡོད་པ་ཡང་མང་བའི་སྐབས་འདི་འདྲ་ལ། དགེ་བཤེས་ཤིག་གི་མཚན་ཉིད་དང་མཁས་པ་ཞིག་གི་ཁྱད་ཆོས་ནི་ཁོང་ལ་ཚང་འདུག་ཅེས་བརྗོད་ན་ཡང་ཧམ་བཤད་ཙམ་དུ་མི་འགྲོ་བ་ལྟར་སྣང་། གུས་བརྩི་ཡི་རང་དང་། བསྔགས་བརྗོད་ཞུ་དགོས་པའི་གནད་ཅིག་འདི་ན་འཕྱུར་ཏེ་འདུག

མདོར་དྲིལ་ན། དེབ་འདིའི་རྩོམ་ཡིག་རེ་རེ་བའི་ཚིག་དོན་གཉིས་ཀ་ན་གཞན་གྱི་དགོངས་པ་དང་ཚིག་རིས་་བརྐུ་བཤུའི་རིགས་ཏེ། ཚིག་དོན་གང་རུང་ཆ་མཚུངས་ལྟར་འདྲ་བཤུས། གཞན་གྱི་རྩོམ་ཡིག་ཤོག་ལྷེ་དང་ཤོག་ལྷེ་བྱས་ནས་ལེབ་བཤུས། ཡིག་ཆ་གཞན་འབའ་ཞིག་ནས་བཤུས་ཤིང་བཏུས་པའི་བཤུས་བསྒྲིགས། མདོར་ན་རྐུ་བཤུས་དང། ངོ་བཤུས། ཕབ་བཤུས། འདྲ་བཤུས་སོགས་ཀྱི་རྣམ་པ་མེད་པ་འདི་ནི་ཁྱད་ཆོས་བླ་མེད་ཅིག་གོ་ཞེས་བརྗོད་འདོད་བྱུང་། སྤོབས་པ་བྱེད་ན་བྱེད་རི་བ་ཞིག་འདི་ན་འདུག ང་རྒྱལ་བྱེད་ནའང་བྱེད་རི་བ་ཞིག་འདི་ན་འདུག་ཅེས་ཀྱང་ཞུ་འདོད།

“མི་སྐྱོན་མེད་འཛམ་བུ་གླིང་ན་མེད། །ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་”ཟེར་བ་ལྟར་སྐྱོན་གང་ཡང་མེད་པ་ཞིག་ནི་ཡོང་མི་སྲིད་པ་ལྟར། སྐྱོན་གྱི་ཆ་རེ་ཡང་ཡོད་ངེས་མོད། ངས་ནི་འདིར་སྐྱོན་འཚོལ་བ་ལ་ཞིབ་ཀྱིས་མ་ཚུགས་པར་གཙོ་དོན་བློ་སྐྱེད་ལེན་པ་ལ་ཞུགས་པས་དེ་ལུགས་འདི་དང་གན་ནོ་ཞེས་གླེང་རྒྱུ་མ་ཆུད། གང་ལྟར་ཡང་སྐྱོན་རེ་ཡོད་སྲིད་པ་དེ་ཡང་ལས་བྱས་པའི་རྟགས་ཡིན་པས་མཐའ་གཅིག་ཏུ་སྐྱོན་དུ་བལྟ་རུང་མིན་དེར་ཡང་དཔྱད་དགོས་པ་ཞིག་མཆི། ཅི་སྟེ་ལས་གང་ཡང་མ་བྱས་ན་སྐྱོན་གང་ཡང་འབྱུང་རྒྱུ་མེད་པ་བཞིན། དེབ་འདི་ལ་ཡང་མཁས་དབང་ཁག་གིས་གཟིགས་ན་སྐྱོན་དང་སྟོང་པའི་ཞན་ཆ་རེ་ཡོད་སྲིད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་དང་། ཤེས་ནས་སྨྲ་བ་ཚོས་དེ་ལུགས་ཀྱི་དགོངས་ཚུལ་དང་དཔྱད་བརྗོད་སྤེལ་བ་ཡིན་ན། དེབ་འདིའི་འཕྲིན་ལས་རྒྱས་པ་ལའང་ཕན་སྐྱེད་ཆེ་སྟབས། ད་ལམ་འདིར། སྤྱི་བབ་ཙམ་བརྗོད་པ་ལས་ཞིབ་མོའི་ལུགས་སུ་ཞུགས་མ་དགོས་པ་གཙོ་འདོན་ཞུས་ཡོད། མཁྱེན་ལྡན་དག་གིས་དཔྱད་བརྗོད་སྤེལ་རོགས་ཞེས་ཀྱང་ཞུ་བ་ཡིན།

མཇུག་མོལ་གཏམ་ཐུང་ལ་བརྒྱུས་པའི་སྨོན་པ།

མདོར་ན། དེབ་འདི་མཛད་པ་པོ་དགེ་བའི་བཤེས་གཉེན་ཁོང་ནི། “མི་ཚེ་རི་ལ་བསྐྱལ། རི་དྭགས་ངོ་མི་ཤེས།”ཟེར་བ་ལྟར་མ་ཡིན་པར། སྙོམས་ལས་དང་གཡེང་བ་རིང་དུ་དོར་ཏེ། མི་ཚེ་ཐོས་བསམ་ལ་བསྟིམས་ཤིང་། འཆད་རྩོམ་གྱི་རྒྱལ་མཚན་ནམ་མཁར་བསྒྲེངས་པའི་དན་རྟགས་འདི་ལ། “ཨེ་འདྲ་ཚད། མི་འདྲ་བསྡུར་”ནས་དཔྱོད་དང་། ཁྱོད་ལ་བློ་སྐྱེད་ངེས་ཅན་རེ་ཐོབ་ངེས་པ་ལ་སོམ་ཉི་བྱེད་མི་དགོས་པ་ཞིག་འདུག་ཅེས་ཞུ་ཆོག

བྱེས་འཁོད་བོད་ཀྱི་དགོན་སྡེ་ཁག་ལས་མི་གྲངས་ཀྱི་བརྒྱ་ཆ་ལྟར་སྡོམ་རྒྱག་པའི་དབང་དུ་བཏང་ན། སྨན་རིའི་གླིང་ནི་གྲྭ་བ་སྒེར་གྱི་བརྩམས་ཆོས་དེབ་དཔར་སྐྲུན་བྱས་པ་མང་ཤོས་ཀྱི་གྲས་ཡིན་པ་དང་། བྱེས་བཞུགས་བོད་ཀྱི་དཔེ་དེབ་དཔར་སྐྲུན་བྱེད་མཁན་ཐོག་མ་ཡང་སྨན་རིའི་གླིང་ཡིན་ཞེས་<<དབྱངས་ཅན་སྤྲུལ་བའི་གླེགས་བམ་>>དང་<<ཕ་ཡུལ་>>སོགས་སུ་གསལ་འཁོད་བཞིན། ད་ལམ་གྱི་དེབ་འདི་ཡང་སྨན་རིའི་གླིང་གི་མཛེས་རྒྱན་དང་ལ་རྒྱ་ཞིག་ཅི་ལ་མིན། དེར་བརྟེན། མང་པོ་ཞིག་གི་དོད་དང་། དུ་མ་ཞིག་གི་ཚབ་བགྱིས་ནས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན། “འཇིག་རྟེན་བྱ་བ་ལད་མོ་དང་། ལད་མོ་ཐབས་ལ་གང་མཁས་”ཡིན་པ་ལྟར། གཞུང་ལུགས་སློབ་གཉེར་བ་རྣམས་དང་། སྒོས་སུ་རང་རེའི་སྨན་རིའི་གླིང་གི་གཞོན་སྐྱེས་སློབ་གཉེར་པ་རྣམས་ཀྱིས་ཀྱང་”ཁ་མིག་ཡར་བལྟ་དང་སྐུད་པ་ཡར་འཁེལ་”བྱས་ཏེ། འདི་དང་འདི་འདྲ་བའི་བརྩམས་ཆོས་ཀྱི་མེ་ཏོག་བར་མེད་དུ་བཞད་པའི་འབད་པ་བསྟེན་རོགས། བརྩོན་པ་བསྐྱེད་རོགས་ཞེས་ཀྱང་ཞུ་འདོད་བྱུང་།

མཐའ་དོན། “བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བྱུག་འོ་མའི་མར་ལོ་”ལྟ་བུ་ནི། མཆེད་གྲོགས་དགེ་བཤེས་ཁོང་གི་”གསེར་དང་མཚུངས་པའི་རྣམ་དཔྱོད་”ལས་ཐོན་པའི་བརྩམས་ཆོས་གླེགས་བམ་འདིའི་འཕྲིན་ལས་ཀྱི་རླབས་ཕྲེང་བསྐལ་པའི་མཐའ་ལ་མཆེད་པའི་སྨོན་འདུན་ཞུ་རྒྱུ་བཅས།

ཞེས་སྨན་རིའི་དགེ་མིང་བ་ཁྲི་གཡུང་དྲུང་དུ་འབོད་པས་ཕྱི་ལོ་༢༠༢༠ཟླ་བ་༤པའི་ཚེས་ཤར་ལ། སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ལས་ཤག་ལ་བགྱིས་པ་དགེ་གྱུར་ཅིག།།

གླེང་བརྗོད།

 

བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ།

ཤེས་བྱའི་གནས་ལ་མཁྱེན་རབ་ཡེ་ཤེས་ཀྱི།།
རྩལ་དྲུག་རྫོགས་པའི་རབ་འབྱམས་རིགས་པའི་བཤེས།།
ཚུལ་ཁྲིམས་རྣམ་དག་གཞན་ཕན་ལྷག་བསམ་ཅན།།
བསམ་འཕེལ་ནོར་བུའི་མཛོད་འཛིན་ཁྱེད་ལ་འདུད།།

    ཅེས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མས་མངོན་པར་བརྒྱན་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཁོང་ནི། མཐོ་སྒང་མེས་པོའི་ཕ་ས་མདོ་སྨད་རྔ་གཡང་ཕྱུག་མོའི་ཞིང་ས་རུ་ལང་ཚོའི་ལྟེ་ཁྲག་འཕོས་ཤིང་ ལས་སྨོན་བཟང་པོས་ལེ་དབར་དུ་མས་ཆོད་པའི་མི་ཡུལ་གྱི་ས་མཐའ།

ལྷ་དང་བཅས་པའི་ཆེ་རྒུ་ཡོངས་ཀྱིས་མཆོད་ནས་དང་བཀུར་བའི་ཞིང་མཆོག གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཐུགས་རྗེའི་གྲིབ་བསིལ་འོག་ཐོས་བསམ་གྱི་འཚོ་བར་རོལ་བའི་སྐལ་པ་དང་ལྡན་ཞིང༌།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་སྒྲིག་ཞུགས་མཛད་པ་ནས་བཟུང་རབ་འབྱམས་ཆེན་པོའི་མཚན་བཏགས་མ་བཞེས་ཀྱི་བར། གོ་ལོ་ཐོས་ལོ་ཙམ་ལ་སེམས་འཕྲེང་ཏེ་ཉི་མ་གང་འཁྱོལ་དང་། སོས་དལ་བག་ཕེབས་ཀྱི་ངང་སྐྱིད་སྡུག་གི་འཚོ་བ་གླེང་ནས་མ་བཞུགས་པར། ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སྤྱི་དང་། ཐུན་མོང་རིག་པའི་གནས་དང་བཅས་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་གཉུག་ཐག་བསྲིངས་ཏེ་སྦྱངས་བརྩོན་ལྷོད་མེད་མཛད། ཁྱད་པར་དུ་རྒྱལ་བ་སྨན་རི་ཚང་གི་རབ་འབྱམས་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་པ་ནས་བཟུང་ད་ལྟའི་བར༧གདན་ས་སྨན་རི་རུ་དཔེ་ཁྲིད་དགེ་རྒན་དང༌། དམིགས་བསལ་བཤད་སྒྲུབ་དགེ་རྒན་གྱི་ཁུར་བཞེས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་སྒོ་ཀུན་ནས་ལྷག་བསམ་རྣམ་པར་དག་པས་སྲི་ཞུ་བླ་མེད་དུ་སྒྲུབ་བཞིན་བཞུགས། སློབ་ཁྲིད་ཀྱི་བར་སེང་རྣམས་སུའང་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་བློ་གྲོས་རིག་པའི་སྒོ་བརྒྱ་འབྱེད་པ་ལ་མཆོག་ཏུ་སྔགས་པའི་ལྗགས་རྩོམ་ཁག་ཅིག་བསྟན་པའི་རྒྱུན་ཏུ་སྤེལ་ཏེ། བཀོད་གནང་བའི་མཁས་པའི་མཛད་བཟང་འདི་ལ། ངོས་ནས་ཁ་ཞེ་གཉིས་མེད་ཀྱིས་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་གྲངས་མེད་ཞུ། ཁྱད་པར་དུ་བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་མཛོད་གནས་བརྒྱད་པའི་རྟེན་འབྲེལ་གཞི་རྩར་བཟུང་ནས། ཁྱེད་ཀྱིས་ལུང་རིག་ཚད་མའི་འཕྲང་ལ་བཤར་ནས་གསེད་བཀྲོལ་མཛད་དེ་བརྩམས་གནང་བའི་རྟེན་འབྲེལ་གྱི་རྩ་འགྲེལ་གཉིས་དང་། དེ་བཞིན་གང་ཟག་ཉི་ཤུའི་རྣམ་བཤད། འགྲོ་མགོན་བླ་མའི་ཚད་མའི་དཀའ་གནད་ཁག་གི་སྐོར་འདི་རྣམས། གཞུང་ཆེན་དོན་གཉེར་རྣམས་ལ་མཚོན་ན།
དུས་ཐོག་གི་ཆར་པ་ལྟར་གྱུར་པའི་ཡིད་ཆེས་དང་གདེང་སྤོབས་ཡོད་པས། བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། སླད་མར་ཡང་སྐུ་ཚེ་ཞབས་པད་བསྐལ་པ་བརྒྱའི་བར་དུ་བརྟན་ཅིང་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐང་ལྷོད་མེད་པར་ཆུ་བོའི་རྒྱུན་བཞིན་བརྩོན་པའི་རེ་བསྐུལ་དང་སྨོན་ལམ་བཟང་པོའི་མཚམས་སྦྱོར་དང་བཅས།

༧སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་ཕྱི་ལོ་༢༠༢༠ལོའི་ཟླ་༠༦ཚེས་༡༢ཉིན་ཕུལ།

 

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

སྣང་རྒྱལ་ཤེས་རབ་བསམ་འཕེལ་ནི་ཕྱི་ལོ་༡༩༨༠ལོར་མདོ་སྨད་རྔ་ཡུལ་བློན་ཚང་དུ་སྐྱེས། ཅུང་ནར་སོན་རྗེས་ས་གནས་སློབ་ཆུང་དུ་འགྲིམས་ཏེ་དབྱངས་གསལ་གྱི་དབུ་འཁྱུད་བྲིས། ལོ་བཅུ་བཞིའི་ཐོག་ཏུ་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་མདུན་ནས་གཙང་གཙུག་གི་སྡོམ་ཁྲིམས་བླངས་ཏེ་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་དུ་ཞུགས་ཤིང་། བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས་ཚང་གི་སྐུ་མདུན་ནས་འདོན་ཆོག་ལ་སྦྱངས།

ཕྱི་ལོ་༢༠༠༡ལོའི་ལོ་མཇུག་ཏུ་རྒྱ་གར་དུ་འབྱོར་ཏེ་གདན་ས་ཆེན་པོའི་ལུགས་སྲོལ་ལྟར་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་སྔ་རྗེས་སུ་རབ་བྱུང་དང་དྲང་སྲོང་གི་བསླབ་ཁྲིམས་ཞུས། གདན་ས་སྨན་རིའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཤིང་མི་ལོ་བཅོ་ལྔའི་རིང་དུ་མདོ་སྔགས་སེམས་གསུམ་གཙོས་ཐུན་མོང་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱང་བ་ལྷོད་མེད་བྱས་ཏེ། མཐར་ཕྱི་ལོ་༢༠༡༦ལོར་བཤེས་གཉེན་གྱི་མཚན་རྟགས་ཐོབ། སྔ་རྗེས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བགློ་གླེང་ཁག་མང་པོར་མཉམ་ཞུགས་བྱས་པར་མ་ཟད་བརྗོད་གཞི་ངེས་ཅན་རེའི་ཐོག་བགློ་གླེང་མང་ཙམ་བྱས། ཕྱི་ལོ་༢༠༡༩ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅོ་ལྔ་པ་Franceཧྥུ་རན་སེ་རུ་འཚོགས་སྐབས་མཉམ་ཞུགས་བྱས། ད་ལྟ་སྨན་རིའི་བཤད་སྒྲུབ་འདུས་སྡེའི་གཞུང་ཁྲིད་དགེ་རྒན་གྱི་འགན་ཁུར་ཞུ་མུས། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow