དེ་ཡང་བལ་ཡུལ་རྒྱལ་ས་ཀ་ཏི་མ་ཊུའི་(Kathmandu) ནུབ་ཕྱོགས་བར་ལུང་(Baglung) ས་པའི་རྫོང་ཁོངས་སུ་ཊོད་པ་ཏྲན་(Dhopatan) ཞེས་པའི་ས་ཆ་ནི་བོད་དང་འདྲ་བའི་ཁོར་ཡུག་ཕུན་སུམ་ཚོགས་པ་མཐོ་བ་བྲག་རི་དང་རྫ་རི་གནམ་ལ་གཟུག་ཅིང་། རྩི་ཤིང་སྣ་ཚོགས་ཀྱི་ཚང་ཚིང་འཁྲིགས་པ། བབ་ཆུ་དང་རྫིང་ཆུ་སོགས་དྭངས་གཙང་གི་འབབ་སྒྲ་སྙན་ཞིང་།སྨན་སྣ་དང་སྤོས་སྣ་སོགས་ཀྱི་རང་འབྱུང་སྐྱེ་དངོས་ཀྱིས་འགྲོ་བ་ལ་ཕན་བདེ་སྦྱིན་པ།
ཡུལ་མི་རྣམས་ངང་གཤིས་བཟང་ཞིང་འཚོ་བའི་ལོངས་སྤྱོད་ཀྱི་ཐོན་ཁུངས་རྣམས་རང་ས་ནས་རབ་ཏུ་ཕྱུག་པའི་ཡུལ་ཁམས་དེ་ལ།བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་སྟེ། སྤྱི་ལོ་༡༩༥༩ ལོར་བོད་ཁམས་ཡོངས་ལ་དུས་འགྱུར་བྱུང་བར་བརྟེན་བོན་གྱི་གྲྭ་ས་གོང་འོག་དང་བོད་སྟོད་སྨད་བར་གསུམ་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་གཙོས་པའི་སྐྱེས་ཆེན་དུ་མ་དང་། མི་རབས་ནས་ཕ་ཆོས་གཡུང་དྲུང་བོན་ལ་དད་པའི་བོན་འབངས་མང་པོ་ཞིག་རྒྱ་གར་བལ་ཡུལ་སོགས་ལ་ཕེབས་དགོས་བྱུང་།
དུས་སྐབས་དེར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་༣༢ པ་མཁན་ཆེན་ཤེས་རབ་བློ་གྲོས་(༡༩༣༥-༡༩༦༣)རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཀྱི་རླབས་ཆེན་གཞིར་བྱས་ནས། རབ་བྱུང་བཅུ་དྲུག་པའི་ལྕགས་གླང་སྟེ། སྤྱི་ལོ་༡༩༦༡ ལོར་ཕྱག་བཏབ་པ་ཞིག་ཡིན། དགོན་པའི་མཚན་ལ་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་ཞེས་གསོལ་ཞིང་། དེའི་སྐབས་སུ་ཕྱག་རོགས་ཞུ་མཁན་༧སྨན་རིའི་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་མཆོག་དང་།ཏྲེ་བ་བླ་མ་ཚུལ་ཁྲིམས་ཉི་མ་འོད་ཟེར།འཕན་ཆུ་བ་བླ་མ་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱིས་ཞབས་འདེབས་བླ་མེད་དུ་བསྒྲུབས། རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ཏེ། སྤྱི་ལོ་༡༩༦༣ ལོར་༧ སྐྱབས་རྗེ་སྨན་རིའི་མཁན་ཆེན་ཤེས་རབ་བློ་གྲོས་མཆོག་དགོངས་པ་རྫོགས་རྗེས་སུ་དགོན་པའི་བདག་པོ་ཁྱུང་བླ་ཚུལ་ཁྲིམས་ཉི་མ་མཆོག་བསྐོས་ཏེ་དགོན་སྡེ་དང་མི་མང་ལ་ཕན་བདེའི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཡོད།
དེའི་རྗེས་བླ་རྒན་བསོད་ནམས་རྒྱལ་མཚན་བསྐོས་བཞག་གནང་ནས་འཛིན་སྐྱོང་སོགས་བླ་མེད་གནང་། དེའི་རྗེས་མཐའ་ཞུ་བླ་མ་དང་སྨན་པ་ཚུལ་ཁྲིམས་སངས་རྒྱས་སོགས་སྔ་ཕྱི་དགོན་པ་འདི་ལ་ཞབས་ཞུ་གནང་མཁན་རིམ་པར་ཕེབས་པ་ཞིག་རེད། ད་ཆར་དགོན་འདིའི་མཁན་པོ་དབྲ་ཙ་དགེ་བཤེས་བསྟན་འཛིན་དར་རྒྱས་རིན་པོ་ཆེས་མཛད་པ་བསྐྱངས་དང་སྐྱོང་མུས་ཡིན།
སྤྱིར་བཏང་དགོན་འདི་༧ དཔལ་གཤེན་བསྟན་སྨན་རིའི་དགོན་པའི་ཡན་ལག་དགོན་པ་ཞིག་ཡིན་སྟབས་ད་བར་དགོན་འདིའི་བླ་ཚབ་དང་མཁན་པོ་སོགས་གཟིགས་རྟོག་གནང་མཁན་སྔ་ཕྱི་རྒྱུན་མ་ཆད་པར་བཏང་གནང་བ་ཞིག་སྟེ། མ་འོངས་པར་དེ་ལུགས་སུ་གནས་དགོས་པ་ལོ་རྒྱུས་དང་ལུགས་སྲོལ་གྱིས་ཡིན་ནོ། །
མཁན་པོ་དབྲ་ཙ་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་ཀྱི་རྣམ་ཐར་མདོར་བསྡུས།
རིན་པོ་ཆེ་ཁོང་ནི་བལ་ཡུལ་རྒྱལ་ཁོངས་གློ་སྨད་བསམ་གླིང་དུ་ཡབ་དབྲ་ཙ་གཡུང་དྲུང་རྒྱལ་དང་། ཡུམ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༩༦༦ ལོའི་ཟླ་བ་༥ ཚེས་༢༦ ཉིན་སྐུ་འཁྲུངས། མཚན་ལ་བྱ་དུར་མཁན་པོ་ཉི་མ་འོད་ཟེར་མཆོག་གིས་རྟ་མགྲིན་དབང་རྒྱལ་ཞེས་གསོལ། ཁོང་དགུང་ལོ་དགུ་པའི་ཐོག་འཕགས་ཡུལ་དུ་བརྟན་གཞིར་བྱས་པའི་༧ གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་འབྱོར་ནས་བོན་གཞིས་ཉིན་སློབ་ཁང་དུ་འཛུལ་ཞུགས་གནང་སྟེ། སློབ་རིམ་འཛིན་གྲྭ་ལྔ་པའི་བར་སོང་། དེའི་རྗེས་སྤྱི་ལོ་༡༩༨༤ ལོའི་ཟླ་༧ ཚེས་༡ ཉིན་༧ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་བཤད་སྒྲུབ་འདུས་སྡེའི་ཕྱི་ནང་གི་སྒྲིག་སྲོལ་སོགས་ཚུལ་བཞིན་གནང་སྟེ། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཀྱི་སྡེ་དང་། སུམ་རྟགས་དག་གསུམ། སྒྲ་སྙན་བསྡེབ་སྦྱོར། སྨན་དང་རྩིས་སྐར་ནག གཟུངས་གཞུག་བཟོ་རིགས་སོགས་ལ་གསན་བསམ་གང་འཚམས་སྦྱང་བརྩོན་གནང་ནས་མཐར་རབ་བྱུང་བཅུ་བདུན་པའི་མེ་བྱ་སྟེ།
སྤྱི་ལོ་༡༩༩༦ ཟླ་བ་༣ ཚེས་༦ ཉིན་༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་(༡༩༢༩-༢༠༡༧)རིན་པོ་ཆེ་མཆོག་དང་། ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་མདུན་དུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུའི་སྐལ་བཟང་ཐོབ། བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་པའི་རིང་ལ་བོན་ཕྲུག་བདེ་དོན་གྱི་རྒན་བདག་དང་། འཕྲོད་བསྟེན་ལས་བྱེད་ཀྱི་ལས་འགན་ལོ་བདུན་ཙམ་རིང་ཞབས་ཏོག་ཞུ་པ་དང་། མ་ཟད་དགོན་པ་གྲྭ་ཚང་གི་ཇ་འདྲེན་དང་དུང་འབུད་སོགས་ལས་རིགས་སྣ་ཚོགས་ལ་ཉམས་མྱོང་མི་ཉུང་བ་ཞིག་བསགས། སྤྱི་ལོ་༡༩༩༦ ལོའི་ཟླ་བ་༥ ནང་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣ པ་རིན་པོ་ཆེ་མཆོག་གིས་དབྲ་ཙ་དགེ་བཤེས་བསྟན་འཛིན་དར་རྒྱས་རིན་པོ་ཆེ་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་མཁན་པོ་བསྐོས་མངག་མཛད་གནང་བ་དང་། བལ་ཡུལ་བོན་པོའི་ཚོགས་པས་དགེ་བཤེས་ལགས་ལ་རྒྱབ་སྐྱོར་གནང་དགོས་པའི་བཀའ་སོགས་ཕེབས་པར་བརྟེན་ས་གནས་དེར་འབྱོར་ཐུབ་པར་བྱུང་། དེའི་རྗེས་མུ་མཐུད་ནས་དགོན་པའི་འཛིན་སྐྱོང་གང་ཡོད་རྣམས་འགན་བཞེས། སྤྱི་ལོ་༡༩༩༨ ལོར་ས་གནས་དེར་གསོ་རིག་འབུམ་བཞིའི་སྨན་ཁང་འཛུགས་སྐྲུན་གནང་བར་རོགས་པ་མཛད། སྤྱི་ལོ་༢༠༠༠ ལོར་སླར་ཡང་དགོན་པའི་གཙུག་ལག་ཁང་སོགས་ཉམས་རྒུད་ཅུང་སོང་བར་བརྟེན་བསྐྱར་བཞེངས་མཛད་འགོ་བཙུགས་ནས་སྤྱི་ལོ་༢༠༠༢ ལོར་ལེགས་གྲུབ་ཟིན་ཡང་བལ་ཡུལ་རྒྱལ་ཁོངས་སུ་ཆབ་སྲིད་ཅིག་གིས་རྐྱེན་བྱས་ཏེ་སྤྱི་ལོ་༢༠༠༤ ལོའི་བར་དབུ་འབྱེད་བྱ་མ་ཐུབ་པར་ལྷག་པ་རེད།
སྤྱི་ལོ་༢༠༠༤ ལོར་བལ་གཞུང་སྲིད་འཇུ་སོགས་ཡག་པོ་སོང་བ་དང་བསྟུན་བཀྲ་ཤིས་པའི་རབ་གནས་དང་ཁ་དགེ་བའི་དབུ་འབྱེད་མཛད་སྒོ་སྤེལ་བ་སྟེ། ཚོགས་སྡེ་འདྲ་མིན་གྱི་འཐུས་མི་དང་རུ་སྡེ་མང་ཚོགས་མཉམ་འཛོམས་ཐོག་ལྷ་བསང་མཆོད་བསྟོད་བྱས། གཡུང་དྲུང་བོན་གྱི་བརྡ་རྟགས་བོན་དར་མཁའ་དབྱིངས་སུ་བསྒྲེངས་པ་དང་། ཕྱེ་མ་དཀར་པོ་ཕྱག་གཡས་བསྣམས་ནས་ཤིས་ཚིག་ལེགས་བཤད་དང་སྦྲག་“ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་”ཞེས་གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་རྟེན་འབྲེལ་བཟང་པོས་མཐར་རྒྱས་བཏབ། དེ་ལྟར་དུ་ཨ་རུ་གཙོས་པའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བོན་ཁྲིད་སོགས་ཀྱི་མཛད་འཕྲིན་བསྐྱངས་པ་ལས། ཁོང་གིས་བཙུགས་གནང་བའི་(ནེའུ་ཡོག་ཏི་སེ་བོན་ཚོགས་)དང་། (TG Bon Teching Foundaton) དང་ཕེ་ལོ་ཊལ་ཕེ་ཡ་ལ་(པདྨ་ཞི་བདེ་ཚོགས་པ་)བཅས་ཚོགས་སྡེ་དུ་མ་བསྐྲུན་གནང་བ་བཅས་སྐུའི་མཛད་རྣམ་བསྡུས་པ་ཞིག་བློ་གྲོས་བསྟན་དར་ནས། སྤྱི་ལོ་༢༠༢༡ ལོའི་ཟླ་༣ ཚེས་༢༦ གཟའ་པ་སངས་ཉིན་མཇུག་གྲུབ་པའོ། །