སྨན་རིའི་དགེ་བཤེས་ཁྲི་གཡུང་དྲུང་མཆོག་གི་དཔེ་དེབ་གསར་པ་༧སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་རྣམ་ཐར་ཞེས་པ་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ།

དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་དམ་པ་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱི་བཀའ་འཁོར་རྣམ་པ་གསུམ་གྱིས་འདིའི་ཕྱིའི་ཕན་བདེ་མཁའ་ལ་ཉི་ཤར་གྱི་ཚུལ་དུ། ཞང་བོད་རྒྱལ་ཁམས་ཀུན་ཏུ་མུན་པའི་དཔུང་ཚོགས་ཡུགས་གཅིག་གིས་དེད་ནའང་། དུས་རབས་གང་གི་དཀྱོག་མཚམས་ནས་བསྟན་པ་འདི་ལ་གོད་ཆག་ཀྱང་གསལ་གསལ་དང་མོག་མོག་གི་ཚུལ་དུ་བྱུང་ནས། ཉེན་འཕྲང་གང་མཚམས་སུ་བསྟན་པ་འདི་ལ་ཤ་ཞེན་གཏིང་དད་ཆེ་བའི་རྒྱལ་བློན་དང་། མཁས་གྲུབ་བཤེས་གཉེན་སོགས་ཀྱིས་འཕྲུལ་གྱི་ཡིག་འབྲུ་འབྱུང་བར་ཐིམ་དུ་མ་བཅུག་ཤིང་། ཚིག་ཤོག་ངོས་ནས་མ་ལྷག་ཅིང་དོན་རང་རྒྱུད་དུ་སྦྱར་ནས་ཉམས་ལེན་དང་། ལྟ་བ་མྱོང་ཐོག་ནས་ཡི་གེ་ཕབ་པ་འདི་དག་གིས་ཞང་བོད་མེས་པོའི་རིག་གནས་ཀྱི་གསས་མཁར་སླར་ཡང་འཛམ་གླིང་ཤར་ནུབ་ཀུན་ཏུ་སྐྱ་རེངས་ཀྱིས་བཀྱག་པ་སྔོ་རེངས་དང་། སྔོ་རེངས་ཀྱིས་བཀྱགས་པ་དམར་རེངས་བཞིན་མོག་མོག་ནས་གསལ་གསལ་དུ་ཆགས་པ་ནི། བསྟན་པ་འདི་ཉིད་དཔྱད་གསུམ་དག་པའི་གསུང་རབ་རྣམ་དག་ཅིག་ཡིན་པར་ར་འཕྲོད་པ་ཡིན།

དུས་རབས་བཅུ་གཅིག་པར་བསྟན་པ་ཕྱི་དར་དབུ་བརྙེས་པ་ནས་བཟུང་། གཏེར་བཏོན་བརྒྱ་རྩ་སོགས། སྟོད་དུ་བྲུ་ཞུ་སྤ་རྨེ་གཤེན་དང་ལྔ། བར་དུ་ཁྱུང་ཕོ་དཀར་ནག་སེར་གསུམ། སྨད་དུ་འཕགས་པ་གསུམ་དང་ཞིག་པོ་བཅོ་བརྒྱད་སོགས་ཀྱིས་མཚོན་པའི་གཡུང་དྲུང་བོན་གྱི་གཞུང་ལུགས་ཀུན་ལ་འཆད་ཉན་གྱི་སྲོལ་ཆེན་བཙུགས།
དེ་བཞིན་དུས་རབས་བཅུ་བཞི་པར་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་༼༡༣༥༦-༡༤༡༥༽མཆོག་བྱོན་པ་ནས་གཡུང་དྲུང་བོན་གྱི་གདན་ས་གོང་མ་བཀྲ་ཤིས་སྨན་རི་དགོན་ཕྱག་བཏབས་པ་ནས་༼༡༤༠༥༽གཡུང་དྲུང་བོན་གྱི་རྒྱུད་ལུང་མན་ངག་བཅས་རྒྱུད་གསུམ་གྱི་རྩ་བ་བདག་གིར་བཞེས་ནས་བཤད་སྒྲུབ་ཟུང་འབྲེལ་སྒོས་ཟླ་བ་ཡར་ངོ་ལ་འཆད་ཉན། མར་ངོར་བསྙེན་སྒྲུབ་བཅས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བཅས་རླབས་ཆེན་མཛད་པ་བསྐྱངས་ནས་ད་ལྟའི་སྨན་རིའི་ཁྲི་འཛིན་ལས་ཐོག་པ་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེར་ཐུག་གི་བར་དུ། རྒྱུད་ལུང་མན་ངག་གི་ཟམ་མ་ཞིག  དབང་དང་བྱིན་རླབས་ཀྱི་དྲོད་མ་ཡལ་བར་བསྟན་པ་འདིའི་ཞབས་འབངས་ཀུན་གྱི་བསོད་ནམས་ཉག་གཅིག་ཏུ་འཁུམས།
འོན་ཀྱང་རང་རེའི་བསྟན་པ་འདི་ཉིད་ཉམས་སུ་བླངས་ནས་མཁས་གྲུབ་གཉིས་ལྡན་དང་སྤྱོད་ཡོན་ཀུན་ལྡན་གྱི་བླ་མ་དང་བཤེས་གཉེན་བགྲང་གིས་མི་ལོངས་མོད། དེ་དག་གི་རྣམ་ཐར་རྒྱས་བསྡུས་གང་འཚམས་རེ་ཡིག་ཐོག་ཏུ་ཕབ་མ་ཐུབ་པས། མཚན་ཙམ་གྱིས་སྟོང་ཆ་སྐོང་བ་ལས་འོས་མེད་པ་ནི་བསྟན་པ་འདིའི་གྱོང་གུད་ཆེ་ཤོས་ཡིན་པར་བསམ།
ད་ཐེངས་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་༼སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་རྣམ་ཐར།༽ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་ལྔ་བཅུའི་དགའ་སྟོན་གྱི་དཔེ་ཚོགས་སུ་ཚུད་ནས་ཁ་སང་སྟེ་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༠༢ཚེས་༡༩ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་བཀོད་སྒྲིག་འོག་དེ་གའི་དཔེ་མཛོད་ཁང་ནས་དཔེ་དེབ་གསར་ཐོན་དབུ་འབྱེད་མཛད་སྒོ་སྤེལ་ཡོད་ཅིང་། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་དང་། པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ནས་དེབ་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དགེ་མཚན་སོགས་ངོ་སྤྲོད་བྱས་ཡོད་པ་རེད། དེབ་འདིར་སྨན་རིའི་མཁན་རབས་དང་པོ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་བཟུང་། ཁོང་གི་རྒྱལ་ཚབ་མཁན་རབས་ཁྲི་འཛིན་རིམ་པར་ཕེབས་པ་རྣམས་ཀྱིས་བཤད་སྒྲུབ་ཟུང་གི་སྒོ་ནས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རྣམ་པར་ཐར་བའི་སྙིང་བོ་གཙོ་འདོན་གྱིས་མཁན་རབས་རྣམས་ཀྱི་འཁྲུངས་ཡུལ་དང་། འཁྲུངས་འདས་ལོ་ཚིགས། སློབ་གཉེར་གྱི་བརྒྱུད་རིམ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས། རྗེས་བཞག་གསུང་རབ་ཀྱི་གྲངས། རྗེས་འཇུག་བུ་སློབ་བསྐྱངས་ཚུལ་སོགས་གཡུང་དྲུང་བོན་གྱི་བསྟན་འབྱུང་དང་བསྟན་རྩིས། རྣམ་ཐར་ཡིག་རྙིང་ཁག་ལ་གཞི་བཅོལ་ནས་དེང་རབས་ཞིབ་འཇུག་གི་ཐབས་ལམ་ཉེར་སྤྱོད་དང་། དོགས་དཔྱོད་མཆན་འདེབས་བཅས་དཔྱད་གཞིའི་རྒྱུ་ཆ་གྲངས་བདུན་ཅུ་དོན་གྲངས་ཤིག་རྒྱབ་གཉེར་དུ་བྱས་ནས། གནའ་དེང་ཟུང་གི་རིག་པའི་ལམ་ནས་སྔར་མེད་ཀྱི་སྟོང་ཆ་གང་མང་ཞིག་བསྐངས་ཡོད་པའི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་ཁང་ནས།

                                        རྩོམ་པ་པོ་ངོ་སྤྲོད།

གངས་ཅན་ཁྲི་གཤོག་རྒྱལ་མོའི་ལྷོ་ངོས་སུ་སྐྱེས། ཆུང་དུས་ས་གནས་སློབ་ཆུང་དུ་ཕྱིན། ཕྱིས་སུ་ཁྲི་ཀ་ཁྱུང་མོ་དགོན་པར་རབ་ཏུ་བྱུང་། ཕྱི་ལོ་ 2003 ལོར། བྱེས་ཀྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ནས་གཞུང་བཀའ་པོད་སྡེ་དྲུག་ལ་སློབ་གཉེར་བྱས། ཕྱི་ལོ་ 2018 ལོར། ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགེ་བཤེས་ཀྱི་མཚན་བཏགས་ཐོབ།
ལས་ཀའི་སྐོར་ལ། ཕྱི་ལོ་ 2006 ནས་ 2015 བར། སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིག་གནས་འགན་འཛིན་དང་དགེ་རྒན་བྱས། ཕྱི་ལོ་ 2007-2008 ལོ་བར། གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བརྒྱད་པ་དང་དགུ་པའི་དྲུང་ཡིག་དང་། ཕྱི་ལོ་ 2009-2011བར། གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་པ་དང་བཅུ་གཅིག་པ། བཅུ་གཉིས་པ་གསུམ་གྱི་ཚོགས་གཙོ་བྱས། ཕྱི་ལོ་ 2005-2019 བར། བོན་སྒོ་དུས་དེབ་རྩོམ་སྒྲིག་གི་ལས་ཀ་བྱས། ཕྱི་ལོ་ 2011-2018བར། གཡུང་དྲུང་བོན་གྱི་དྲྭ་རྒྱའི་གཙོ་སྒྲུབ་པ་བྱས། ཕྱི་ལོ་ 2014-2018 བར། གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས། ཕྱི་ལོ་ 2018 ལོ་ནས་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་བྱེད་མུས།
རྒྱལ་སྤྱིའི་ཚོགས་འདུ་སྐོར་ལ། ཨ་རི་དང་། ཉི་ཧོང་། དབྱིན་ཇི། འཇར་མན། ནོར་ཝེ། ཕ་རན་སི། སོག་པོ། བལ་བོའི་རྒྱལ་ས་ཡམ་བུ་བཅས་སུ་རྒྱལ་སྤྱིའི་ཞང་ཞུང་དང་བོན་གྱི་ཚོགས་འདུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་འདུ། རྒྱལ་སྤྱིའི་ན་གཞོན་བོད་རིག་པའི་ཚོགས་འདུ་སོགས་བོད་ཀྱི་ཆོས་དང་རིག་གཞུང་གི་བགྲོ་གླེང་སྣ་ཚོགས་ལ་ཞུགས་ཤིང་དཔྱད་རྩོམ་སྒྲོག་སྤེལ་བྱས།
བརྩམས་དེབ་ཀྱི་སྐོར་ལ། <<གདུང་ཚོར་ནག་པོ།>> <<ས་མཐའི་སེམས་པ་དམར་པོ།>> <<རེག་ཟིག་སྐྱ་བོ།>> <<ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ།>> <<བརྡ་སྤྲོད་གཟི་མིག་དགུ་པ།>> <<སྲིད་པ་སྨྲང་རྒྱུད་ཀྱི་མཛོད།>> <<བོན་དང་ཞང་ཞུང་ཞིབ་འཇུག>> <<སྲིད་པའི་གཏམ་ཚོགས།>> <<སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་རྣམ་ཐར།>> བཅས་སྔ་ཕྱིར་སྙན་ངག་དང་ལོ་རྒྱུས། བརྡ་སྤྲོད། གཞུང་ལུགས་ཞིབ་འཇུག་བཅས་ཀྱི་དེབ་གྲངས་དགུ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད།
རྩོམ་རིག་བྱ་དགའི་སྐོར་ལ། ཕྱི་ལོ་ 2011ལོར། སཱ་ར་མཐོ་སློབ་ཏུ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པའི་དཔྱད་རྩོམ་འགྲན་བསྡུར་ནང་ཨང་དང་པོ་ཐོབ། ཕྱི་ལོ་ 2012 ལོར། རྒྱ་གར་སྦེང་ལོ་རུ་བོད་རིགས་མཐོ་རིམ་སློབ་མའི་དཔྱད་རྩོམ་འགྲན་བསྡུར་ནང་ཨང་དང་པོ་ཐོབ། ལོ་དེར་བོད་ནང་དུ་མུ་ཁྲི་བཙན་པོའི་དཔྱད་རྩོམ་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ། ཕྱི་ལོ་ 2015 ལོར། ཨ་རི་ནས་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ཁོར་ཡུག་རྩོམ་རིག་འགྲན་བསྡུར་གྱི་ཕུལ་བྱུང་གཟེངས་རྟགས་ཐོབ་པ་བཅས་སོ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow