སངས་རྒྱས་གླིང་པའི་ཡང་སྲིད་མི་ཕམ་མགོན་པོའི་ལོ་རྒྱུས་ལ་དཔྱད་པ།   

[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིར་སངས་རྒྱས་གླིང་པའི་ཡང་སྲིད་མི་ཕམ་མགོན་པོ་མཆོག་གི་ཡབ་ཡུམ་རིགས་རུས་དང་འཁྲུངས་འདས་ལོ་ཚིགས།  ཁོང་གི་བརྩམས་ཆོས་དང་མཛད་པ་འཕྲིན་ལས།  སྐུ་གཤེགས་རྐྱེན་སོགས་ཀྱི་སྐོར་ནས་དཔྱད་གཞི་སྣ་ཚོགས་དང་ངག་རྒྱུན་ཁག་ལ་ཞིབ་འཇུག་བྱས་ཏེ།   གནད་དོན་མང་པོ་ཞིག་ལ་ལུང་རིགས་རྣམ་དག་གིས་དགག་བཞག་བྱས་ཏེ་དོན་དངོས་གང་ཡིན་པ་གསལ་སྟོན་བྱས་ཡོད།

[བརྡ་ཆད་གཙོ་བོ།]  མི་ཕམ་མགོན་པོ།  རྩེ་དྲུག་དགོན།  འཕགས་བུ་རྨེའུ་ཚང་། རྒྱལ་རོང་། 

སྔོན་གླེང་།  

སྤྱི་ལོ(2020)ལོར་ཁོ་བོས་ལོ་ཆེན་བཻ་རོ་ཙ་ནའི་སྐོར་ལ་ཆེད་དུ་ཞིབ་འཇུག་བྱས་ཤིང་།   ཞིབ་འཇུག་དཔྱད་རྩོམ་དེ་དང་འབྲེལ་བ་ཆེ་བའི་ས་གནས་ལྷོ་ཚ་བ་རོང་དུ་སོང་སྟེ།  ཡུལ་དངོས་རྟོག་ཞིབ་དང་འབྲེལ་ཡོད་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་དང་བཅར་འདྲི་བྱས།  དངུལ་ཆུ་སྨད་མ་གྲོང་རྡལ[1]གྱི་དགུ་པ་གྲོང་ཚོར་དགུ་སྟ་ག་དགོན་ཞེས་པའི་མི་ཚང་ཞིག་ཡོད་ཅིང་།   དེ་ཚང་ལ་སོང་སྟེ་རྒན་རབས་ཕུན་ཚོགས་ལྷ་རྒྱལ་ལགས་ལ་འབྲེལ་ཡོད་གནས་དོན་འགའ་ཞིག་གི་སྐོར་ནས་བཅར་འདྲི་བྱས།   མི་ཚང་དེ་ནི་སངས་རྒྱས་གླིང་པའི་ཡང་སྲིད་མི་ཕམ་མགོན་པོ་ལགས་ཀྱི་འཁྲུངས་གཞིས་ཡིན་པ་རེད།   མི་ཕམ་མགོན་པོ་མཆོག་གི་སྐོར་འཁོད་པའི་ལོ་རྒྱུས་ཡིག་ཆ་དཀོན་ལ།  འགའ་ཞིག་ཡོད་ཀྱང་དེ་དག་ཏུ་ཁོང་གི་འཁྲུངས་འདས་ལོ་ཚིགས་གཅིག་མཐུན་བྱུང་མེད་པ་དང་ལོ་ཚིགས་དེ་དག་ཀྱང་གཟབ་ནན་གྱིས་བཀོད་མེད་པའི་སྣང་ཚུལ་ཞིག་ཐོན་ཡོད།   དེར་བརྟེན།  གུས་པས་ཁོང་གི་སྐོར་འཁོད་པའི་ཡིག་ཆ་མང་པོ་བཙལ་བ་དང་ཁོང་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་ལ་ཉན་པ་དང་ཟིན་བྲིས་བཏབ་རྗེས།  ལོ་རྒྱུས་ཡིག་ཚང་རིག་པའི་ཐབས་ལམ་དཔྱད་དེ་ཁོང་གི་ལོ་རྒྱུས་རྩོམ་ཡིག་འདི་བྲིས་པ་ཡིན།

དང་པོ།   ཁོང་གི་ཡབ་ཡུམ་དང་རིགས་རུས་སྐོར།   

དམ་པ་ཁོང་ནི་བོད་ཡུལ་རོང་ཆེན་བཞི་ཡི་ཡ་གྱལ་ལྷོ་ཚ་བ་རོང་གནའ་བོའི་ཡིག་ཆ་ནང་དུ་སྤས་ཡུལ་པད་མ་འབུམ་གླིང་ཞེས་འཁོད་ཅིང་།  དེང་གི་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་ཁོངས་གཏོགས།  རྫོང་གི་ལྷོ་ངོས་སུ་ལམ་ཐག་སྤྱི་ལེ(156)མཚམས་སུ་ཆགས་པའི་དངུལ་ཆུ་སྨད་མ་གྲོང་རྡལ་གྱི་དགུ་པ་གྲོང་ཚོར་དགུ་སྟ་ག་དགོན་ཚང་དུ་སྐུ་འཁྲུངས།   ཁོང་གི་ཡབ་ཀྱི་མཚན་ལ་གང་ཞུ་བ་དཔྱད་གཞིའི་ཡིག་ཆ་ནང་དུ་འཁོད་མི་འདུག་ཅིང་།  རྒན་རབས་ཚོའི་ངག་རྒྱུན་ལས་ཀྱང་མ་བྱུང་བས་འདི་ནི་ཕལ་ཆེར་ད་ཤེས་ཐབས་བྲལ་བའི་གནད་དོན་ཞིག་ཏུ་གྱུར་ཟིན་འདུག   མ་ཡུམ་གྱི་མཚན་ལ་འཕགས་བཟའ་བསོད་ནམས་གཡང་མཚོ་ཟེར།  ཁོང་གི་མ་ཡུམ་ནི་སྐུ་གོང་མ་སངས་རྒྱས་གླིང་པའི་ཡབ་གཞིས་འཕགས་བུ་ཚང་གི་བུ་མོ་ཡིན་པ་རེད།  འཕགས་བུའི་གདུང་རབས་ཀྱིས་ལོ་མང་པོར་དབྱིབས་བླ་བྲང་དྲག་པོ་རྫོང་གི་གདན་ས་བཟུང་མྱོང་ཡོད་ལ།   ལྷག་ཏུ་འཕགས་བུའི་གདུང་ལས་སྤྲུལ་སྐུ་སངས་རྒྱས་གླིང་པ་འཁྲུངས་རྗེས་འཕགས་བུའི་གདུང་རབས་ལ་ཡུལ་དེའི་མི་རྣམས་ཀྱིས་གུས་བཀུར་ཆེན་པོ་བཟོ་བའི་སྲོལ་ཆགས་པ་ཡིན།   དེ་སྐབས་སུ་འཕགས་བུ་ཚང་ལ་སྲས་པོ་མ་བྱུང་ན་སྲས་མོ་རྣམས་ཀྱིས་གདན་ས་སྐྱོང་བཞིན་ཡོད་པ་རེད།  ཕྱིས་སུ་དབལ་འབར་སྟག་སླག་ཅན(1833ལོར་འཁྲུངས)ཡུལ་འདིར་ཕེབས་སྐབས་དྲག་པོ་རྫོང་དུ་འཕགས་བུའི་སྲས་མོ་སྐལ་བཟང་ལྷ་མོ་ལགས་བཞུགས་ཡོད་ཅིང་།   སྲས་མོ་འདི་དང་དབལ་འབར་སྟག་སླག་ཅན་བར་ཡབ་ཡུམ་གྱི་འབྲེལ་བ་བྱུང་བ་ནས་བཟུང་དྲག་པོ་རྫོང་གི་བླ་བྲང་ཁྱུང་སེར་གདན་སར་གྱུར་པ་རེད།

ཁོང་གི་གདུང་རུས་སྐོར་ཕྱིས་ཀྱི་ལོ་རྒྱུས་གསར་རྩོམ་ཁག་ཏུ་མ་གསལ་རུང་།   བོད་མེ་བྱི་སྤྱི་ལོ(1816)ལོར་འཁྲུངས་པའི་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་རང་རྣམ《སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན》ལས།  ཁོང་ཚ་བ་མདོ་ཞིག་རྒྱལ་པོའི་རུས་རྒྱུད་ལས་འཁྲུངས་པ་གསལ་ཏེ། “དེ་དུས་མཆོག་ཆེན་སངས་རྒྱས་གླིང་པ་ཉིད།།  པད་མ་འབུམ་གླིང་དབྱིབས་ཀློང་འཕགས་སུ་ཡི།།   གདུང་ལས་འཁྲུངས་ནས་དགུང་ལོ་སོ་གཅིག་ནས།།  རིགས་ལྔ་མཁའ་འགྲོས་སྤྱན་དྲངས་མཁའ་སྤྱོད་གཤེགས།།   འགྲོ་ལ་རྗེས་ཆགས་ཡང་སྲིད་མི་ཕམ་མགོན།།   མེ་འབྲུག་ལོ་ལ་པད་མ་འབུམ་གླིང་གི།   ཚ་བ་མདོ་ཞིག་རྒྱལ་པོའི་གདུང་ལས་འཁྲུངས།།”[2]ཞེས་འཁོད།

མེ་སྟོན་ཉི་མ་རྒྱལ་མཚན་མཆོག་ནི་མི་ཕམ་མགོན་པོ་བྱོན་ཏེ་ལོ་ཉི་ཤུ་འདས་མཚམས་སུ་འཁྲུངས་པ་ཡིན་ལ།   ཁོང་རྣམ་གཉིས་ཀྱི་མེས་པོ་ཚ་བ་རོང་གྲོང་ཚོ་གཅིག་ནས་ཡིན་པ་དང་ཁྱིམ་རྒྱུད་བར་དུ་དམིགས་བསལ་གྱི་འབྲེལ་བ་ཡོད་པས།   མེ་སྟོན་མཆོག་གིས་མི་ཕམ་མགོན་པོ་མདོ་ཞིག་རྒྱལ་པོའི་གདུང་རྒྱུད་ཡིན་གསུངས་པ་ནི་བྱུང་རྒྱལ་དུ་སྨྲས་པའི་གཏམ་ཞིག་མ་ཡིན་པ་ཤེས་དགོས།   མདོ་ཞིག་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་དང་ཧ་ཅང་རྩོད་གཞི་ལྡན་པའི་མི་སྣ་ཞིག་ཡིན།   བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན(C.E 742-797)སྐབས་སུ་བོད་སྲིད་གཞུང་གིས་ལོ་ཆེན་བཻ་རོ་ཙ་ན་རྒྱང་འཕུད་བཏང་ཡུལ་གྱི་རྒྱལ་པོ་འདི་ཡིན།  ད་ལྟ་དབྱིབས་པ་གྲོང་ཚོར་མདོ་ཞིག་རྒྱལ་པོའི་མཁར་ཤུལ་རྒྱ་ཆེན་པོ་མཐོང་རྒྱུ་འདུག་ཅིང་།   རྒྱལ་པོ་འདིའི་སྐོར་རྩོམ་ཡིག་གཞན་དུ་བྲིས་ཡོད་པས་འདིར་དེ་ཙམ་གྱིས་ཆོག་པར་བྱ།

མདོ་ཞིག་རྒྱལ་པོའི་གདུང་ལས་མི་ཕམ་མགོན་པོ་ལས་གཞན་སངས་གླིང་ཐུགས་སྲས་གྲགས་པ་བཞི[3]ཡི་ནང་ཚན་ཉི་མ་གྲགས་པའི་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ཡང་འཁྲུངས་པ་རེད[4]།  ཕྲན་གྱིས་སྟ་ག་དགོན་ཚང་གི་རྒན་རབས་ཕུན་ཚོགས་ལྷ་རྒྱལ་ལགས་ལ་བཅར་འདྲི་བྱས་སྐབས་ཁོང་གིས་ཡབ་ཞིང་གཤེགས་ཀྱིས་གསུངས་ཚུལ་ལ་ཁོང་ཚང་དུ་རྩེ་དྲུག་གི་བླ་མ་གཉིས་འཁྲུངས་པ་རེད་ཟེར་སྲོལ་ཡོད་པ་དང་།   ཁོང་ཚང་དང་དབྱིབས་བླ་བྲང་བར་དུ་ས་རྩོད་བྱུང་མྱོང་བའི་སྐོར་ཞིག་བཤད་བྱུང་།   དེ་དག་ལ་བསམ་གཞིག་གཏོང་དགོས་ས་མང་པོ་འདུག   ངས་བསམ་ན་མི་ཕམ་མགོན་པོ་མཆོག་གཙོས་པའི་སྐབས་དེའི་རྩེ་དྲུག་བླ་རབས་མང་པོ་ཞིག་འཕགས་བུ་དང་མདོ་ཞིག་གི་རུས་རྒྱུད་ལས་འཁྲུངས་པར་རྒྱུ་མཚན་ཆེན་པོ་འདུག་སྟེ།  གཙང་སྙེ་མོ་འཕགས་བུ་རྨེའུ་ཚང[5]གི་བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་བྱང་འབྲོག་ཏུ་གདུལ་བྱར་ཕེབས་སྐབས་སྟབས་མ་ལེགས་པར་སོག་དམག་གིས[6]བཅོམ།  བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་བཀྱིགས་ཏེ་མཚོ་སྔོན་ཕྱོགས་སུ་ཁྲིད་སྐབས་མཚན་མོ་བྲོས་ནས་ཐར་ཏེ་མདོ་ཁམས་འབྲི་ཆུ་སྨད་དུ་བྱོན་ནས་ལོ་ཤས་བཞུགས།   དེ་ནས་རྒྱལ་མོ་དངུལ་ཆུ་རྒྱུད་དུ་བྱོན་ཏེ་ཐོག་མར་གནས་བྱ་རྒོད་སྤུངས་རིའི་གཡོན་ཕྱོགས་སྒོམ་ཁྲུང་དགོན་དུ་བཞུགས།   དགོན་པ་འདི་མཛོ་སྒང་རྫོང་དངུལ་ཆུ་སྟོད་མ་གྲོང་རྡལ(中林卡乡)དུ་གནས་ཡོད།  ཁོང་གཙང་འཕགས་བུ་རྨེའུ་ཚང་གི་སྲས་པོ་ཡིན་པས་ཁོང་ལ་འཕགས་བུ་བླ་མ་ཞེས་འབོད་ཅིང་རིམ་བཞིན་ཁོང་ཡབ་སྲས་རྣམས་ཡུལ་དེའི་ཐོབ་ཐང་ངེས་ཅན་ལྡན་པའི་བླ་མར་གྱུར་པ་རེད།   ཁོང་གི་སྲས་པོ་གཙང་སྙེ་མོ་ནས་ཡབ་མཇལ་དུ་ཕེབས་པ་མཚན་ལ་ཀུན་དགའ་ཡེ་ཤེས་ཞུ་བ་དེ་ཚ་རོང་མདངས་དར་གཡུང་དྲུང་གླིང་གི་བླ་མ་མཛད་འདུག  དགོན་པ་འདི་ནི་མཛོ་སྒང་རྫོང་གི་ཤར་ཕྱོགས་ཨུ་ཡོན་གྲོང་རྡལ་གྱི་མདངས་དར་གྲོང་དུ་གནས་ཡོད།  ཀུན་དགའ་རྣམ་རྒྱལ་མཆོག་གི་སྲས་འཕགས་བུ་རྒྱལ་མཚན་ལྷུན་གྲུབ།   དེའི་སྲས་འཕགས་བུ་གཡུང་དྲུང་རྒྱལ་པོ།  ཁོང་གི་སྐུ་དུས་སུ་དབྱིབས་པ་གྲོང་ཚོའི་དྲག་པོ་རྫོང་གི་གཡས་ཟུར་དུ་འཕགས་བུ་ཚང་གི་གཞིས་ཆགས་པ་རེད།  ཁོང་གི་སྲས་འཕགས་བུ་གཡུང་དྲུང་ཚེ་དབང་རྒྱལ་པོ་སྟེ་སྤྲུལ་སྐུ་སངས་རྒྱས་གླིང་པའི་ཡབ་ཡིན།  ཡུལ་དེར་འཕགས་བུའི་བླ་རབས་མ་བྱུང་བའི་སྔོན་རོལ་དུ་བླ་དཔོན་གྱི་ཐོབ་ཐང་མཐོ་ཤོས་ནི་མདོ་ཞིག་རུས་རྒྱུད་ཀྱིས་བཟུང་ཡོད་པ་རེད།    མདོ་ཞིག་རུས་རྒྱུད་ནི་བོད་བཙན་པོའི་སྐབས་ནས་ཡུལ་འདིར་རྒྱལ་ས་བཟུང་བ་ཡིན་པས།   དར་རྒུད་སྣ་ཚོགས་བརྒྱུད་ཀྱང་ཡུལ་འདིའི་མི་རྣམས་ཀྱིས་མདོ་ཞིག་རྒྱལ་པོའི་མཚན་སྙན་དང་ཆེ་བ་ལ་གུས་བཀུར་ཞུ་བཞིན་ཡོད་དེ།  ད་ལྟ་ཡང་ཡུལ་མི་རྣམས་ལ་མདོ་ཞིག་རྒྱལ་པོ་དང་འབྲེལ་བའི་ངག་རྒྱུན་མང་པོ་བཤད་རྒྱུ་འདུག   སངས་གླིང་ཡང་སྲིད་ངོས་འཛིན་གནང་སྐབས་མདོ་ཞིག་རུས་རྒྱུད་ཀྱི་ཆེ་བ་ད་དུང་མ་ཉམ་པར་བསྡད་ཡོད་པ་ཤེས་ཐུབ་ཅིང་།  སངས་གླིང་འཁྲུངས་རྗེས་རིམ་བཞིན་དྲག་པོ་རྫོང་དུ་མདོ་ཞིག་རུས་རྒྱུད་ཀྱི་ཆེ་བ་འཕགས་བུ་རུས་རྒྱུད་ཀྱིས་ཚབ་བྱས་པ་དང་།  མི་རྣམས་ཀྱི་སེམས་སུ་མདོ་ཞིག་རུས་རྒྱུད་ཀྱི་སྣང་བརྙན་རབ་རིབ་ཏུ་གྱུར་པ་རེད།   སངས་རྒྱས་གླིང་པ་འཁྲུངས་ནས་ལོ(130)ལྷག་འདས་རྗེས་འཕགས་བུ་གདུང་རབས་མཇུག་རྫོགས་ཏེ་ཁྱུང་སེར་གདུང་རྒྱུད་ཀྱིས་ཡུལ་འདིར་གོ་གནས་བཟུང་བའི་འགོ་བརྩམས་པ་རེད།

གཉིས་པ།  ཁོང་གི་འཁྲུངས་འདས་ལོ་ཚིགས་སྐོར།

གཅིག   ཁོང་གི་འཁྲུངས་ལོ།

ཁོང་གི་འཁྲུངས་འདས་ལོ་ཚིགས་བོན་གྱི་བསྟན་རྩིས་འགའ་ཞིག་ཏུ་འཁོད་ཡོད། དེ་ཡང་ཁོང་གི་འཁྲུངས་ལོ་འཁོད་པའི་དཔེ་ཆ་སྔ་ཤོས་ནི་མཁས་དབང་ཀུན་གྲོལ་གྲགས་པས་བརྩམས་པའི《བཀའ་དང་བཀའ་བརྟེན་དཀར་ཆག》ཡིན་ལ།   ཀུན་གྲོལ་གྲགས་པ་ནི་སྐུ་གོང་མ་སངས་གླིང་མཆོག་གི་ཐུགས་སྲས་ཡིན་པ་མ་ཚད།   སངས་རྒྱས་གླིང་པ་ནི་ཀུན་གྲོལ་གྱིས་བརྩི་བཀུར་ཆེན་པོ་བྱ་སའི་བླ་མ་ཞིག་ཡིན་པ་རེད།  ཀུན་གྲོལ་གྱི་གསང་བའི་རྣམ་ཐར་དུ་འཁོད་པ་ལྟར་ན།  ཁོང་དགུང་ལོ(26)ཐོག་སྟོད་ཕྱོགས་ཀྱི་གནས་དགོན་མཇལ་གྲུབ་སྟེ་ཕྱིར་ཡུལ་དུ་ལོག་སྐབས་སྤྲུལ་སྐུ་སངས་རྒྱས་གླིང་པའི་སྙན་པ་རྒྱང་ནས་ཐོས་པས་ཤིན་ཏུ་མཇལ་སྙིང་འདོད་མོད།  སྐབས་དེར་ཀག་པོ་དང་སྤུ་བོ་འཁྲུགས་ནས་ལམ་མ་ཐེབས་པས་རང་ཡུལ་དུ་མ་ལོག་ཐབས་མེད་བྱུང་བ་རེད།  ཀུན་གྲོལ་དགུང་ལོ(31)བཞེས་སྐབས་སངས་གླིང་རྒྱལ་རོང་བྲག་འགོ་གཡུ་དགོན་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང[7]དུ་ཞབས་བཅགས་ཤིང་།  ཁོང་གིས་ཀུན་གྲོལ་མཆོག་དེར་ཡོང་དགོས་པའི་བཀའ་ཡིག་བསྐུར་ཅིང་།  སྤྱི་ལོ(1730)ཟླ་བ་བདུན་པའི་ནང་ཁོང་རྣམ་གཉིས་མཇལ་འཕྲད་ཐོག་མ་དེ་བྱུང་བ་རེད།   མཁར་རྨེའུ་བསམ་གཏན་ལགས་ནས་སྤྱི་ལོ(1729)ལོར་མཇལ་འཕྲད་ཐོག་མ་བྱུང་བར་བཤད་ཀྱང་། 《ཀུན་གྲོལ་གསང་བའི་རྣམ་ཐར》ལས་ཐོག་མར་འཕྲད་པའི་ལོ་ནི་ལྕགས་ཕོ་ཁྱི་ལོ་ཡིན་པ་གསལ་འདུག་པས།  སྤྱི་ལོ(1730)ལོར་ཡིན་དགོས་འདུག

དེའི་རྗེས་སུ་སྤྱི་ལོ(1731)ལོར་ཤར་རྒྱལ་མོ་རོང་དུ་སངས་རྒྱས་གླིང་པས་ཀུན་གྲོལ་གྲགས་པ་ཞེས་པའི་མཚན་གསོལ་ཞིང་།  སེམས་དཔའ་ཉེར་ལྔའི་གྲས་སུ་ངོས་འཛིན་གནང་སྟེ།   ཞྭ་དམར་ཆོས་གོས་བཞུགས་གདན་སོགས་གནང་བ་མ་ཚད།  བསྟན་འགྲོའི་དོན་བསྒྲུབ་དགོས་ཚུལ་གྱི་ལུང་བསྟན་གནང་སྟེ་ཀུན་གྲོལ་མཆོག་ལ་གདེང་འཇོག་མཐོ་པོ་གནང་བས་ཀུན་གྲོལ་གྲགས་པའི་མཚན་སྙན་རིམ་བཞིན་ཇེ་རྒྱས་སོང་བ་རེད།    རྗེས་སུ་སྤྲུལ་སྐུ་མཆོག་ཞིང་ལ་ཕེབས་སྐབས་ཁོང་ལ་མྱ་ངན་ཚད་མེད་བྱུང་ཞིང་།  ཡང་སྤྲུལ་མགྱོགས་མྱུར་འཁྲུངས་དགོས་པའི་ཐུགས་སྨོན་གནང་བ་དང་།   ཡང་སྤྲུལ་ལྷུམས་སུ་ཞུགས་པ་སོགས་ཀྱི་ལུང་བསྟན་དང་མཇལ་སྣང་བྱུང་བ་ཁོང་གི་གསང་བའི་རྣམ་ཐར་དུ་གསལ་འདུག  ཁོང་གིས་མི་ཕམ་མགོན་པོ་མཆོག་གི་འཁྲུངས་ལོ་སོགས་མཛད་པ་ཀུན་ལ་ཐུགས་སྣང་རྒྱ་ཆེར་མཛད་ཡོད་པ་རེད།   ཁོང་གིས《བཀའ་དང་བཀའ་བརྟེན་དཀར་ཆག》ནང་དུ་མི་ཕམ་མགོན་པོ་མཆོག་མེ་ཕོ་འབྲུག་གི་ལོར་འཁྲུངས་པ་གསུངས་ཡོད[8]།

མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་རང་རྣམ《སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན》ལས།  མི་ཕམ་མགོན་པོ་ནི་མེ་འབྲུག(1736)ལོར་འཁྲུངས་པ་གསུངས་ཡོད[9]།  རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་བརྩམས་པའི《རྩེ་དྲུག་ལོ་རྒྱུས་ཀུན་གསལ་འོད་ཀྱི་ཉག་ཐག》ནང་དུ་ཡང་མི་ཕམ་མགོན་པོ་འབྱུང་ལྡན(༢༩༦)ནང་ཚན་བོད་མེ་འབྲུག་སྤྱི་ལོ(1736)ལོར་འཁྲུངས་པ་གསུངས་ཡོད[10]།  སྤྱི་ལོ(2005)ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི《ཁྱུང་པོ་སྟེང་ཆེན》དེབ་དང་པོ་ནང་དུ་རྩེ་དྲུག་དགོན་གྱི་ལོ་རྒྱུས་ཤིག་ཡོད།  ལོ་རྒྱུས་དེ་ནི་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་སྒྲུབ་མཁན་དྲང་སྲོང་བསྟན་འཛིན་རྣམ་རྒྱལ་ཟུང་ནས་སྤྱི་ལོ(2002)ལོར་མཇུག་རྫོགས་པར་བྲིས་ཞེས་བཀོད་འདུག   ལོ་རྒྱུས་དེ་རུ་ཡང་མི་ཕམ་མགོན་པོ་ལགས་མེ་འབྲུག་ལོར་འཁྲུངས་པ་བཀོད་འདུག[11]

གཞན་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ(2010)ལོར་པར་དུ་བཏབ་པའི《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》ནང་བོན་གྱི་བསྟན་རྩིས་རེའུ་མིག་ཅིག་བཞག་ཡོད།   བསྟན་རྩིས་དེ་ནི་སྐུ་ཞབས་འབྱུང་གནས་ལགས་ཀྱིས་བསྒྲིགས་པ་གསལ་འདུག  བསྟན་རྩིས་དེའི་ནང་དུ་མི་ཕམ་མགོན་པོ་མེ་སྦྲུལ་ལོ་སྟེ།  སྤྱི་ལོ(1737)ལོར་འཁྲུངས་པ་བཀོད་འདུག[12]   དེ་མིན་དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བསྒྲིགས་པའི《གནའ་བོའི་ཞང་བོད་ཚིག་མཛོད》ནང་དུ་མི་ཕམ་མགོན་པོ་ལགས་མེ་མོ་སྦྲུལ(1737)ལོར་འཁྲུངས་པ་བཞེད་ཡོད[13]།  ཁོང་རྣམ་གཉིས་ཀྱིས་མེ་སྦྲུལ་ལོར་འཁྲུངས་པར་འདོད་པ་འདིའི་གཞི་གང་ལ་བཅོལ་བ་མི་ཤེས།   སྐུ་ཞབས་འབྱུང་གནས་ལགས་ཀྱིས《ཁྱུང་པོ་སྟེང་ཆེན》དེབ་དང་པོ་ནང་དུ་རྩོམ་འབྲི་བའི་སྐུ་འགན་བཞེས་གནང་འདུག་པས།  ཁོང་གིས་དེབ་འདིར་གཟིགས་སྲིད་མོད།  བསྟན་རྩིས་རེའུ་མིག་བསྒྲིགས་སྐབས་མི་ཕམ་མགོན་པོ་ལགས་ཀྱི་འཁྲུངས་ལོ་མེ་སྤྲུལ་བཀོད་པ་ནི་འདི་ལས་ཁུངས་བཙན་པའི་དཔྱད་གཞི་གཞན་པ་མཇལ་ཏེ།   དེར་གཞི་བཅོལ་ནས་བཀོད་པ་ཡིན་ནམ།   ཡང་ན་ཞོར་སྐྱོན་བྱུང་བ་ཡིན་མིན་ཤེས་ཐབས་བྲལ།  དགེ་བཤེས་བློ་གྲོས་རབ་གསལ་ལགས་དང་ཁོང་རྣམ་གཉིས་ཀྱིས་ཕན་ཚུན་གཞི་གཅིག་ལ་བཅོལ་བ་ཡིན་མིན་དོགས་གཞི་ཡོད་མོད།  དེབ་འདི་གཉིས་ཀ་སྤྱི་ལོ(2010)ལོར་པར་དུ་བཏབ་པ་རེད་འདུག་པས།  སུ་ཞིག་སྔ་མིན་ཤེས་རྟོགས་མ་བྱུང་།  མ་གཞི་ལོ་རྒྱུས་འབྲི་མཁན་ཞིག་ལ་མཚོན་ན་གནད་དོན་ཕྲ་མོ་མང་པོ་ཞིག་ལ་ནོར་སྐྱོན་ཐེབས་སྲིད་ཅིང་།   དེ་ནི་བོད་ཀྱི་ལོ་རྒྱུས་རྩོམ་མཁན་ཕལ་མོ་ཆེར་ལྡན་པའི་སྐྱོན་ཆ་ཞིག་རེད།   མི་ཕམ་མགོན་པོ་ལགས་མེ་ཕོ་འབྲུག་སྤྱི་ལོ(1736)ལོར་འཁྲུངས་པ་ནི་དུས་སྐབས་དེ་རང་དུ་བརྩམས་པའི་ཀུན་གྲོལ་གྱི་དཀར་ཆག་དང་གསང་རྣམ་གཉིས་ཀ་ཞལ་མཐུན་ལ།  དེ་ནས་ཡུན་རིང་མ་ཐོག་པར་བྱོན་པའི་མེ་སྟོན་ཉི་མ་རྒྱལ་མཚན་གྱི་རང་རྣམ་དང་།  རྩེ་དྲུག་དགོན་གྱི་ལོ་རྒྱུས་རྣམས་ཞལ་གཅིག་མཐུན་དུ་གྱུར་ཡོད།   གཉིས་ནས་བཤད་ན།  སངས་གླིང་མཆོག་ཤིང་ཡོས་ལོར(སྤྱི་ལོ1735)སྐུ་གཤེགས་པ་ཡིན་པས།   སྤྲུལ་སྐུ་མྱུར་དུ་ངོས་འཛིན་བྱ་རྒྱུ་ནི་རྩེ་དྲུག་དགོན་གྱི་འདུས་པ་རྒྱ་མཚོ་དང་རྒྱལ་རོང་བོན་སྡེ་ཡོངས་ཀྱི་རེ་སྨོན་ཡིན་པ་རེད།

གཉིས།   ཁོང་གི་འདས་ལོ། 

ཁོང་སྐུ་གཤེགས་པའི་ལོ་ཚིགས་འཁྲུངས་ལོ་ལས་འཁོད་པ་ཉུང་ཡོད།  ཀུན་གྲོལ་གྱིས་བརྩམས་པའི《བཀའ་དང་བཀའ་བརྟེན་དཀར་ཆག》ནང་དུ་འཁོད་མེད།  དེ་ཡང་དཀར་ཆག་འདི་ནི་ལྕགས་མོ་ལུག་གི་ལོ་སྟེ་སྤྱི་ལོ(1751)ལོར་བརྩམས་གྲུབ་པ་ཡིན་ལ།  སྐབས་དེར་མི་ཕམ་མཆོག་དགུང་ལོ(16)ལ་སོན་ཞིང་སྐུ་གཤེགས་རྒྱུ་གཞི་ནས་ཡིན་པས་རེད།   གཞན《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》ནང་གི་བོན་གྱི་བསྟན་རྩིས་རེའུ་མིག་དང་།  དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བསྒྲིགས་པའི《གནའ་བོའི་ཞང་བོད་ཚིག་མཛོད》ནང་དུ་ཡང་འཁོད་མེད།  མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་རང་རྣམ《སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན》ལས།  མི་ཕམ་མཆོག་ཤིང་ཁྱི་ལོ་སྟེ་སྤྱི་ལོ(1754)ལོར་གཤེགས་ཞེས་གསུངས།  རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་བརྩམས་པའི《རྩེ་དྲུག་ལོ་རྒྱུས་ཀུན་གསལ་འོད་ཀྱི་ཉག་ཐག》ནང་དུ་ཡང་མི་ཕམ་ཤིང་ཁྱི་ལོར་གཤེགས་པ་དང་སྐབས་དེར་དགུང་ལོ་བཅུ་དགུ་ཡིན་པར་གྲགས་ཞེས་གསུངས་འདུག་ལ།《ཁྱུང་པོ་སྟེང་ཆེན》དེབ་དང་པོ་ནང་དུ་དེ་དང་གཅིག་མཐུན་བཀོད་འདུག  ཁོང་གིས་མེ་སྟོན་མཆོག་གི་རང་རྣམ་ལ་གཞི་བཅོལ་བ་འདྲ།

འདས་ལོ་མི་འདྲ་བ་གཞན་ཞིག་ནི་ཀུན་གྲོལ་གྲགས་པས་བརྩམས་པའི་ཁོ་རང་གི《ཕྱི་ཡི་རྣམ་ཐར》ནང་དུ་མི་ཕམ་མགོན་པོ་ལགས་མེ་ཕོ་བྱི་བའི་ཧོར་ཟླ་དང་པོའི་ཚེས(༢༢)ཉིན་གཤེགས་པ་གསལ་པོར་གསུངས་ཡོད[14]།   སྤྲུལ་སྐུ་མཆོག་ཞིང་དུ་ཕེབས་སྐབས་ཁོང་མཉམ་དུ་ཡོད་ཅིང་།   སྐུ་གཤེགས་རྗེས་ཁོང་དང་ཁྲོ་ཆེན་རྒྱལ་པོའི་ནང་སོ་ནམ་མཁའ་དབང་ལྡན་སོགས་དད་ལྡན་གྲྭ་སློབ་ཚོས་འདས་མཆོད་བསྒྲུབས་པ་དང་ཡང་སྲིད་མྱུར་དུ་འཁྲུངས་དགོས་པའི་གསོལ་སྨོན་གནང་འདུག   དེ་ལྟར་ན་མི་ཕམ་མཆོག་སྤྱི་ལོ(1756)ལོར་སྐུ་གཤེགས་པ་རེད།  མེ་སྟོན་མཆོག་གིས་ཤིང་ཁྱི་ལོར་གཤེགས་གསུངས་པ་ལ་རྒྱུ་རྐྱེན་གཉིས་འདུག་སྟེ།  གཅིག་ནས་མི་ཕམ་མཆོག་མེ་བྱིའི་ཟླ་བ་དང་པོར་གཤེགས་པ་ཡིན་པས།  མེ་བྱི་ཤར་ནས་དུས་ཚོད་ཡུན་རིང་ཕྱིན་མེད་ལ།  གཉིས་ནས་ཁོང་མི་ཕམ་གཤེགས་ནས་ལོ(60)འདས་རྗེས་སུ་འཁྲུངས་འདུག་པས།  ཀུན་གྲོལ་ལ་ལྟོས་ཏེ་གནས་ཚུལ་གསལ་པོ་རྒྱུས་ལོན་བྱུང་བ་དཀོན་པས་རེད།   ཀུན་གྲོལ་ལགས་ཀྱིས་མི་ཕམ་མགོན་པོ་མེ་བྱི་ལོར་གཤེགས་གསུངས་པ་བདེན་པར་སྣང་སྟེ།  གཅིག་ནས་སྐུ་གཤེགས་པའི་ལོ་དང་ཟླ་བ་ཚེས་གྲངས་དང་བཅས་པ་གསལ་པོར་བཀོད་འདུག་ཅིང་།  ལོ་ཚིགས་འདི་ཡང་མི་ཕམ་སྐུ་གཤེགས་པའི་ཞག་གསུམ་དྲོས་བཞི་ཉིན་པར་བརྩམས་པའི《རྗེ་བཙུན་སངས་རྒྱས་གླིང་པའི་ཡང་སྲིད་འཁྲུངས་དགོས་ཀྱིས་བདེན་ཚིག་གསོལ་འདེབས》ཀྱི་མཇུག་བྱང་དུ་བཏབ་ཡོད་པ་རེད།   གསོལ་འདེབས་འདིའི་ནང་དོན་ནི་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་དུ་འཁྲུངས་དགོས་པའི་ཚུལ་བསྟན་ཡོད།   གལ་སྲིད་མི་ཕམ་ཤིང་ཁྱི་སྤྱི་ལོ(1754)ལོར་གཤེགས་པ་ཡིན་ན།  མི་ཕམ་གཉིས་པ་ཞུ་བསོད་ནམས་དབང་རྒྱལ་མེ་གླང་ལོར(1757)འཁྲུངས་པ[15]ཡིན་པས།  དེ་གཉིས་བར་དུ་ལོ་གསུམ་འགྱངས་ཡོད་པ་རེད།   ཡང་སྲིད་མྱུར་དུ་ངོས་འཛིན་དགོས་པ་ནི་སྐབས་དེར་ཁ་ཚ་དགོས་གཏུག་གི་ལས་ཀ་ཞིག་ཡིན་པ་ཀུན་གྲོལ་གྱི་ཡང་སྲིད་འཁྲུངས་དགོས་ཀྱི་བདེན་ཚིག་ལ་གཟིགས་ན་རྟོགས་ཐུབ།   དེར་བརྟེན།  མི་ཕམ་མཆོག་ནི་མེ་བྱི་སྤྱི་ལོ(1756)ལོར་སྐུ་གཤེགས་ཏེ།  མི་ཕམ་གཉིས་པ་ཞུ་བསོད་ནམས་དབང་རྒྱལ་མེ་གླང་སྤྱི་ལོ(1757)ལོར་ཡང་སྲིད་དུ་ངོས་འཛིན་གནང་སྟེ།  དགུང་ལོ་གསུམ་ཐོག་རྩེ་དྲུག་ཏུ་ཁྲི་འདོན་བྱས་འདུག[16]  མི་ཕམ་གཉིས་པ་ཞུ་བསོད་ནམས་དབང་རྒྱལ《རྩེ་དྲུག་ལོ་རྒྱུས་ཀུན་གསལ་འོད་ཀྱི་ཉག་ཐག》དང《ཁྱུང་པོ་སྟེང་ཆེན》དེབ་དང་པོ་གཉིས་ཀྱི་ནང་དུ་ཤིང་གླང་ལོ་སྟེ།  སྤྱི་ལོ(1745)ལོར་འཁྲུངས་གསུངས་པ་ནི་མེ་གླང་དང་ཤིང་གླང་ནོར་བ་ཡིན།   ཁོང་ཤིང་གླང(1745)ལོར་འཁྲུངས་མི་སྲིད་དེ།  སྐབས་དེར་མི་ཕམ་མགོན་པོ་ཞལ་བཞུགས་པའི་གནས་སྐབས་ཡིན་ལ་དགུང་ལོ(10)ལ་སོན་ཡོད།

གསུམ་པ།  ཁོང་གི་བརྩམས་ཆོས་དང་མཛད་པ་འཕྲིན་ལས་སྐོར།

དམ་པ་ཁོང་ཉིད་ཕ་ཡུལ་ཚ་རོང་ནས་དགུང་ལོ་དུ་ཐོག་རྩེ་དྲུག་དགོན་དུ་སླེབས་པ་གསལ་པོར་འཁོད་མེད།   འོན་ཀྱང་།  སངས་གླིང་གསུམ་པ་ཞུ་བསོད་ནམས་དབང་རྒྱལ་མཆོག་དགུང་ལོ་གསུམ་ཐོག་ནས་ཁྲི་བསྐོས་མཛད་འདུག་པས།   ཁོང་ཡང་ཕལ་ཆེར་དེ་ཙམ་ལ་ཁྲི་བསྐོས་མཛད་པ་ཡིན་སྲིད།   དེ་མིན་ཁོང་གིས་སྦྱོང་པ་དང་ཉམས་ལེན་མཛད་ཚུལ་མ་གསལ་རུང་།   དུས་སྐབས་དེར་རྩེ་དྲུག་དགོན་དུ་སེམས་དཔའ་གསུམ་བཞུགས་ཡོད་པ《ཀུན་གྲོལ་གྱི་གསང་རྣམ》ནང་འཁོད་འདུག[17]   སེམས་དཔའ་གསུམ་ནི་པད་མ་བློ་ལྡན་དང་།  ཉི་མ་གྲགས་པ།  ཟླ་བ་གྲགས་པ་གསུམ་ཡིན་ནམ་སྙམ།   མེ་སྟོན་མཆོག་གི་རང་རྣམ་དུ་མི་ཕམ་མགོན་པོ་རྒྱལ་རོང་ལ་གདུལ་བྱར་ཕེབས་སྐབས་རྩེ་དྲུག་གི་བླ་མ་དེ་གསུམ་ཡིན་པ་གསུངས་ཡོད།   ཡིན་ནའང་།  བླ་མ་འདི་དག་སྐུ་ཕྲེང་གོང་འོག་མང་བས་སུ་ཞིག་ཡིན་མིན་དཔྱད་དགོས།  མི་ཕམ་མཆོག་གིས་རྩེ་དྲུག་དགོན་གྱི་བླ་མ་འདི་དག་གི་སྐུ་མདུན་ནས་སྦྱོང་པ་ཉམས་ལེན་གནང་ཡོད།  ལྷག་ཏུ་སྐུ་གོང་མ་སངས་གླིང་གི་བོན་སྐོར་རྣམས་ལ་ཐུགས་དམ་མཛད་ཡོད།   ཁོང་ཉིད་སྐུ་ཚེ་ཐུང་ངུ་ཙམ་ལས་མ་བཞུགས་པས་བརྩམས་ཆོས་དང་དགོངས་གཏེར་མང་པོ་མེད་ལ།  ཕྲན་གྱི་ལག་ཏུ་སོན་པ་ནི་ཁོང་གིས་བརྩམས་པའི《དབྱིངས་ཉིད་རང་འབྱུང་བསང་བསྐང་སེང་གེའི་ང་རོ》ཞེས་པའི་སྲུང་མ་སེང་གདོང་གི་བསྐང་ཆུང་འདི་གཅིག་པུ་རེད།  སེང་གདོང་ནི་སངས་རྒྱས་གླིང་པའི་སྒེར་སྲུང་གཙོ་བོ་གཅིག་རེད་ལ།  སེང་གདོང་གིས་ཐོག་མཐའ་བར་གསུམ་དུ་སྤྲུལ་སྐུ་སངས་རྒྱས་གླིང་པ་མཆོག་ལ་མགོན་སྐྱབས་དང་སྡོང་གྲོགས་མཛད་ཡོད།   དེར་བརྟེན།  སངས་གླིང་གིས་ཆེད་དུ《ལྷ་མོའི་བཀའ་དྲིན་གསོལ་ཁ》ཞེས་པའི་སེང་གདོང་བསྐང་བ་ཞིག་བརྩམས་གནང་ཡོད།   བསྐང་བ་དེའི་ནང་སེང་གདོང་གིས་ཇི་ལྟར་ཁོང་ལ་མགོན་སྐྱབས་གནང་ཡོད་པ་བཀོད་ཡོད།   བསྐང་བ་དེ་སངས་རྒྱས་གླིང་པའི་རྣམ་ཐར་མདོར་བསྡུས་ཤིག་ཀྱང་ཡིན་པས་སངས་གླིང་དང་རྒྱལ་རོང་སྐོར་ལ་ཞིབ་འཇུག་གནང་བསམ་མཁན་དག་གིས་མ་གཟིགས་ཐབས་མེད་ཀྱི་དཔེ་ཆ་ཞིག་རེད།

མི་ཕམ་མགོན་པོ་ལགས་ཀྱི་བརྩམས་ཆོས་གཅིག་པུ་འདི་ཡང་ལྷ་མོ་སེང་གདོང་གི་བསྐང་བ་ཡིན་པས།  ཁོང་གིས་ཀྱང་སེང་གདོང་ལ་ཆེད་དུ་མཆོད་བསྟོད་བྱས་ཡོད་པ་ཤེས་ཐུབ།   ཁོང་སྐུ་ན་ཆུང་ཡང་སེང་གདོང་བསྐང་བ་འདི་ལ་ཚིག་དོན་གྱི་ཉམས་ཕུན་སུམ་ཚོགས་པ་ལྡན་ཡོད།   ཚིག་ཐུང་ཐུང་ཞིག་འདིར་དཔེར་མཚོན་ཙམ་དུ་དྲངས་ན།  “དུར་ཁྲོད་གསང་བའི་གཞལ་ཡས་ཉམས་དགའ་འདིར།   མ་ཅིག་སེང་གདོང་བསྐང་བའི་རྫས་མཆོག་ནི།  གླིང་བཞི་མཛེས་བརྒྱད་བཀོད་པ་ལམས་སེ་ལམ།  རང་ལུས་ལྷ་ཡི་གཞལ་ཡས་ཁྲིགས་སེ་ཁྲིགས།   སྣང་སེམས་དབྱེར་མེད་དགོངས་པ་ས་ལ་ལ།”ཞེས་ནང་དོན་སྔགས་རྫོགས་ལྟ་གྲུབ་ཀྱིས་ཕྱུག་ལ།   གནའ་བོའི་བོད་རང་གི་སྙན་ངག་ཉམས་ཆེས་ཆེར་ཐོན་ཡོད་པ་རེད།  བརྩམས་ཆོས་འདིའི་ཚིག་གི་སྒྱུ་རྩལ་ཐད་ནས་དཔྱད་ཞིབ་བྱས་ན་ད་དུང་གླེང་རྒྱུ་མང་དུ་འདུག་མོད།   འདིར་མང་དུ་མི་གླེང་།   གཞན་དམ་པ་ཁོང་རྩེ་དྲུག་དགོན་གྱི་བླ་མ་རྣམ་པའི་ཐུགས་དགོངས་དང་རྒྱལ་རོང་སོགས་མདོ་སྨད་ཀྱི་བོན་འབངས་རྣམས་ཀྱི་དོན་དུ་དགུང་ལོ་བཅུ་བདུན་ནས་གདུལ་བྱར[18]ཕེབས་གནང་ཞིང་།   མཐར་དགུང་ལོ་ཉི་ཤུ་ཐོག་མདོ་སྨད་རྒྱལ་རོང་ཡུལ་དུ་དགོངས་པ་རྫོགས་འདུག

བཞི་པ།   ཁོང་གི་སྐུ་གཤེགས་རྐྱེན་སྐོར།   

ཁོང་བོད་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་ཁྲོ་སྐྱབས་རྒྱལ་པོའི་མངའ་ཁོངས་ཀ་ཀེའུ་སེང་གེ་ཡངས་རྫོང[19]དུ་སྐུ་གཤེགས་པ་རེད།   ཁོང་སྐུ་ན་གཞོན་དུས་ནས་ཞིང་དུ་གཤེགས་ཤིང་།  གཤེགས་རྐྱེན་སྐོར་ནས་ངག་རྒྱུན་འགའ་ཞིག་སྣང་།  དཔེར་ན།  གྲུབ་མཐའ་གཞན་གྱིས་མཐུ་བརྒྱབ་སྟེ་བཀྲོངས་པ་རེད་ཅེས་པའི་བཤད་སྲོལ་ཞིག་ཡོད།   མ་གཞི་སངས་རྒྱས་གླིང་པ་མཆོག་གིས་མདོ་སྨད་རྒྱལ་རོང་གི་རྒྱལ་པོ་མང་པོར་འབྲེལ་བ་བཙུགས་ཏེ་བོན་བསྟན་རྒྱ་ཆེར་སྤེལ་ཡོད་ལ།   ལྷག་ཏུ་སྐབས་དེར་དམག་དོན་གྱི་སྟོབས་ཤུགས་ཆེ་བའི་རབ་བརྟན་རྒྱལ་པོ་དང་ཁྲོ་སྐྱབས་རྒྱལ་པོ།  དགེ་བཤེས་རྒྱལ་པོ།  བཙན་གཉའ་རྒྱལ་པོ།  བེ་རི་རྒྱལ་པོ་སོགས་ལ་འབྲེལ་ལམ་བཙུགས་ཏེ་བོན་བསྟན་གྱི་དབུ་འཕང་མངོན་པར་བཏེགས་ཡོད།   དེ་ལྟ་བུའི་མཛད་རྗེས་ཅན་ལ་གཞན་གྱིས་གནོད་པ་དང་བར་ཆད་རྩོམ་པ་ནི་བཤད་མི་དགོས་ཏེ།   འདས་པའི་ལོ་རྒྱུས་གང་སར་གནས་དོན་དེ་འདྲ་མཐོང་རྒྱུ་ཡོད།   ཁོང་སྐུ་གཤེགས་རྗེས་ཡང་སྲིད་མི་ཕམ་མགོན་པོ་ལགས་མདོ་སྨད་ཕྱོགས་སུ་ཕེབས་པར་བགེགས་དང་བར་ཆོད་མང་པོ་ཡོད་པ་ནི་བཤད་མི་དགོས།   ཡིན་ནའང་།  གུས་པས་ཁོང་སྐུ་གཤེགས་རྐྱེན་གྲུབ་མཐའ་གཞན་གྱིས་མཐུ་སྔགས་བརྒྱབ་པ་ཡིན་ནམ།   ཡང་ན་རྐྱེན་གཞན་གྱིས་གཤེགས་པ་ཡིན་མིན་ད་དུང་ཞིབ་འཇུག་བྱ་རྒྱུ་ལས་འདིར་མཐའ་སྡོམ་བརྒྱབ་མེད།   རེད་དེ།  ཀུན་གྲོལ་གྱིས་བརྩམས་པའི《ཡང་སྲིད་འཁྲུངས་དགོས་ཀྱིས་བདེན་ཚིག་གསོལ་འདེབས》ལས་གྲུབ་མཐའ་གཞན་གྱིས་མཐུ་སྔགས་ཀྱིས་བཀྲོངས་པ་ཡིན་པའི་དོགས་གནད་དེ་ཙམ་མི་འདུག   རྩེ་དྲུག་དགོན་གྱི་རྒན་རབས་རྣམས་ཀྱིས《དཔལ་ལྡན་ལྷ་མོའི་ཡང་སྙིང་གི་རྒྱུད་ལས་གནད་བསྐུལ་མྱུར་མགྱོགས་གློག་ཞགས་ཞེས་བྱ་བ་བཞུགས》ཞེས་པ་འདི་ཉིད།  མི་ཕམ་མཆོག་བན་དེའི་མཐུ་ཡིས་བཀྲོངས་རྗེས་ཀུན་གྲོལ་གྱིས་དགྲ་ལན་ཚུལ་དུ་བརྩམས་པ་གསུངས་སྲོལ་ཞིག་ཡོད།  《གནད་བསྐུལ་མྱུར་མགྱོགས་གློག་ཞགས》འདི་ནི་དཔལ་ལྡན་ལྷ་མོའི་སྒྲུབ་སྐོར་ནང་གི་ལེའུ་གཅིག་ཡིན།  རྩེ་དྲུག་དགོན་དུ་བཞུགས་པའི་དྲན་པ་དྲག་པོའི་སྒྲུབ་སྐོར་ནང་གི《གནད་བསྐུལ་མྱུར་མགྱོགས་གློག་ཞགས》ཀྱི་མཇུག་བྱང་དུ“སྨོན་རྒྱལ་མུ་ལ་བདག་གི་ས་བྱ་ཟླ་བ་བཞི་པས་ཚེས་ལ་དར་རྒྱས་གཡུང་དྲུང་གླིང་དུ་འགྱོག་པར་བརྩམ་མོ།།”[20]  ཞེས་བཀོད་ཡོད།   སྤྱི་ལོ(2009)ལོར་ཀུན་གྲོལ་ལྷ་སྲས་མཆོག་གིས་སི་ཁྲོན་ཐོ་ལུ་ཚད་ཡོད་པར་འདེབས་ཁང་ནས་བསྐྲུན་པའི་ཀུན་གྲོལ་གསུང་འབུམ་ཁྲོད་ཀྱི་དཔལ་ལྡན་ལྷ་མོའི་སྒྲུབ་སྐོར་ནང་གི《གནད་བསྐུལ་མྱུར་མགྱོགས་གློག་ཞགས》ཀྱི་མཇུག་བྱང་དུ།“སྨོན་རྒྱལ་མུ་ལ་བདག་གིས་ས་བྱ་ཟླ་བ༤པའི་ཚེས་ལ་དར་རྒྱས་གཡུང་དྲུང་གླིང་དུ་མགྱོགས་པར་བརྩམ་མོ།།”ཞེས་བཀོད་གནང་འདུག   མདོར་ན།  ཀུན་གྲོལ་མཆོག་གིས་ལེའུ་འདི་བརྩམས་པའི་ལོ་ནི་ས་བྱ་ཡིན་པ་དང་ས་གནས་གཡུང་དྲུང་གླིང་དུ་བརྩམས་པ་གཅིག་མཚུངས་སུ་འདུག   མི་ཕམ་མགོན་པོ་མཆོག་སྐུ་གཤེགས་ལོ་ནི་མེ་བྱི་སྟེ་སྤྱི་ལོ(1756)ལོར་ཡིན་པ་གོང་དུ་གླེང་ཟིན་པ་རེད།   མི་ཕམ་མགོན་པོ་གཤེགས་ཟིན་རྗེས་ཀྱི་ས་བྱ་ལོ་ནི་སྤྱི་ལོ(1789)ལོ་ཡིན་པ་རེད།  སྐབས་དེར་ཀུན་གྲོལ་མཆོག་དགུང་ལོ(90)ཡིན་དགོས་པ་རེད།   ཀུན་གྲོལ་ལགས་དགུང་གྲངས་དུ་ཙམ་བཞུགས་ཡོད་པ་དེ་སྔོན་གསལ་པོ་བྱུང་མེད།  གལ་སྲིད་ཁོང་དགུང་ལོ་དེ་ཙམ་བཞུགས་ཡོད་པའི་དབང་དུ་བཏང་རུང་།   སྐབས་དེར་སངས་གླིང་གི་ཡང་སྲིད་མང་པོ་འཁྲུངས་ཟིན་པ་ཡིན་པས་ཡི་གེ་འདི་འདྲ་ཞིག་འབྲི་དགོས་པའི་རྒྱུ་མཚན་ཆེར་མ་དམིགས།   གཞན་ཡང་མི་ཕམ་མཆོག་ནི་རྒྱལ་རོང་ཁྲོ་སྐྱབས་ཡུལ་དུ་སྐུ་གཤེགས་པ་རེད་ལ།   གནད་བསྐུལ་འདི་ནི་ཀུན་གྲོལ་རང་གི་འདན་ས་རྫ་ཁོག་ཏུ་བརྩམས་པ་རེད།  དེ་བས་དུས་ཚིགས་དང་ས་གནས་འགྲིག་ཐབས་མི་འདུག་གོ།

དོན་དངོས་ནི《གནད་བསྐུལ་མྱུར་མགྱོགས་གློག་ཞགས》འདི་ཉིད་ཀུན་གྲོལ་དགུང་ལོ(30)བཞེས་པའི་ས་བྱ་སྟེ་སྤྱི་ལོ(1729)ལོར་བརྩམས་པ་ཞིག་ཡིན།  ལོ་དེར་ཏག་ཏག་ཀུན་གྲོལ་གྱིས་དཔལ་ལྡན་ལྷ་མོའི་སྒྲུབ་གཞུང་ཕབ་པའི་ལོ་དེ་རེད།   ལོ་དེར་ཀུན་གྲོལ་གྲགས་པ་རྩ་བའི་བླ་མ་གཡུང་དྲུང་བསྟན་འཛིན(1658-1728)མཆོག་གི་དགུང་ཞག་ལ་གཞི་རིང་དགོན་ནམ་གཡུ་དགོན་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་དུ་བྱོན་ཏེ།  ཞེ་དགུ་བཞུགས་གྲུབ་རྗེས་དགོན་དེའི་བླ་མ་ཡེ་ཤེས་སྙིང་པོའི་བཀའ་ཡིས་བསྐུལ་ཏེ་རྟོགས་ལྡན་རྣམ་རྒྱལ་ཡེ་ཤེས་དང་།   རོང་བཙུན་རིན་ཆེན་བཀྲ་ཤིས་སོགས་ཀྱིས་ཁོང་ལ་ཁྱོད་ཀྱིས་དཔལ་ལྡན་ལྷ་མོའི་སྒྲུབ་སྐོར་ཕབ་པ་འདི་ས་གཏེར་ཡིན་ནམ་དགོངས་གཏེར་ཡིན།   ད་དུང་དབབ་རྒྱུ་ཡོད་མེད་སྐོར་ནས་བཀའ་མོལ་བྱུང་ཞིང་།  དེར་ཡེ་ཤེས་སྙིང་པོ་སོགས་ཀྱིས་ཁོང་གིས་ཕབ་ཟིན་པའི་དཔལ་ལྡན་ལྷ་མོའི་སྒྲུབ་སྐོར་གྱི་བཀའ་ལུང་ཞུས་པ་དང་།  ད་དུང་ཆ་ལག་སོགས་ཆ་ཚང་དབབ་དགོས་པའི་བསྐུལ་མ་གནང་འདུག  དུས་སྐབས་དེ་ནི་ས་བྱའི་ཟླ་བ་གཉིས་པ་ནང་ཡིན་ལ།  དེ་མཚམས《གསང་བའི་རྣམ་ཐར》ལས“དེ་ནས་འབྲེལ་བ་རིམ་སེལ་དང་བཅས་རང་གནས་སུ་ལོག་ཡོང་ནས།  ཤེལ་ཁྲབ་ཅན་གྱི་གསང་བསྐུལ་མེ་རླུང་འཚུབ་མ་བརྩམས་ཏེ་ཕུལ་བར་བྱས་སོ།།  གཞན་ཡང་འདི་སྐབས་སུ་མ་གཅིག་དཔལ་ལྡན་ལྷ་མོའི་རྒྱུད་ཆ་ལག་ཆ་རྐྱེན་མཚམས་བར་སུག་བྲིས་སུ་བགྱིས་སྐབས་ཀྱང་རང་གཞན་ཀུན་ལ་དག་པའི་སྣང་བ་ཉབ་ཉོབ་འགའ་རེ་ཡོད་ཀྱང་བྲི་ཚོད་མི་འདུག”[21]ཅེས་གསལ་འདུག་པས《གནད་བསྐུལ་མྱུར་མགྱོགས་གློག་ཞགས》འདི་སྐབས་སུ་བྲིས་པ་ས་གནས་དང་དུས་ཚོད་ལུང་ཚིག་ཡོད་ཚད་གནད་གཅིག་ཏུ་བབས་ཡོད།   ངག་རྒྱུན་དེ་ནི་སྔོན་མའི་གྲྭ་རྒན་ཚོས་གནད་བསྐུལ་གྱི་ཚིག་དོན་ལ་གཞིགས་པ་དང་མཇུག་གི་ཚིག“རྐྱེན་ངན་གེ་ཤན་དུན་ཙེའི་བསྐུལ་བའི་ངོར།  སྨོན་རྒྱལ་མུ་ལ་བདག་གིས་ས་བྱ་ཟླ་བ༤པའི་ཚེས་ལ་དར་རྒྱས་གཡུང་དྲུང་གླིང་དུ་མགྱོགས་པར་བརྩམ་མོ།།”ཞེས་ཚིག་འབྲུ་དག་ལ་བརྟེན་ནས་རྟོག་བཟོ་བྱས་པ་ཞིག་རེད།   མ་གཞི་གནད་བསྐུལ་འདི་ནི་དཔལ་ལྡན་ལྷ་མོའི་སྲུང་ཟློག་བསད་གསུམ་དང་སྒྲོལ་བསྲེག་མནན་གསུམ་བྱེད་སྐབས་འདོན་རྒྱུ་ཞིག་ཡིན་འདུག་པས།   བསྒྲལ་བའི་ཞིང་བཅུར་བརྣག་པའི་ཚིག་དྲག་པོ་འགའ་ལོས་ཡོད།   གཉིས་ནས་ཀུན་གྲོལ་ཁོང་ལ་ཡང་འགལ་རྐྱེན་བར་ཆད་མང་དུ་བྱུང་བ་རྣམ་ཐར་དུ་འཁོད་འདུག་པས།   དུན་ཙེའི་གནོད་པ་བྱུང་བ་བསྟན་པ་ཙམ་གྱིས་མི་ཕམ་གྱི་གཤེགས་རྐྱེན་ལ་དགོངས་པ་ནི་བྱིས་པའི་བསམ་བློ་ལས་མ་འདས་སོ།།   ཀུ་རེ་ཞིག་ཞུས་ན་ད་ནི་ངག་རྒྱུ་ངོ་མཚར་བ་དེ་རེ་ཞིག་མཚམས་འཇོག་རྒྱུ་རེད་འདུག


དཔྱད་གཞིའི་ཡིག་ཆ་དང་མཆན་འགྲེལ།

[1]  ས་ཆ་འདིར་དེང་སང་ཕལ་ཆེར་གྱིས(下林卡乡)ཞེས་རྒྱ་སྐད་ཀྱི་ལམ་ནས་འབོད་བཞིན་འདུག   ངས་ཡུལ་དེའི་གྲྭ་བཙུན་ཞིག་ལ་བོད་སྐད་ཐོག་གང་ཞིག་འབོད་མིན་སྐད་ཆ་དྲིས་པས་དངུལ་ཆུ་སྨད་མ་གྲོང་ཞེས་འབོད་རེད་ཟེར།  དེར་བརྟེན།  གུས་པས་འདིར་དེ་ལྟར་བྲིས་པ་ཡིན།

[2]  མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G]སི་ཁྲོན་དུས་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་ནས་བསྒྲིགས།  སྤྱི་ལོ(2016)ལོར་དཔར།   ཤོག་ངོས།  46 གསལ།

[3] གྲགས་པ་བཞི་ནི་ཉི་མ་གྲགས་པ།  ཟླ་བ་གྲགས་པ།  གསང་སྔགས་གྲགས་པ།  ཀུན་གྲོལ་གྲགས་པ་བཅས་ཡིན།  ཉི་མ་གྲགས་པ་ནི་ཁྱུང་དཀར་གྱི་གདུང་ལས་འཁྲུངས་ཤིང་།  སྟོང་རྒྱུང་གི་རྣམ་རོལ་ཡིན་པ་དང་།   ཟླ་བ་གྲགས་པ་ནི་ཁྱུང་སྟེང་དཀར་རུ་ཚང་གི་གཡོག་མོ་ཞིག་ལས་འཁྲུངས་ཤིང་སྟག་ལའི་རྣམ་སྤྲུལ་ཡིན།   གསང་སྔགས་གྲགས་པ་ནི་རྒྱལ་རོང་དགེ་བཤེས་རྒྱལ་པོའི་གདུང་ལས་འཁྲུངས་ཤིང་གྱིམ་ཚ་རྨ་ཆུང་གི་སྤྲུལ་པ་ཡིན།  ཀུན་གྲོལ་གྲགས་པ་ནི་སྨོན་རྒྱལ་གདུང་ལས་འཁྲུངས་ཤིང་ལྕེ་ཚ་མཁར་བུའི་རྣམ་སྤྲུལ་པ་ཡིན་པ་བཅས།  གྲགས་པ་བཞིའི་མཚན་དང་ཆེ་བ་སོགས་ནི་སངས་རྒྱས་གླིང་པས་གསོལ་བ་རེད།   སངས་གླིང་གིས་གྲགས་པ་བཞི་རུ་མཚན་གསོལ་ཆེ་འདོན་བྱས་པ་ནས་བཟུང་།  ཁོང་རྣམས་ཀྱི་ཡང་སྲིད་ངོས་འཛིན་སྲོལ་བྱུང་འདུག  དེ་ཡང་ཉི་མ་གྲགས་པའི་ཡང་སྲིད་མང་དུ་བྱོན་ཏེ་རྩེ་དྲུག་གི་བླ་མ་གནང་བ་དང་།  གོ་སེ་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་མཆོག་ནི་ཉི་མ་གྲགས་པའི་ཡང་སྲིད་ཡིན།   ཟླ་བ་གྲགས་པ་སྐུ་ཕྲེང་དང་པོ་ནི་ཀོ་དགོན་གྱི་བླ་རབས་ལྔ་པ་དེ་ཡིན་པ་དང་།  ད་བར་སྐུ་ཕྲེང་བརྒྱད་བྱོན་ཟིན་པར་གྲགས།  ཟླ་གྲགས་སྤྲུལ་སྐུ་རིམ་བྱོན་གྱིས་ཀོ་རྒྱལ་དགོན་གྱི་བསྟན་པ་བསྐྱངས་ཡོད།  ཀུན་གྲོལ་གྱི་ཡང་སྲིད་ཀྱང་མང་དུ་འཁྲུངས་ཏེ་ཞྭ་དཀར་བོན་གྱི་བསྟན་པ་ལ་མཛད་རྗེས་བླ་མེད་བཞག་ཡོད།

[4] མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》ལས།   སངས་གླིང་གསུམ་པ་ཞུ་བསོད་ནམས་དབང་རྒྱལ་དགུང་ལོ་ཉེར་ལྔ་བཞེས་པའི་སྐབས“ཉི་གྲགས་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ཞེས།།   ལྕགས་གླང་ལོ་ལ་ཚ་བའི་གདུང་ལས་འཁྲུངས།།”ཞེས་ཚེ་དབང་རྒྱལ་པོ་འདི་ཉིད་སྤྱི་ལོ(1781)ལོར་ཚ་བ་མདོ་ཞིག་གི་གདུང་ལས་འཁྲུངས་པ་བསྟན་ཡོད།

[5] མཁས་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས“བཟང་རི་རྨེའུ་ཚང་ཞེས་སུ་གྲགས་པ་ལས།།  གདུང་བརྒྱུད་ཤེལ་དཀར་ཕྲེང་ལྟར་བྱོན་པ་དང་།།   དེ་ལས་འཕྲོས་པའི་སྙེ་མོ་འཕགས་ཕུ་ཡི།།  རྨེའུ་ཚང་གདུང་དང་དེར་འཕྲོས་མདོ་སྨད་དུ།།  སྡེ་དགེ་ཞེ་གཤོང་སོགས་དང་ཧོར་སྟོད་ཁུལ།།   བྱང་གི་རྫ་དམར་རྨེའུ་ཚང་བླ་བྲང་བཅས།།  ད་ལྟའི་བར་དུ་མཁས་དང་གྲུབ་བརྙེས་པའི།།   སྐྱེས་བུ་དམ་པ་གྲངས་ལས་འདས་པར་བྱོན།།  སྒེར་གྱི་མཚན་དང་ལོ་རྒྱུས་རིམ་མི་གསལ།།   གདུང་རབས་ཡིག་ཆ་རྙེད་ན་དེར་དཔྱོད་འཚལ།།”(ཤོག་ངོས།  286)ཞེས་དང་།  བོན་བརྒྱ་ལྷུན་གྲུབ་རྒྱ་མཚོས་བརྩམས་པའི《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》ལས“རྨེའུ་སྟོན་ཡེ་ཤེས་གཡུང་དྲུང་ནི།  སྙེ་མོ་བཟང་རིའི་ཕྱོགས།  གདུང་རྒྱུད་འཛིན་པའི་བླ་བྲང་གི་གཞི་ཆགས།   བཟང་རི་རྨེའུ་ཚང་ཞེས་ཡོངས་སུ་གྲགས་ཤིང་།   གདུང་རྒྱུད་རིན་པོ་ཆེའི་ཕྲེང་བ་ལྟར་བྱོན་པ་ལས་འཕྲོས་ཏེ།   སྙེ་མོ་འཕགས་ཕུའི་རྨེའུ་ཚང་དང་།   དེ་ལས་མདོ་སྨད་དུ་འཕྲོས་པ།  སྡེ་དགེ་ཞེ་གཞོང་གི་རྨེའུ་གདུང་འཛིན།”(ཤོག་ངོས།414)ཞེས་གསུངས་ཡོད།  སྙེ་མོ་འཕགས་ཕུའི་རྨེའུ་ཚང་ལས་མདོ་སྨད་དང་ཚ་བ་རོང་དུ་གདུང་རྒྱུད་གྱེས་ཚུལ《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》ནང་དུ་རྒྱས་པར་འཁོད་ཡོད།

[6] སྤྱིར་བོད་ཁུལ་དུ་སོག་དམག་གིས་གཏོར་བཅོམ་ཆེན་པོ་ཐེངས་གསུམ་བཏང་མྱོང་ལ།  ཐེངས་དང་པོ་དེ་དུས་རབས་བཅུ་གསུམ་པའི་ནང་ས་སྐྱས་སྲིད་དབང་བཟུང་འགོ་བརྩམས་པའི་ལོ་དེར་དོར་ཏའི་དམག་དཔུང་སྔ་ཕྱི་གཉིས་བྱུང་བའི་སྔ་མ་སྤྱི་ལོ(1240)དང་ཕྱི་མ་སྤྱི་ལོ(1252)ཡིན།   ཐེངས་གཉིས་པ་དེ་གུ་ཤྲི་ཧན་གྱིས་སྤྱི་ལོ(1637)གཡས་གཡོན་དུ་བོད་ཡུལ་གཏོར་བཅོམ་བཏང་བ།  གསུམ་པ་དེ་དུས་རབས་བཅོ་བརྒྱད་པའི་ནང(1718ཡས་མན)ཇུན་གར་བའི་དམག་གིས་གཙོ་བོ་དབུས་གཙང་ཁུལ་དུ་བོད་མི་བསྲེག་བཅད་གཏུབ་གསུམ་བྱས་པ་དག་རེད།  བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་ནི་སངས་གླིང་ལས་མི་རབས་བཞི་ལྔ་ཙམ་གྱི་སྔོན་དུ་བྱོན་པ་རེད།   སངས་རྒྱས་གླིང་པ་ནི་སྤྱི་ལོ(1705)ལོར་འཁྲུངས་པ་རེད།   དེས་ན་བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་འཕྲོག་བཅོམ་བྱེད་མཁན་ནི་སོག་པོ་གུ་ཤྲི་ཧན་གྱི་དམག་ཡིན་པ་གསལ་པོར་ཤེས་ཐུབ།   བླ་མ་ཀུན་དགའ་རྣམ་རྒྱལ་མཆོག་ཚ་བ་རོང་དུ་ཕེབས་པའི་ལོ་ནི་ཕལ་ཆེར་སྤྱི་ལོ(1642)གཡས་གཡོན་དེར་ཡིན་དགོས་འདུག

[7]  དགོན་པ་འདི་ནི་ཡོངས་གྲགས་སུ་གཞི་རིང་དགོན་ཟེར་ཞིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་གཞི་མདའ་ཤང་གི་ཁོངས་སུ་ཡོད།  དགེ་བཤེས་གཡུང་དྲུང་བསྟན་འཛིན(1658-1728)མཆོག་གིས་དགུང་ལོ་སོ་གཉིས་ཐོག་ས་སྦྲུལ་སྤྱི་ལོ(1689)ལོར་ཕྱག་བཏབ་པ་ཞིག་རེད།  ད་ལྟ་མཁན་པོ་ཚེ་རིང་ནོར་བུ་མཆོག་དགོན་འདིར་བཞུགས་ཡོད།

[8]  ཀུན་གྲོལ་གྲགས་པ།《བཀའ་དང་བཀའ་བརྟེན་དཀར་ཆག》[M] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  (1993)ལོར་པར་དུ་བསྐྲུན།  ཤོག་ངོས།  250 གསལ།

[9] མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G]སི་ཁྲོན་དུས་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་ནས་བསྒྲིགས།  སྤྱི་ལོ(2016)ལོར་དཔར།   ཤོག་ངོས།  46 གསལ།

[10]ལུང་རྟོགས་བསྟན་པའི་རྒྱལ་མཚན།《རྩེ་དྲུག་ལོ་རྒྱུས་ཀུན་གསལ་འོད་ཀྱི་ཉག་ཐག》[M]ཤོག་ངོས།  27 གསལ།

[11] བོད་ལྗོངས་སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་རྩོམ་བསྒྲིགས་བྱས།《ཁྱུང་པོ་སྟེང་ཆེན》[G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྤྱི་ལོ(2005)ལོར་པར་དུ་བསྐྲུན།  ཤོང་ངོས།   250 གསལ།

[12] གཞོན་ནུ་ནོར་བཟང་གིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》[G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  སྤྱི་ལོ(2010)ལོར་པར་དུ་བཏབ།   ཤོག་ངོས།  477  གསལ།

[13] དགེ་བཤེས་བློ་གྲོས་རབ་གསལ་གྱིས་བསྒྲིགས།《གནའ་བོའི་ཞང་བོད་ཚིག་མཛོད》[G]  ཤོག་ངོས། (504)

[14]ཀུན་གྲོལ་ལ་རྣམ་ཐར་སྣ་ཁ་ཁ་ཤས་འདུག་ཅིང་།  འདི་ནི《གཡུང་དྲུང་གླིང་པའི་རྣམ་ཐར་རམ་ཕྱི་ཡི་རྣམ་ཐར་ངོ་མཚར་འབུམ་ལྡན》ཞེས་པ་དེ་ཡིན།  རྣམ་ཐར་འདིར་ཀུན་གྲོལ་མཆོག་གི་མགུར་མ་མི་འདྲ་བ་བརྒྱ་ལྷག་ཙམ་བསྡུས་ཡོད།   རྣམ་ཐར་འདིའི་མཇུག་ཏུ《རྗེ་བཙུན་སངས་རྒྱས་གླིང་པའི་ཡང་སྲིད་འཁྲུངས་དགོས་ཀྱིས་བདེན་ཚིག་གསོལ་འདེབས》ཞེས་པའི་མགུར་མ་ཞིག་ཡོད།   མགུར་མ་དེ་མི་ཕམ་མགོན་པོ་སྐུ་གཤེགས་སྐབས་བརྩམས་པ་ཞིག་རེད་འདུག  དེའི་མཇུག་བྱང་དུ་མི་ཕམ་སྐུ་གཤེགས་པའི་ལོ་ཚིགས་འཁོད་ཡོད་པ་རེད།

[15] [16]མེ་སྟོན་ཉི་མ་རྒྱལ་མཚན་གྱིས་བརྩམས་པའི《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》ལས“མེ་གླང་ལོ་ལ་ཤག་རིགས་ཞུ་ལས་སུ།།  མི་ཕམ་གཉིས་པ་བསོད་ནམས་དབང་རྒྱལ་འཁྲུངས།།  ལོ་གསུམ་བཞེས་ནས་གདན་སར་ཁྲི་བསྐོས་བྱས།།”ཤོག་ངོས།  86 ནང་གསལ་ཡོད།

[17]ཀུན་གྲོལ་གྲགས་པ། 《ཀུན་གྲོལ་གྱི་གསང་རྣམ》སི་ཁྲོན་ཐོ་ལུ་ཚད་ཡོད་པར་འདེབས་ཁང་།  སྤྱི་ལོ(2009)ལོར་པར་དུ་བསྐྲུན།  ཤོག་ངོས།  275 གསལ།

[18]མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G]སི་ཁྲོན་དུས་དེབ་ཚོགས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་ནས་བསྒྲིགས།  སྤྱི་ལོ(2016)ལོར་དཔར།   ཤོག་ངོས།  45 གསལ།

[19] ཁོང་ཀ་ཀེའུ་སེང་གེ་ཡངས་རྫོང་དུ་སྐུ་གཤེགས་པ་ཀུན་གྲོལ་གྱི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ལས་ཕྱི་ཡི་རྣམ་ཐར་ནང་གསལ་ཡོད།  ས་གནས་འདི་ནི་ཁྲོ་སྐྱབས་རྒྱལ་པོའི་ས་ཁོངས་སུ་ཡོད་པ་གསལ་ལ།  གནས་འདིར་སངས་རྒྱས་གླིང་པ་དང་ཀུན་གྲོལ་གྲགས་པ་སོགས་ཀྱིས་བཀའ་གཏེར་འགའ་ཞིག་ཕབ་པ་དང་།  མཇལ་སྣང་འགའ་ཞིག་བྱུང་བ་ཁོང་རྣམ་གཉིས་ཀྱི་རྣམ་ཐར་ནང་འཁོད་ཡོད།

[20] དྲན་དྲག་སྒྲུབ་སྐོར།  དབུ་མེད་དཔར་མ།  རྩེ་དྲུག་དགོན་དུ་བཞུགས་པ།

[21] ཀུན་གྲོལ་གྲགས་པ།   《གསང་བའི་རྣམ་ཐར》ཤོག་ངོས།  84  གསལ་ཡོད།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow