བླ་མ་དང་ལྷག་པའི་ལྷ་ཤེས་རབ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །
༡ རྨད་བྱུང་རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ། །
སྐུ་མཆོག་ཁྱབ་གདལ་སྨྲ་བའི་དཀྱིལ་འཁོར་ལྷ། །
ལྷ་ཚོགས་འཁོར་བཅས་ཏིལ་གྱི་གོང་བུ་ལྟར། །
མདུན་གྱི་མཁའ་ལ་མངོན་སུམ་ས་ལེར་བ། །
༢ རབ་བརྗིད་ལྷུན་ཆགས་གསེར་གྱི་རི་བོ་ལ། །
རབ་དཀར་ཉིན་བྱེད་འབུམ་གྱིས་འཁྱུད་པའི་མདངས། །
རབ་མཛེས་དམར་སེར་འོད་ཕུང་ལྷམ་མེ་བ། །
རབ་འབྱམས་རྒྱ་མཚོའི་སྐུ་མངའ་སྨྲ་བའི་སེང་། །
༣ གང་སྐུ་འགྱུར་མེད་མཚན་དཔེའི་འོད་སྟོང་འབར། །
གང་གསུང་འགག་མེད་བརྒྱད་ཁྲིའི་བོན་དབྱངས་སྒྲོཌ། །
གང་ཐུགས་སྒྲིབ་མེད་ཤེས་བྱ་མ་ལུས་མཁྱེན། །
གང་ལས་འཕགས་པ་སྨྲ་བའི་དབྱངས་ལ་འདུད། །
༤ ངོ་མཚར་གཞའ་འོད་རྣམ་ལྔ་འཁྱིལ་བའི་ཀློང་། །
ཀུན་གྲགས་འགག་མེད་སྒྲ་རྒྱལ་གཡུ་འབྲུག་ཁྲིར། །
ཀུན་མཛེས་དྲི་མེད་འདབ་བརྒྱ་རྒོད་པའི་སྟེང་། །
ཀུན་གསལ་བསིལ་ཟེར་ཉིན་བྱེད་བཀོད་པའི་དབུས། །
༥ གཡའ་དག་གསེར་ཞུན་དངས་མའི་རི་བོ་ལ། །
ཉིན་བྱེད་བྱེ་བའི་འོད་མདངས་འཕྲོག་པའི་མདོག །
ཡེ་ཤེས་རང་མདངས་དྷཱི་ཡིག་དམར་སེར་ལས། །
འཁྲུངས་པའི་སྐྱིལ་ཀྲུང་གར་གྱི་འགྱིང་བག་ཅན། །
༦ བདུད་བཞི་ལས་རྒྱལ་བཅུ་དྲུག་གཞོན་ནུའི་ཚུལ། །
མཚན་དང་དཔེ་བྱད་ཡོན་ཏན་འབར་བའི་སྐུ། །
སྣ་ཚོགས་གོས་དང་རིན་ཆེན་རྒྱན་གྱིས་མཛེས། །
བལྟ་བས་མི་བཟོད་ངོ་མཚར་དཀྱིལ་འཁོར་རྫོགས། །
༧ རྒྱལ་མཚན་ཏོག་ལྟར་སྤྱི་གཙུག་གནས་སུ་ནི། །
མཐོན་མཐིང་རིང་འཇམ་རལ་པའི་ཐོར་ཅོག་གི། །
ཨུཏྤལ་མདངས་འཛིན་ལན་ཕྲན་ཟར་བུ་ནི། །
ཟུར་ཕུད་ལྔ་ལྡན་ཅུང་ཟད་གཡས་སུ་འཕྱང་། །
༨ རིན་ཆེན་དབུ་རྒྱན་རྣམས་ཀྱིས་མཛེས་བྱས་པའི། །
དབྱིབས་ལེགས་གདུགས་བཞིན་ཀུན་ནས་རྒྱས་པའི་དབུ། །
སྐྲ་མཚམས་མཐོ་བ་ལེགས་པར་ཕྱེད་པ་ཡི། །
དཔྲལ་བའི་དབྱེས་ནི་ཟླ་བ་ཉ་རྒྱས་བཞིན། །
༩ ཁ་དོག་ནག་ཅིང་ཅུང་ཟད་གུག་པའི་དབྱིབས། །
སྣུམ་ཅིང་སྤུ་མཉམ་ཡི་གེ་ན་རོའི་ཚུལ། །
སྨིན་ཚུགས་རིང་པོ་མ་འདྲེས་བསྒྲིགས་ལེགས་པ། །
ཁྱུ་མཆོག་བཞིན་དུ་རྫི་མ་ཡིད་དུ་འོང་། །
༡༠ ཨུཏྤལ་མཐིང་གའི་འདབ་མ་ཇི་བཞིན་དུ། །
སྤྱན་དཀྱུས་རིང་པོ་ཅུང་ཟད་ཟུམ་པ་ཡི། །
དཀར་ནག་ཆ་རྣམས་མ་འདྲེས་མཛེས་པ་ནི། །
འདམ་སྐྱེས་འདབ་མ་ཀུན་ནས་རེངས་པ་བཞིན། །
༡༡ རིམ་པར་འཚམས་ཞིང་ཀུན་ཏུ་སྙོམས་པ་དང་། །
ཅུང་ཙམ་མཐོ་བའི་བསེགས་སུ་གནས་པའི་ཤངས། །
སྙན་ཤལ་བཟང་པོ་རིང་དུ་འཕྱང་བའི་རྩེར། །
རིན་ཆེན་དུ་མས་སྤྲས་པའི་སྙན་ཆ་གཡོ། །
༡༢ ཞལ་བཟང་དར་དཀར་ཆག་བཏབ་པད་མོའི་ཚུལ། །
མཛེས་ལ་སུལ་དོད་དཀར་དམར་མདངས་ཀྱི་དབུས། །
དཀར་ཞིང་ཚད་མཉམ་ཐགས་བཟང་བཞི་བཅུའི་ཚེམས། །
དུང་དང་མུ་ཏིག་མདངས་ལྟར་རབ་ཏུ་དཀར། །
༡༣ སྲབ་མཉེན་མྱུར་བ་ལྗགས་ཀྱི་པད་མོ་ནི། །
ཅུང་ཞིག་དམར་ལ་ཤེས་བྱའི་ཟེགས་མ་འཐོར། །
རབ་དཀར་དུང་དང་མེ་ཏོག་ཀུནྡའི་མདངས། །
ཨོག་སྒོ་མཛེས་པ་ཟླ་བ་ཚེས་པའི་ཚུལ། །
༡༤ གཟི་འོད་འཁྱུག་པའི་རིན་ཆེན་ཕྲེང་བའི་རྒྱན། །
གང་དུ་འཕྱང་བའི་དྲི་མེད་མགྲིན་པ་ནི། །
མཛེས་པའི་གསེར་གྱི་བུམ་པའི་མགྲིན་པ་བཞིན། །
རྩ་ཡི་དྲ་བ་མི་མངོན་ཟླུམ་ཞིང་རྒྱས། །
༡༥ གདོང་ལྔ་པ་བཞིན་ཀུན་ནས་རྒྱས་པའི་སྟོད། །
རི་རབ་ལྷུན་པོའི་ངོས་ལྟར་ཡངས་པའི་བྲང་། །
མགུལ་རྒྱན་དོ་ཤལ་རིན་ཆེན་རྒྱན་གྱིས་མཛེས། །
ཕྲག་གཉིས་ཐབས་ཤེས་ཉི་ཟླའི་ཚུལ་དུ་བརྗིད། །
༡༦ ཕྱག་ཞབས་བོལ་གོང་རྒྱ་ཐེབ་བརྩེགས་པ་འདྲ། །
ཕྱག་གདུབ་ཞབས་གདུབ་རིན་ཆེན་རྒྱན་གྱིས་བརྒྱན། །
སོར་མོ་ཉི་ཤུ་མཛེས་པའི་དྲ་བ་ཡིས། །
ལེགས་པར་འབྲེལ་བ་ངང་པའི་རྒྱལ་པོ་བཞིན། །
༡༧ དམར་ལ་སྣུམ་པའི་མདངས་དང་རབ་ལྡན་པའི། །
ཕྲེང་བས་རབ་ཏུ་དངར་བའི་སོར་མོ་ནི། །
དཔག་བསམ་ཡལ་འདབ་པད་མོའི་འདབ་མ་ལྟར། །
རིང་ཞིང་རྒྱས་ལ་འཇམ་ཞིང་གཞོན་ཤ་ཆགས། །
༡༨ གསལ་ཞིང་མ་འདྲེས་སོ་སོར་བཀྲ་བ་ཡི། །
གསེར་གྱི་འཁོར་ལོ་རྩིབས་བརྒྱད་ལྡན་པ་མཆོག །
ཕྱག་ཞབས་མཐིལ་བཞིའི་དབུས་ནས་བཀྲ་བ་ནི། །
རྒྱ་ལས་རྒྱ་ཡི་འབུར་ནི་གསལ་བ་བཞིན། །
༡༩ དཔུང་རྒྱན་གདུ་བུས་མཛེས་པར་བྱས་པ་ཡི། །
གཡས་པའི་ཕྱག་ན་འཁྲུལ་རྟོག་དྲ་བའི་རྒྱ། །
ཡོངས་སུ་གཅོད་བྱེད་ཤེས་རབ་རལ་གྲི་ནི། །
འབར་བའི་འོད་ཀྱི་དྲ་བ་འགྱེད་པ་བསྣམས། །
༢༠ མ་རིག་རྨོངས་པའི་མུན་པ་སྟུག་པོ་བ། །
མ་ལུས་གསལ་བར་སྟོན་པའི་གླེགས་བམ་དང་། །
ཡེ་ཤེས་གསལ་བའི་སྒྲོན་མེ་ཕྱག་གཡོན་གྱིས། །
པད་སྡོང་གཡོན་པའི་ཕྱག་གིས་ཐུགས་ཀར་འཛིན། །
༢༡ དབང་གཞུའི་མདོག་མཛེས་སྲབ་ལ་འཇམ་པ་ཡི། །
སྣ་ཚོགས་དར་གྱི་སྨད་གཡོགས་གཡོ་བ་དང་། །
ངོ་མཚར་མཛེས་ལེགས་དར་གྱི་དཔྱངས་ཐག་གིས། །
ཡིད་འོང་སྐེད་སྐབས་ཀུན་ནས་རྣམ་པར་བཀྲ། །
༢༢ གཡའ་དག་གསེར་ཞུན་དྭངས་པའི་རི་བོ་ལ། །
དམར་སེར་ལི་ཁྲི་དྭངས་མས་བྱུག་འདྲའི་མདངས། །
མཚན་དཔེ་གཟི་འབར་ངེས་པའི་ཐོ་ཡིག་བཀྲ། །
ཁྱོད་སྐུ་མཛེས་བརྗིད་རི་དབང་ཇི་བཞིན་མཐོ། །
༢༣ གཏིང་ཟབ་དཔག་དཀའ་རྒྱ་མཚོའི་ངང་ཚུལ་ཅན། །
དོན་དམ་ངོ་བོ་གནས་ལུགས་སྟོན་པའི་གཞི། །
མི་བརྗིད་གཟུངས་ལྡན་དྲང་ངེས་ཚད་མའི་དབྱངས། །
ཁྱེད་གསུང་འགག་མེད་ཚངས་པའི་དབྱངས་དང་ལྡན། །
༢༤ ཡེ་ནས་ཉེས་པའི་སྐྱོན་གྱི་མ་གོས་པའི། །
བདེར་གཤེགས་ཀུན་གྱི་ཐུགས་ཀྱི་རང་བཞིན་ཏེ། །
ཤེས་རབ་འཁོར་ལོ་ཉིན་བྱེད་འབར་བའི་གཟི། །
ཁྱེད་ཐུགས་སྒྲིབ་མེད་ཡེ་ཤེས་ཀུན་ནས་རྒྱས། །
༢༥ རྨད་བྱུང་ཡོན་ཏན་ཡིད་བཞིན་ནོར་བུའི་ཚུལ། །
སྲིད་གསུམ་འདོད་པ་འབྱུང་བའི་འོད་སྟོང་ལ། །
ཚད་མེད་ཕྲིན་ལས་འོད་ཀྱི་ཟེར་མ་ཅན། །
སྨྲ་བའི་དབང་ཕྱུག་མཁྱེན་བརྩེའི་གཏེར་ཆེན་ལྷ། །
༢༦ བདེན་གཉིས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི །
རྒྱུད་ལུང་མན་ངག་སྡེ་སྣོད་གསུམ་གྱི་དོན། །
མ་འདྲེས་གསལ་བར་སྟོན་པའི་གླེགས་བམ་གྱིས། །
ཀུན་འབྱུང་གཏོ་ཡི་བཀའ་སྒྲོམ་རབ་ཏུ་འགེང་། །
༢༧ ས་བཅུའི་དབང་ཕྱུག་རྒྱལ་སྲས་ཐུ་བོ་པ། །
གང་གི་ཡོན་ཏན་རབ་ཏུ་དྲན་པས་ཀྱང་། །
བློ་གྲོས་སྤོབས་པའི་སྣང་བ་ཀུན་སྩོལ་བའི། །
རྗེ་བཙུན་སྨྲ་བའི་དབྱངས་ལ་ཕྱག་འཚལ་ལོ། །
༢༨ མཁྱེན་པའི་གངས་རི་ཀུན་ནས་མངོན་མཐོ་ཞིང་། །
བརྩེ་བའི་ཆུ་རྒྱུན་དྲི་མེད་རབ་རྒྱས་པས། །
འགྲོ་བའི་སྡུག་བསྔལ་དྲི་མ་གསལ་བྱེད་པ།།
ཀུན་འབྱུང་ཚད་མེད་ཐུགས་རྗེ་ཅན་ལ་འདུད། །
༢༩ ངན་སོང་ཁུར་གྱིས་ངལ་བའི་ལུས་ཅན་རྣམས། །
བླ་མེད་ཐར་པའི་ལམ་དུ་འདྲེན་མཛད་པ། །
ལེགས་པ་ཀུན་འབྱུང་རྒྱལ་དང་རྒྱལ་སྲས་ཀྱི། །
འཁོར་ཚོགས་རྒྱ་མཚོའི་དབུས་ན་མངོན་པར་མཐོ། །
༣༠ བོན་དབྱིངས་མཁའ་ལྟར་སྣང་བའི་ཉིན་བྱེད་ཀྱིས། །
ཉོན་མོངས་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས། །
སྡུག་བསྔལ་ཉེར་ཞི་བདེ་ཆེན་སར་འགོད་པ། །
གསུང་གི་དབང་ཕྱུག་ཤེས་རབ་སྨྲ་བའི་སེང་། །
༣༡ ཤེས་རབ་སྐྱེད་ཅིང་ཡེ་ཤེས་རྒྱས་པའི་ཐབས། །
ཉེ་བར་སྟོན་ཕྱིར་ཝ་ཀི་དྷི་ན་མ། །
སྤྲོས་མེད་དོན་ལས་རྣམ་པར་སྤྲོས་པ་དང་༌། །
ཚད་མེད་པ་དང་མི་འཇིགས་དོན་ལ་གནས། །
༣༢ སྐུ་ཡི་དཀྱིལ་འཁོར་ཁྱབ་བདག་སྟོན་པར་མཛད། །
མཁྱེན་པའི་སྟོབས་ཀྱིས་འཁོར་འདས་གཅིག་ཅར་གཟིགས། །
མི་འཇིགས་བཞི་ཡིས་བདུད་བཞིའི་དཔུང་ཚོགས་བཅོམ། །
མི་ཟད་ཡོན་ཏན་གཏེར་མཛོད་སྨྲ་བའི་སེང་། །
༣༣ ཤེས་བྱའི་དཀྱིལ་འཁོར་ཡེ་ཤེས་སྐུར་དམིགས་ནས། །
ཤེས་རབ་གཟུངས་སྔགས་བཟླས་པ་ཙམ་གྱིས་ཀྱང་། །
ཤེས་བྱའི་སྒྲིབ་པ་མ་ལུས་གསལ་བྱེད་པ། །
ཤེས་རབ་སྨྲ་སེང་གཙོ་འཁོར་བཅས་ལ་འདུད། །
༣༤ རྨད་བྱུང་ཡེ་ཤེས་རྣམ་ལྔའི་ཐུགས་རྗེའི་འོད། །
འོད་ཟེར་ལམ་མེར་བདག་གི་སྒོ་གསུམ་གནས། །
གནས་གསུམ་གནས་སུ་མཆོག་དང་ཐུན་མོང་གི །
བྱིན་རླབས་དངོས་གྲུབ་བར་མེད་བསྩལ་དུ་གསོལ། །
༣༥ སྤྲིན་བྲལ་སྒྲིབ་མེད་ཉི་མའི་དཀྱིལ་འཁོར་དང་། །
མ་འགག་ཡེ་ཤེས་རྒྱན་དུ་ཤར་བ་བཞིན། །
མཁྱེན་གཉིས་ཐུགས་ཀྱི་ཀློང་ནས་རྩལ་ཕྱུངས་ལ། །
ཐེ་ཚོམ་སྙིང་གི་མུན་པ་འཇོམས་མཛད་གསོལ། །
༣༦ བོན་ཀུན་འཛིན་པའི་མི་བརྗིད་གཟུངས་ལྡན་དང༌། །
ཟབ་རྒྱས་དོན་ཀུན་མཐོང་བའི་མི་འཕྲོག་བློ། །
གང་ལ་ཐོགས་མེད་མི་འཇིགས་སྤོབས་པ་སོགས། །
ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྩོལ་ཅིག །
༣༧ ཐོས་བསམ་སྒོམ་པས་རང་དོན་མཐར་ཕྱིན་ཅིང༌། །
འཆད་རྩོད་རྩོམ་པས་འཇིག་རྟེན་ཕན་བདེའི་གཞི། །
རྣམ་འདྲེན་རྒྱལ་བའི་བསྟན་པའི་རྒྱལ་མཚན་མཆོག །
མི་ནུབ་ཕྱོགས་དུས་ཀུན་ཏུ་བསྒྲེངས་ནུས་ཤོག །
༣༨ སྙིགས་དུས་རྒྱལ་བསྟན་རིན་ཆེན་ཤིང་རྟའི་སྲོག །
རིང་ལུགས་འཁྲུལ་མེད་འཆད་ཉན་ཆུ་བོའི་རྒྱུན། །
བར་མེད་བཤད་དང་སྒྲུབ་པའི་ལམ་སྲོལ་འདི། །
སྲིད་མཐའི་བར་དུ་སྲིང་བའི་ནུས་ལྡན་ཤོག །
༣༩ གཞུང་ལུགས་མང་དུ་ཐོས་བའི་མཐར་སོན་ཏེ། །
མ་ལུས་འགྲོ་ལ་བོན་གྱིས་ཚིམ་བྱས་ནས། །
བདག་ཉིད་རིང་མིན་རྒྱལ་བ་ཀུན་གྱི་གཙོ། །
སྨྲ་བའི་སེང་གེའི་སྐུ་མཆོག་ཐོབ་པར་ཤོག །
༤༠ ཁྱེད་ཀྱི་ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན། །
བདག་རྒྱུད་ཞུགས་ནས་ལུང་དང་རིག་པ་ཡིས། །
སྐལ་ལྡན་ཡིད་འཕྲོག་ལོག་སྨྲ་ཚར་གཅོད་པའི། །
འཆད་རྩོད་རྩོམ་པའི་གནས་རྣམས་མཐར་སོན་ཤོག །
༤༡ སྐད་གཉིས་སྨྲ་ལ་ཕུལ་བྱུང་ཐོགས་མེད་པའི། །
སྡེབ་ལེགས་ཚིག་གི་ཡང་དག་རིག་པ་མཆོག །
བདེ་བླག་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི། །
ཐེ་ཚོམ་གཅོད་པའི་མཆོག་ཏུ་བདག་གྱུར་ཅིག །
༤༢ ལྟ་བ་ཡས་ཕུབ་ཐེག་པ་ཆེན་པོའི་དོན། །
སྤྱོད་པ་མས་འཛེགས་སྙིང་རྗེ་ཆེན་པོའི་གཞི། །
ཐབས་མཆོག་བདེ་བླགས་ཉིད་དུ་འགྲུབ་གྱུར་ནས། །
འགྲོ་ཀུན་ཕར་ཕྱིན་ལམ་ལ་འགོད་ནུས་ཤོག །
༤༣ གང་ལ་བསྟོད་པའི་ཤེས་རབ་སྒྲོན་མེའི་འོད། །
རབ་ཏུ་སྤར་བའི་དགེ་ཚོགས་གང་ཐོབ་དེས། །
སྲིད་ན་གནས་པའི་འགྲོ་བ་མ་ལུས་པ། །
མཁྱེན་བརྩེའི་ཡེ་ཤེས་ཀུན་ནས་ཐོབ་གྱུར་ཅིག །
༤༤ དེ་ལྟར་བདེ་བར་གཤེགས་པའི་གསུང་གི་མཛོད། །
གཅིག་ཏུ་བསྡུས་པའི་སྙིང་པོ་སྨྲ་བའི་སེང་། །
བསྟོད་ཚིག་མཆོད་པ་སྒྲོན་མེའི་འོད་ཟེར་འདི། །
ཤེས་རབ་རྩལ་ཞེས་འབོད་པ་དག་གིས་ཕུལ། །
༤༥ དེར་བརྟེན་ཚེ་རབས་ཀུན་ཏུ་ཤེས་རབ་ལྷས༌། །
བསྟན་པའི་ཐེག་མཆོག་གནས་ལུགས་བཤེས་ཀྱི་ཕུལ། །
མགོན་དུ་ཐོབ་སྟེ་བྱང་ཆུབ་སྒྲུབ་པ་ལ། །
བརྩོན་པས་འཁོར་བ་སྒྲོལ་པའི་དཔལ་ཐོབ་ཤོག །
ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེ་ལ་བསྟོད་པ་ཤེས་རབ་སྒྲོན་མེའི་འོད་སྣང་ཞེས་བྱ་བ་ཚེག་བར་དགུ་ལ་ཤད་བར་གཅིག་དང་། ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག་ཏུ་བརྩིས་པས་ཐེག་པ་བཞི་བཅུ་རྩ་ལྔའི་གྲངས་ལྡན་ཤོ་ལོ་ཀ་བཞི་བཅུ་རྩ་ལྔ་འདི་ནི་སྙན་ངག་སྨྲ་བ་ཤེས་རབ་རྩལ་ལམ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་བྲིས་པ་དགེའོ། །