ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༠༦ ཚེས་ ༢༩ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ངོ་དེབ་བརྒྱུད་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་སྐུ་ཡི་སྙུང་གཞི་བཞེས་པ་ཡོངས་གྲགས་སུ་གསལ་བསྒྲགས་གནང་བ་དང་བསྟུན།
གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་བཀའ་བགྲོས་ལྷུག་པོར་མཛད་ནས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་ཡི་སྙུང་གཞི་མྱུར་དུ་ཞི་ཕྱིར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་མང་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེར་སྒྲུབ་དགོས་པའི་བཀའ་མངགས་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་སོགས་བལ་ཡུལ་དུ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་ཡི་སྙུང་གཟིགས་སུ་ཕེབས་རྒྱུ་གཏན་འཁེལ་བ་མཛད། ཕྱི་ཚེས་ ༣༠ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༠ པར་སྐུ་འཁོར་ལྷན་རྒྱས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་། ཏོག་དབྱིབས་གཉན་རིམ་གྱི་དུས་ཚོད་ཛ་དྲག་ཅན་གྱི་སྐབས་འདིར་རྒྱལ་ཁབ་ཀྱི་བདེ་འཇགས་འཕྲོད་བསྟེན་ལྷན་ཁང་གིས་བཀའ་ཁྱབ་ལྟར། གཉན་རིམས་བརྟག་དཔྱད་RT-PCR ལེགས་པར་གྲུབ་ནས་ཕྱི་ཚེས་ ༠༢ ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་བལ་ས་མཚམས་བར་རླངས་འཁོར་བརྒྱུད་ཕེབས་ཐོན་མཛད། བལ་ཡུལ་ས་མཚམས་ནས་མཁའ་ལམ་བརྒྱུད་དེ་བལ་པོའི་རྒྱལ་སར་ཞབས་སོར་འཁོད། བལ་ཡུལ་རྒྱལ་ས་ཀ་ཐུ་མེན་གྲུའི་གནམ་ཐང་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་གི་གཉེར་པ་མཆོག་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་བཅས་ཕེབས་བསུར་བཅར།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཕེབས་བསུ་མཛད་དེ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད། ཕྱི་ཚེས་ ༠༣ ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་གཟུགས་འཕྲོད་བསྟེན་དང་མཇལ་ཁ་ཞུ་ཕྱོགས་སོགས་ལ་བཀའ་བསྡུར་ལྷུག་པོར་མཛད།
ཕྱི་ཚེས་ ༠༤ ཉིན་གྱི་ཞོགས་པར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་རྣམ་གཉིས་དབུས། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚ་རོང་དགེ་བཤེས་ཤེས་རབ་བློ་གྲོས། བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་བཅས་མཇལ་བཅར་ཞུས་ཤིང། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེར་སྐུ་ཡི་སྙུན་གཞི་དང་འབྲེལ་བའི་ཁམས་འདྲི་སོགས་ཞུས་གནང་མཛད། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧དམུ་གཤེན་གདུང་སྲས་རིན་པོ་ཆེ་ནོར་བུ་དབང་རྒྱལ་ཟུང་གི་ཐུགས་བརྟག་ཞུས་འབྲས་ཀྱི་སྐུ་རིམ་སོགས་གཞིས་བྱེས་བོན་འབངས་ཡོངས་ནས་དད་དམ་གཡོ་བ་མེད་པའི་ངང་ནས་རྒྱ་ཆེར་བསྒྲུབ་པར་བརྟེན་རིན་པོ་ཆེ་མཆོག་གི་སྐུ་ཡི་སྙུང་གཞི་ཉིན་རེ་ནས་ཉིན་རེར་དྲག་སྐྱེད་དང་སྐུ་ཁམས་དྭངས་གསལ་བྱུང་།
ཕྱི་ཚེས་ ༠༩ ཉིན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་སྙན་གསན་ཞུས་དོན་ལྟར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གསར་དུ་བཞེངས་བཞིན་པའི་གྲྭ་ཚང་འདུས་པ་རྒྱ་མཚོའི་འདུལ་ཁང་ཆེན་མོར་གཟིགས་སྐོར་དང་།
བོད་ཟླ་དྲུག་པའི་ཚེས་གཅིག་ཏེ་ཕྱི་ཟླ་ ༠༧ ཚེས་ ༡༠ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དང་བསྟུན་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་གྲྭ་ས་སྨན་རིའི་འདུས་མང་ཡོངས་ཀྱི་ཚབ་ཞུས་ནས་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་རང་ཅག་བོན་འབངས་རྣམས་ཀྱི་རེ་བའི་མགོན་དང་སྐྱབས་ཀྱི་དཔུང་གཉེན་དམ་པར་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བཞུགས་ཕྱིར། སྐུ་ཡི་རྟེན་དུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་སྐུ་བརྙན་དང་། གསུང་གི་རྟེན་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་གསུམ་དང་། ཐུགས་ཀྱི་རྟེན་དུ་རྒྱུ་དངུལ་ལས་གྲུབ་པའི་མཎྡལ་སྤུས་ལེགས་བཅས་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྣམ་གསུམ་འདེགས་འབུལ་ཞུས། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གྱི་ཞལ་གདམས་བྱིན་ཅན་དང་བྱིན་རྫས་སོགས་རྒྱ་ཆེར་གནང་།
ཕྱི་ཚེས་ ༡༡ ཉིན་རིམས་ནད་སྔོན་འགོག་RT- PCR ཞེས་པའི་བརྟག་དཔྱད་ལེགས་གྲུབ་ཀྱིས་རྒྱལ་ས་ཀ་ཐ་མན་ཊུ་ནས་མཁའ་ལམ་བརྒྱུད་རྒྱ་བལ་ས་མཚམས་ sonoli ཞེས་པའི་ས་གནས་སུ་ཡོད་པའི་༧སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེ་བ་བཞེས་པའི་གནས་མཆོག་ལུམ་བི་ནི་ལ་ཞོར་དུ་གནས་སྐོར་དུ་ཕེབས།
སླར་ཡང་རྒྱལ་ས་ལྡི་ལིར་གཉན་རིམས་ཡོད་མེད་ཀྱི་བརྟག་དཔྱད་RT-PCR ལེགས་གྲུབ་བྱུང་རྗེས་ཕྱི་ཚེས་ ༡༤ ཉིན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་སྨན་རིའི་གླིང་གི་ཏོག་དབྱིབས་གཉན་རིམ་ཛ་དྲག་ཚོགས་ཆུང་གི་ཚོགས་མི་བཅས་ཀྱིས་ཕེབས་བསུ་དང་བཅས་སྐུ་འཁོར་ལྷན་རྒྱས་རང་དགོན་དུ་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས་སུ།