༄༅།། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ་ལོ།།
ཀུན་མཁྱེན་ཤེས་རབ་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །
འཆད་རྩོད་རྩོམ་པའི་ལེགས་བཤད་འོད་སྟོང་ཅན། །
གདུལ་བྱའི་བློ་མུན་སེལ་བའི་རྒྱལ་མཚན་འཛིན། །
སྨྲ་བའི་ཉི་མ་བླ་མའི་ཞབས་ལ་འདུད། །
མཁྱེན་ལྡན་ཁྱེད་ཀྱི་ཡོན་ཏན་མ་ལུས་པ། །
བློ་དམན་བདག་གིས་བརྗོད་པར་མི་ནུས་ཀྱང་། །
རང་གཞན་དད་མོས་གུས་པ་བསྐྱེད་པའི་ཕྱིར། །
བདག་གི་ལྷག་བསམ་དག་པས་དགོད་པར་བྱའོ། །
དེ་ལ་འདིར་མཚན་བརྗོད་པར་དཀའ་བ་འགྲོ་བའི་མགོན་གཅིག་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་སྐྱེ་བ་སྔ་མ་རྣམས་ཀྱི་མཛད་སྤྱོད་རྨད་དུ་བྱུང་བ་རྣམས། བདག་ཅག་གི་བློས་དཔོག་པར་མི་ནུས་ཤིང་། སྐྱེ་བ་འདི་ལ་འཁྲུངས་པ་ཕན་ཆད་ཀྱི་རྣམ་པར་ཐར་བ་རགས་རིམ་ཙམ་ཞིག་བཤད་པར་བྱ་སྟེ། འདི་ལ་དོན་རྣམ་པ་གཉིས་ཏེ། ཀུན་ལ་གྲགས་པ་ཐུན་མོང་གི་རྣམ་ཐར་རྒྱས་པར་བཤད་པ་དང་། ཐུན་མོང་མ་ཡིན་པ་ནང་གི་རྣམ་ཐར་བསྡུས་ཏེ་བསྟན་པའོ།།
དང་པོ་ལ་ལྔ་སྟེ། སྐྱེ་བ་བཞེས་ཤིང་བསྟན་པ་ལ་ཞུགས་པའི་ཚུལ་དང་། ཞུགས་ནས་ཡོངས་འཛིན་བསྟེན་པ་དང་ཐུགས་བཅུད་ཅི་ལྟར་ལོན་པའི་ཚུལ་དང་། ལོན་ནས་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅི་ལྟར་བརྙེས་པའི་ཚུལ་དང་། བརྙེས་ནས་བསྟན་པའི་བྱ་བ་འཛིན་སྐྱོང་སྤེལ་གསུམ་གྱིས་སྒྲུབ་པའི་ཚུལ་དང་། བསྒྲུབས་ནས་འགྲོ་དོན་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ་སྐྱེ་བ་བཞེས་པའི་ཚུལ་དང་། བསྟན་པ་ལ་ཞུགས་པའོ།།[3]
དང་པོ་ནི། མཁས་གྲུབ་དམ་པ་དེ་ཉིད་ཀྱི་སྨོན་ལམ་དབང་གིས་སེམས་ཅན་གྱི་དོན་དུ་སྐྱེ་བ་བཞེས་པའི་ཡུལ་ནི། སྔོན་གྱི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ས། ཤར་རྒྱལ་མོ་དངུལ་ཆུའི་འགྲམ།[4] སྟེགས་ཅོག་[5]ཅེས་བྱ་བ་ཡིན་ནོ། །རུས་ཆེན་དབྲ་ཡི་རིགས། ཡབ་རྒྱུ་ཡི་བོན་བཞི་ལ་མཁས་པ་ཀླུ་རྒྱལ་ཞེས་བྱ་བ་དང་། ཡུམ་དད་མོས་གུས་པ་ཆེར་ལྡན་པ་རིན་ཆེན་སྨན་ཞེས་བྱ་བ་གཉིས་ལ་རབ་བྱུང་དྲུག་པ་མེ་ཕོ་སྤྲེལ་ལོར་དུས་ཁྱད་པར་ཅན་དཔྱིད་ར་སྟག་ཟླའི་ཚེས་ལྔ་ལ་སྐུ་འཁྲུངས་སོ།།[6] དེ་ཡང་ཆུང་ནས་ཡུམ་གྱིས་བཙའ་རྫི་ཅུང་མ་ཚོགས་པའི་ལན་གྱིས་སྤྱན་ཕྱོགས་གཅིག་ལ་ཆུ་ཤིང་ཐུར་ཟུག་ནས། ཕྱིས་ནས་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་གྲགས་སོ། །སྔར་ཡང་དཔོན་རྒྱུད་ཡིན་ལ་སྐུ་མཆེད་གསུམ་ཡོད་པའི་བར་མ་ཡིན་ནོ། །ཡབ་ཀྱིས་གཡུང་དྲུང་རྒྱལ་དུ་བཏགས་སོ། །ཅི་ཞིག་ནས་ཡབ་ཀྱིས་ཡི་གེ་སློབ་ཏུ་བཅུག་སྟེ་ཀློག་ལ་མཁས་པར་བྱུང་། ཆུང་ནས་བློ་རྩལ་ཤེས་རབ་དང་ལྡན་ཞིང་རྒྱུའི་བོན་བཞི་ལ་མཁས་པར་སྦྱངས་སོ།།[7]
གཉིས་པ་ནི། དེ་ནས་འཁོར་བ་འདི་དག་སྡུག་བསྔལ་གྱི་རྒྱ་མཚོར་གཟིགས་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བཤེས་གཉེན་དམ་པ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་བྱོན་ནས། དང་པོ་བསྙེན་གནས་ཀྱི་སྡོམ་པ་བླངས་ནས། ཅི་རིགས་བར་དུ་ཆང་བཅད་པ་ཙམ་བྱས། དེའི་དུས་སུ་ཁྲོ་ཀློང་རྣམ་གསུམ་དང་། ཡར་མེ་བའི་བཀའ་བརྟེན་རྣམས་དང་། མཛོད། གབ་པ། རྩ་རྒྱུད་གཞུང་ཆེན་རྣམས་དང་། གཞན་ཡང་འཕྲིན་ལས་ལ་སོགས་བློ་འཛིན་མང་དུ་མཛད་དོ།།
གཉིས་པ་[8]ཡོངས་འཛིན་བསྟེན་པ་དང་ཐུགས་བཅུད་ཅི་ལྟར་ལོན་པའི་ཚུལ་ནི། ཕྱྭ་བླ་མ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་རང་ལོ་བཅུ་པའི་ཐོག་ཏུ་ཁྱིམ་པའི་རྟགས་དོར་ནས་རབ་ཏུ་བྱུང་པའི་རྟགས་ལེན་པར་མཛད།[9] གཙང་གཙུག་གི་སྡོམ་པ་ཞུས་ནས་ཚུལ་མིང་ཤེས་རབ་རྒྱལ་མཚན་ཞེས་མཚན་གསོལ་ཞིང་། སྲིད་རྒྱལ་དྲེའུ་ནག་གི་སྐོར་རྗེས་གནང་དང་བཅས་པ་ཞུས་སོ། །དུས་དེ་ནས་བཟུང་སྟེ་ཤ་ཆང་སྒོག་གསུམ་གཏན་དུ་སྤངས་པར་མཛད་ནས། ཕྱི་གཏོར་ནང་གཏོར་མ་ཆག་པར་མཛད། བྷེ་དྲང་སྲོང་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་སེམས་བསྐྱེད་ཕར་ཕྱིན་གཞུང་ལུགས་མཚན་ཉིད་སྲིད་པའི་མཛོད་ཕུགས་འ་ཞའི་དགོངས་འགྲེལ་ལྟར་ཚར་གཅིག་གསན།[10] གཞན་ཡང་བཀའ་བརྟེན་གྱི་སྐོར་ཅི་རིགས་པར་ཞུས་སོ། །མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་དྲུང་དུ་སྟོད་སྨད་བར་གསུམ་ཀུན་ནས་ལོ་དུ་མའི་ཕྱག་ཕྱིར་འབྲེང་ཞིང་། ཕྱི་ནང་གསང་གསུམ་གྱི་རྒྱུད་ལུང་མང་དུ་གསན། མཚན་ཉིད་སྡེ་ལྔ་ལ། མཛོད་ལ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་གསལ་རབ་[11]ཀྱི་འགྲེལ་བ་དང་། སྒྲ་འགྲེལ་ལ་སོགས་ཀྱི་འགྲེལ་བཤད་དང་། ཁྱད་པར་གཉོས་དང་འ་ཞའི་དགོངས་དོན་ཅི་ལྟ་བ་བཞིན་དུ་གསན། འབུམ་ལ་ཁམས་བརྒྱད་གཏན་ལ་ཕབས་པའི་བཤད་པ། རྨེའུ་[12]མཁས་པ་དཔལ་ཆེན་གྱི་དགོངས་དོན་ལྟར་དང་། བསྡུས་པ་ཚིགས་སུ་བཅད་པ་ལ་སོགས་འབུམ་སྡེ་མང་དུ་གསན།[13] འདུལ་བ་ལ་བར་ཏི་ཀ མངོན་པ་སྡེ་བཞི། མདོ་རྩ་དུང་ཕོར། གསང་ལུང་ལ་སོགས་མང་དུ་གསན་ཞིང་། ཁྱད་པར་འདུལ་བ་སྨད་ལུགས་ཀྱི་འཐོར་བུ་རྣམས་དང་། ཀུན་ལས་བཏུས་པ། མདོར་བསྡུས་ལ་སོགས་འདུལ་བའི་སྡེ་མང་དུ་གསན། མདོ་ལའང་འདུས་པ་རིན་པོ་ཆེ་གཟེར་མིག་དཔལ་ཆེན་པོའི་དགོངས་པ་ལྟར་དང་། ཁྱད་པར་འཕྲིན་ལས་བཅོ་བརྒྱད་ཀྱི་བཤད་པ་ལ་སོགས་གཉོས་དང་འ་ཞའི་དགོངས་པ་ལྟར་དང་། གཞན་ཡང་བྱུང་ཁུངས་མདོ་དང་། མདོ་ཕྲན་ཉི་ཤུ་རྩ་གཅིག་ལ་སོགས་མདོ་སྡེ་མང་དུ་གསན། དབུ་ཚད་ཀྱི་སྡེ་ལ་དབུ་མ་བདེན་གཉིས། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་མེ་ལོང་དགུ་སྐོར། འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་ལས་བཏུས་པ། གཞོན་རྒྱལ་གྱི་ཚད་མ་རྣམ་འབྱེད་དང་། དབུ་མ་རྩོད་ཟློག་གཏན་ཚིགས་ཐིགས་པ་ལ་སོགས་རྒོལ་བ་སུན་འབྱིན་པའི་ལུང་དང་རིགས་པའི་རྣམ་གཞག་མང་དུ་གསན། དུས་དེ་ཙམ་ནས་བོད་གངས་ཅན་གྱི་ཁྲོད་འདིར་རང་གཞན་གྱི་མཁས་པ་སུ་ལ་ཡང་། གཞུང་ལུགས་རྣམས་ལ་བཤད་པ་དང་རྩོད་པ་བྱས་པའི་ཚེ་ན། ཉི་མའི་འོད་ཀྱིས་རྒྱུ་སྐར་ཟིལ་གྱིས་གནོན་པ་ལྟར་གཞན་གྱི་སྤོབས་པ་གཞོམ་པར་བྱས་སོ།།[14] གཞན་ཡང་དྲང་དོན་མུན་སེལ་སྒྲོན་མ། ངེས་དོན་ནམ་མཁའ་འཕྲུལ་མཛོད། བྱང་ཆུབ་སྒྲུབ་ཐབས་ཀྱི་ལམ་གྱི་རིམ་པ། མན་ངག་རིན་པོ་ཆེ་གཏེར་སྤུངས་ལ་སོགས་མང་དུ་གསན། རྣམ་དག་པད་མ་ཡུམ་གྱི་སྐོར་དང་། གཡུང་དྲུང་ལས་དག མཆོད་གཏོར་རྩིས་འགོ་བདུན་པ། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་སོ་སོའི་མངའ་དབུལ་རྣམས་ཀྱི་ལག་ལེན་དང་བཅས་པ་གསན། རྣམ་རྒྱལ་གྱི་གཟུངས་སྒྲུབ་བསྟོད་མདོའི་རྒྱུད་དང་། དཔལ་མགོན་སོ་སོའི་སྒྲུབ་ཐབས། མུན་སེལ་ལ་སོགས་ལྷག་པའི་ལྷའི་སྒྲུབ་སྐོར་མང་དུ་ཞུས་སོ། །གསང་སྔགས་ལ་རྩ་བའི་རྒྱུད་གསང་བ་བསེན་ཐུབ། ཞི་བ་ཀུན་སྣང་ཁྱབ་པ། ཕྲིན་ལས་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་དབང་ཆེན་བསྙེན་སྒྲུབ། འཆོང་དགུ་དང་བཅས་པ་ཁྱད་པར་དབལ་མོ་ལས་ཐིག་གི་སྐོར་དང་། དེ་ལ་སོགས་པ་རྣམས་ཀྱི་དབང་དང་གདམས་པ་མ་ལུས་པ་གཉོས་དང་འ་ཞའི་ཕྱག་ལེན་ལྟར་གསན་ཅིང་། རང་ཉིད་ཀྱིས་མཁས་པར་སྦྱངས་སོ། །རྩོད་ཟློག་ལ་ཞི་བ་ལྟར་དུ་ཨ་གསལ་དང་། ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ། དྲག་པོ་སྐུ་རྫོགས། གེ་ཁོད་སྐོར་ལ་གསང་དྲག་ཆེ་ཆུང་། མེ་རི་གྱད་ཕུར། བསྐྱེད་མི་དགོས་ཀྱི་གེ་ཁོད་ཐོག་མདའི་སྐོར་དང་ཛོ་སྒྲུབ་ཐིས་སྒྲུབ་ལ་སོགས་དྲན་པ་གསང་སྒྲུབ། བསྟན་སྲུང་ཡུམ་སྲས་ལ་སོགས་སྐོར་མང་དུ་ཞུས། སེམས་དོན་སྐོར་ལ་གབ་པ་དགུ་སྐོར། སེམས་ཕྲན་སྡེ་དགུ་དང་བཅས་པ། ཞང་ཞུང་སྙན་བརྒྱུད་རྒྱལ་བའི་ཕྱག་ཁྲིད། སྒྲོན་གཟེར་མ་བུ་དང་བཅས་པ། གཅིག་བརྒྱུད་སྐོར་ལ་འོད་གསལ་གཅིག་བརྒྱུད། ཉམས་གཅིག་རྒྱུད། རྩ་རླུང་གཅིག་བརྒྱུད། འཕོ་བ་གཅིག་བརྒྱུད། གེགས་སེལ་ལག་ལེན་དང་བཅས་པ་གསན། ཨ་ཁྲིད་རྒྱལ་བའི་ཕྱག་ཁྲིད། རྒྱབ་སྐྱོར་གེགས་སེལ་ལག་ལེན་དང་བཅས་པ། ཞི་གཅོད་ཏིང་འཛིན་ལྔ་འགྱུར། བོགས་འདོན་ལྷོ་བྱང་གཉིས་ཀྱི་རྒྱུད་དང་། ཞི་བ་ཉམས་ལེན་ལྔ་སྐོར། དམར་བྱང་ལ་སོགས་སེམས་ཕྱོགས་ཀྱི་བོན་སྡེ་མང་དུ་གསན་ནོ། །མཁས་གྲུབ་དེ་ཉིད་ཀྱིས་གདམས་ངག་ཐམས་ཅད་ཀྱི་མཛོད་སྒོ་ཕྱེས། མཁའ་འགྲོའི་སྲོག་སྙིང་བཏོན་ནས་གནང་། གདམས་ངག་ཁྱད་པར་ཅན་གྱི་གསང་དོན་ལྡེ་མིག་ཐམས་ཅད་ལག་ཏུ་གཏད་དོ། །དབལ་བོན་ཆེན་པོ་མེ་སྟོན་ཀུན་བཟང་རྒྱལ་མཚན་གྱི་དྲུང་དུ། དབལ་ཕུར་ནག་པོའི་སྐོར་ལ་རྒྱུད་འགྲེལ་རྩ་བར་འཆམ་པ་ལུང་དོན་རྒྱས་པའི་སྡེ་དང་། ཕྲིན་ལས་ཉམས་སུ་བླང་བ་ལས་ཐིག་འགྲེལ་ཆུང་གི་སྐོར་དང་། ཐུགས་ཀྱི་བརྣག་པ་དབལ་ཕུར་མན་ངག་གི་སྡེ་ལ་སོགས་ཕུར་ནག་གི་སྐོར་དབང་ལུང་མ་ལུས་པ་གསན། རྟོགས་ལྡན་ཆེན་པོ་མཐའ་བཞི་[15]བསོད་ནམས་རྒྱལ་མཚན་གྱི་དྲུང་དུ། ཚེ་དབང་གི་སྐོར་གསང་སྒྲུབ། དུར་ཁྲོད་གནས་བརྒྱད། ཕོ་རྒྱུད་མོ་རྒྱུད་ལ་སོགས་སྒྲུབ་སྐོར་དང་བཅས་པ་རྣམས་གསན། སྟག་ལ་མེ་འབར་གྱི་སྤྲུལ་པ་ཉག་རོང་བ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་སྤུ་གྲི་དམར་ནག་སྐོར་སྲུང་ཟློག་ལས་སྦྱོར་ལག་ལེན་དང་བཅས་པ་གསན། ཞང་སྟོན་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ། བྱམས་མའི་བོན་སྐོར། ཕྱི་སྒྲུབ་། ནང་སྒྲུབ། གསང་སྒྲུབ་ལ་སོགས་ཀྱི་དབང་མ་ལུས་པ་གསན། བློ་གྲོས་ཁྲི་འོད་ཀྱི་དྲུང་དུ། རྣམ་པར་རྒྱལ་བའི་སྒྲུབ་སྐོར་ཆ་ལག་དང་བཅས་པ་རྣམས་གསན། ཕོ་རྩེ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ། མི་བདུད་ལ་སོགས་དྲ་བ་དམར་ནག་གི་སྐོར་ལུང་དང་རྗེས་གནང་མ་ལུས་པ་གསན། ཝལ་ཝལ་[16]ཤེས་རབ་རྒྱལ་མཚན་གྱི་དྲུང་དུ། དབལ་གསས་ཁྱུང་ནག་གི་སྐོར་དང་གཞན་ཡང་གཉན་གྱི་སྐོར་ལ། ཁྱུང་ནག་རལ་ཆེན་མཁའ་ལ་རྒྱུ་བའི་སྐོར་དང་། ཨ་མ་དྲེད་དེ་ས་ལ་རྒྱུ་བའི་སྐོར་དང་། གཉན་རྗེ་གོང་སྔོན་བར་སྣང་ལ་རྒྱུ་བའི་སྐོར་ལ་སོགས་གཉན་གྱི་སྐོར་མང་དུ་གསན། རོང་སྟོན་ཆེན་པོའི་དྲུང་དུ་ཚད་མ་རྣམ་འགྲེལ་ལ་སོགས་བསྟན་བཅོས་མང་དུ་གསན་ཞིང་། ལུགས་དེ་ལ་བསྟན་པའི་ཆོས་ལ་མཁས་པར་མཛད་དོ།།[17] ཁོད་པོ་བླ་མ་སྣང་ལྡན་གཙུག་ཕུད་ཆེན་པོའི་དྲུང་དུ་ཁྱུང་དམར་གྱི་རླུང་སྐོར་ལས་ཀྱི་ཁ་ཚར་དང་བཅས་པ་རྣམས་གསན་ནོ།།[18] རྟོགས་ལྡན་ཤེས་རབ་བློ་གྲོས་ཀྱི་དྲུང་དུ། བསྟན་སྲུང་པོམ་རའི་སྐོར་ལ་སྙན་བརྒྱུད་དང་གཏེར་ཁ་གཉིས་ཀྱི་ལུང་རྣམས་གསན། དེ་ལ་སོགས་ཏེ་གཞན་ཡང་བཤེས་གཉེན་དམ་པ་མང་པོའི་དྲུང་དུ། ལུང་རེ་རེ་གཉིས་གཉིས་ཙམ་གྱི་མཐའ་བརྟེན་པར་གསན་པ་ནི་ཤིན་ཏུ་མང་སྟེ་འབྲི་མ་ནུས་སོ།།
དེ་དག་ལ་འདི་སྐད་ཅེས།
ཡོངས་འཛིན་མཁས་གྲུབ་དུ་མའི་རྗེས་བཟུང་ཞིང་། །
ཞབས་ཀྱི་པད་མོ་གུས་པས་རབ་བསྟེན་ནས། །
ཐོས་པ་རྒྱ་མཚོ་མི་ལུས་བསམ་ལེགས་འདྲ། །
མང་ཐོས་མཁས་གྲུབ་རྗེ་ལ་གུས་པས་འདུད།།[19]
གསུམ་པ་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅི་ལྟར་བརྙེས་པའི་ཚུལ་ལ་གསུམ་སྟེ། འཆད་པ་ལྷའི་རྔ་སྒྲས་སློབ་མ་ཅི་ལྟར་རྗེས་སུ་བཟུང་བའི་ཚུལ་དང་། རྩོད་པ་སེང་གེའི་ང་རོས་རྒོལ་བ་སུན་འབྱིན་པའི་ཚུལ་དང་། རྩོམ་པ་ཉི་མའི་འོད་ཀྱིས་ལམ་བཟང་གསལ་བར་མཛད་པའི་ཚུལ་ལོ། །དང་པོ་ལ་གཞུང་ལུགས་གང་དང་གང་འཆད་པ་དང་། སློབ་མ་ཅི་ལྟར་བྱུང་པའོ། །དང་པོ་ནི། སྤྱིར་བདེ་བར་གཤེགས་པའི་གསུང་རབ་བཀའ་དང་བཀའ་ལ་བརྟེན་པའི་[20]བོན་དུ་གྱུར་ཚད།[21] རྗེ་རིན་པོ་ཆེ་ཉིད་ཀྱི་ཐུགས་སུ་མ་ཆུད་པ་མེད་ཀྱང་། འཆད་པ་གཙོ་ཆེ་བ་མཚན་ཉིད་སྡེ་ལྔ་ཡིན་ལ། དེ་ཡང་སྲིད་པའི་མཛོད་ཕུགས། ཚུལ་ཁྲིམས་དག་པ་འདུལ་བ། ཏིང་འཛིན་དག་པ་མདོ། ཤེས་རབ་དག་པ་འབུམ། གཞལ་བྱ་དབུ་ཚད་རིག་པའི་སྡེ། དེ་ལ་སོགས་གཞུང་ལུགས་བཅུ་ཕྲག་ཙམ་ལ།[22] འཆད་ཉན་གྱི་སྒོ་ནས་གཏན་ལ་དབབ། སྒྲུབ་པའི་སྐོར་ལ་གསང་སྔགས་ཀྱི་གཞུང་ལུགས་གཉན་པོ་རྣམས་གསང་ཚིག་ཡིན་པས་མང་ཐུན་ལ་སོགས་མི་མཛད་ཅིང་།[23] ཕྱག་བཞེས་རེ་ཙམ་མ་གཏོགས་དོན་དུ་གཉེར་བའི་སློབ་མ་འགའ་དང་འགའ་ཙམ་ལ། གང་ཞུས་པ་དེ་ཉིད་བཀའ་རྒྱ་བཀྲོལ་ནས་ལེགས་པར་འཆད་དོ། །དེ་ཡང་ཁོག་ཆེ་བ་ཁྲོ་ཕུར་ཞང་གསུམ། དབལ་མོ་ལས་ཐིག་ལ་སོགས་བསྟན་སྲུང་གི་སྐོར་དང་།[24] གཞན་ཡང་གསང་སྔགས་ཀྱི་གཞུང་ལ་ཕྱག་བཞེས་དང་། ལས་ཀྱི་ཁ་ཚར་ལ་སོགས་མཐའ་བརྟེན་པར་འཆད་པ་ནི་བསམ་གྱིས་མི་ཁྱབ་ཅིང་བགྲང་བར་མི་ནུས་སོ། །དགོངས་བརྒྱུད་ལ་གབ་པ་དགུ་སྐོར། སྙན་བརྒྱུད། ཨ་ཁྲིད། ཞི་གཅོད། ཉམས་ལེན་ལྔ་སྐོར་དེ་ལ་སོགས་རེས་མོས་ཚུལ་དུ་ཀུན་ལ་འཆད་དོ།།[25] གཅིག་བརྒྱུད་རྣམས་ནི་གྲུབ་ཆེན་རྣམས་ཀྱིས་གསང་བ་ལྟར་གཅིག་རེ་མ་གཏོགས་བསྡེབས་གཅིག་ཏུ་མང་པོ་ལ་མི་གནང་བར་ལག་ལེན་འཁྲུལ་མེད་དུ་མཛད་དོ། །གཞན་ཡང་རྫོགས་ཆེན་གྱི་སྐོར་དང་། དམར་བྱང་ཆེན་མོ་གསང་གཅོད་གནད་ཀྱི་མེ་ལོང་། དེ་ལ་སོགས་སེམས་ཕྱོགས་ཀྱི་བོན་སྡེ་མང་དུ་འཆད་དོ། །ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་གང་འཆད་ཀྱང་། གཙོ་ཆེ་བ་མཁས་པ་གཉོས་དང་། འགྲོ་མགོན་ཁུ་དབོན། མཉམ་མེད་བྲུ་རྒྱལ་བ་རིན་པོ་ཆེ་ལ་སོགས་མཁས་གྲུབ་ཆེན་པོ་དེ་རྣམས་ཀྱིས་མཛད་པའི་དགོངས་འགྲེལ་དང་ཕྱག་ལེན་ཅི་ལྟ་བ་བཞིན་དུ་མཛད་དོ། །བོན་འཆད་པའི་སྒོ་ནས་སློབ་མ་རྣམས་ཀྱི་བློ་སྐྱེད་འདོན་པའི་ཐབས་ལ། རྗེ་རིན་པོ་ཆེ་ཉིད་ལས་ལྷག་པའི་མཁས་པ་གཞན་དུ་ཡང་ཡོད་པ་མ་ཡིན་ཏེ། འཆད་པ་པོ་གཞན་རྣམས་ནི་ཚིག་གི་ཕྲེང་བ་ཁོ་ནར་བརྒྱུས་ནས་འཆད་ལ། མཁས་ཤིང་གྲུབ་པའི་དབང་པོ་འདིས་ནི་གཞུང་ལུགས་གང་འཆད་ཀྱང་། ཐོག་མར་བསྡུས་དོན་གྱི་སྒོ་ནས་དོན་གྱི་ཚོམ་ཚོམ་བཅད་ཅིང་སྐབས་དོན་འདི་ཡིན་ནོ། །ཞེས་གསུངས་ནས་ཚིག་ཉུང་ཞིང་དོན་མང་ལ་བཟུང་སླ་བ་ཞིག་ཐོག་མར་བསྟན་ནས། དེའི་རྗེས་སུ་ཚིག་གི་འབྲུ་རེ་རེ་ནས་གཉེར་ཞིང་རྣམ་གཞག་མ་འདྲེས་པར་འཆད་དོ། །དེའི་རྒྱུ་མཚན་གྱིས་སློབ་མ་རྣམས་ཀྱི་བློ་བསྐྱེད་གཞན་ལས་ཆེ་ཞིང་། དེའི་སྙན་གྲགས་ལ་བརྟེན་ནས་བློ་གསལ་བའི་དོན་གཉེར་ཅན་རྣམས་མ་བསྡུས་པར་ཡང་། རང་བཞིན་ངང་གིས་འཁོར་དུ་འདུས་ཤིང་འོང་བ་ཡིན། ཞེས་ཐུན་ར་ལ་འཁོད་པའི་སློབ་མ་མཁས་པ་རྣམས་ཀྱི་གསུང་ལས་ཐོས་སོ། །མདོར་ན་གངས་ཅན་གྱི་མཁས་པ་རྣམས་ཀྱི་ནང་ནས། སློབ་མ་ཕྱི་ནང་གསང་གསུམ་འཛོམས་པའི་བཤེས་གཉེན་དམ་པའི་གྲངས་ནི། རྗེ་དྲུང་རིན་པོ་ཆེ་འདི་ལས་མང་བ་མེད་དོ།།[26]
འདིར་སྨྲས་པ།
སྔོན་ཚེ་སྐྱེ་བ་གྲངས་མེད་རྣམས་སུ་ཡང་། །
རྒྱལ་བའི་གསུང་རབ་སྦྱངས་མཐུས་དུས་འདི་རུ། །
གཟིགས་པ་ཙམ་གྱིས་ཅི་བཞིན་ལེགས་རྟོགས་ནས། །
སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་ཚུལ། །
ཐར་འདོད་སྐལ་ལྡན་རྣམས་ལ་སྟོན་མཛད་པའི། །
མཁྱེན་རབ་མཚུངས་མེད་བླ་མའི་ཞབས་ལ་འདུད། །[27]
གཉིས་པ་སློབ་མ་ཅི་ལྟར་བྱུང་བ་ནི།[28] དྲུང་ཉིད་ཀྱི་དངོས་སློབ་ཏུ་གྱུར་བ། འཕྲུལ་ངག་བདེན་པའི་བོན་རྒྱ་མཚོ་ལྟ་བུ་ལ་བཞུགས་ནས།[29] འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་ཅན། རྒྱལ་ཚབ་དམ་པ་ཆེན་པོ་རིན་ཆེན་རྒྱལ་མཚན་དང་།[30] མངའ་རིས་བསོད་ནམས་རྒྱལ་མཚན་གཉིས།[31] མཁས་པའི་བྱ་བ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་དང་ལྡན་པ་རྒྱལ་རིགས་བྲུ་ཤའི་གདུང་འཛིན་ཆེན་པོ་ཀུན་དགའ་དབང་ལྡན་དང་། ཤེས་རབ་སེང་གེ་གཉིས། ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་མང་དུ་གསན་ནས་ཡུལ་ངེས་མེད་དུ་བཤད་སྒྲུབ་སྤེལ་བར་མཛད། མེ་ཉག་བསོད་ནམས་རྒྱལ་མཚན་དང་དེ་ལ་སོགས་གྲྭ་ཐོགས་[32]མཉམ་པ། དུས་རྒྱུན་ཆད་མེད་པར་བསྟན་པའི་བྱ་བ་སྒྲུབ་པའི་སློབ་མ་མཁས་པ་ཆེན་པོ་ཉི་ཤུ་ཙམ་དང་། རྗེ་ཉིད་ཀྱི་དྲུང་དུ་ཕྱི་ནང་གསང་གསུམ་དག་ལ་ལེགས་པར་སྦྱངས་ནས། བསྟན་པ་ལ་ཤིན་ཏུ་ཕན་པའི་སློབ་མ་བརྒྱ་ཕྲག་ཙམ་དང་། སྡོམ་པ་མནོས་ནས་ལུང་རེ་ཙམ་དང་བོན་ཐུན་རེ་ཙམ་ཞུས་པའི་སློབ་མ་སྟོང་ཕྲག་ལས་བརྒལ་བ་རྣམས་སོ། །དེ་དག་ལས་འཕྲོས་ནས་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད་པའི་བཤད་གྲྭ་ཡང་དགོན་སྡེ་མང་དུ་ཡོད་ཅིང་། དེའི་ཕྲིན་ལས་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས། བསྟན་པ་རིན་པོ་ཆེའི་ཞབས་ཏོག་རྒྱ་ཆེན་པོ་བྱས་པའི་སྒོ་ནས་ལྔ་བརྒྱའི་དུས་འདིར་བོན་གྱི་བསྟན་པ་དར་རྒྱས་སུ་མཛད་པས་བཀའ་དྲིན་གཞལ་དུ་མེད་དོ།།
དེ་དག་ལ་འདི་སྐད་ཅེས།
བསྟན་པའི་དར་ཆེན་མཁས་གྲུབ་ཆེན་པོས་འཕྱར། །
སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། །
སྙིགས་མའི་དུས་འདིར་བོན་བསྟན་ཀུན་ཏུ་དར། །
དཔག་མེད་བཀའ་དྲིན་བསྟན་དང་འགྲོ་ལ་ཆེ།།[33]
གཉིས་པ་རྩོད་པ་སེང་གེའི་ང་རོས་རྒོལ་བ་སུན་འབྱིན་པའི་ཚུལ་ནི། སྔ་རྒོལ་དུ་ཁས་བླངས་བའི་ཚེ། རང་གི་དམ་བཅའ་བ་ལ་སྒྲུབ་བྱེད་ཡང་དག་པ་འགོད། དེ་ལ་འགལ་བ་དང་། མ་གྲུབ་པའི་སྐྱོན་སྤངས་པའི་སྒོ་ནས་ཚེར་མ་འབྱིན། ཕྱི་རྒོལ་དུ་ཁས་ལེན་པའི་ཚེ་གཞན་གྱི་དམ་བཅའ་ལྟར་སྣང་ལ་སུན་འབྱིན་ཡང་དག་བརྗོད་པ་ཡིན།[34] དེའི་ཚེ་རྒོལ་བ་གཞན་གྱི་སྤོབས་པ་འཕྲོག་པ་དེའི་ཚེ་སྙེ་ཐང་བདེ་བ་ཅན་དང་། འབྲས་ཡུལ་སྐྱེད་ཚལ་དང་། ར་བ་སྟོད་དང་། ན་ལེནྡྲ་ལ་སོགས་སུ་རྩོད་སྐོར་བྱོན་པས།[35] རྒྱལ་བའི་ཚད་དུ་འཇོག་པ་ཡིན་ལ། དེ་ཡང་རྗེ་རིན་པོ་ཆེ་ཉིད་ཀྱི་ཚད་མ་རྣམ་འབྱེད་ལས་གསུངས་པ་ལྟར། རྩོད་པ་ཁྱད་པར་ཅན་ནི། དགག་སྒྲུབ་གཉིས་ལ་བརྟེན་དགོས་ཤིང༌། དགག་སྒྲུབ་ཀྱི་ཚུལ་མ་ཤེས་ན་རྩོད་པ་བབ་ཆོལ་གྱི་ངག་ཏུ་འགྲོ་བས། དགག་སྒྲུབ་ཀྱི་ཚུལ་ལ་མཁས་པའི་སྐྱེས་བུ་རྩོད་པ་ལ་ཉེ་བར་འདུན་པའི་རྒོལ་བ་པོ་དེ་ནི། དམ་པའི་གང་ཟག་རྣམས་ཀྱིས་བསྟོད་པར་འོས་ཏེ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཆེན་པོ་འབྱུང་བའི་ལམ་སྟོན་པར་བྱེད་པའི་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྐྱོང་བ་དང་སྤེལ་བར་བྱེད་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ། །ཞེས་གསུངས། དེས་ན་དགག་སྒྲུབ་རྒྱ་ཆེ་བའི་རྣམ་གཞག་རྣམས།[36] རྗེ་ཉིད་ཀྱིས་མཛད་པའི་དགོངས་འགྲེལ་དང་། རིག་པའི་རྣམ་གཞག་རྣམས་སུ་མི་འཇིགས་པའི་སྤོབས་པས་ལེགས་པར་བཤད་པ་རྣམས་སོ།།
དེ་དག་ལ་འདི་སྐད་ཅེས།
མང་ཐོས་ཟབ་རྒྱས་ལུང་རིགས་སྦྱོར་བ་ཡིས། །
རང་གཞུང་སྒྲུབ་དང་གཞན་གཞུང་སུན་འབྱིན་པའི། །
ཚད་ལྡན་མཁས་པའི་གཞུང་ལུགས་མི་ཉམས་ཕྱིར། །
རིག་པ་གནས་བརྒྱད་འཕྲོ་བའི་འོད་དཀར་ཅན། །
ངོ་མཚར་ལེགས་བཤད་མདངས་གསལ་དེང་འདིར་ཤར། །
རང་གཞན་རྩོད་པས་རྒྱལ་བའི་སྤོབས་པ་ཐོབ། །[37]
གསུམ་པ་རྩོམ་པ་ཉི་མའི་འོད་ཀྱིས་ལམ་བཟང་གསལ་བར་མཛད་པའི་ཚུལ་ནི། དེ་ཡང་འདི་ལྟར་སྔོན་གྱི་བྲུ་ཞུ་སྤ་རྨེའུའི་མཁས་པ་རྩོད་པ་དང་བྲལ་བ་དེ་རྣམས་ཀྱིས་མཛད་པའི་ལུགས་རྣམ་པར་བཞག་པ་ཁོ་ན་ལྟར་ཡིན་ལ། ཁུངས་ཐུབ་ཀྱི་བརྒྱུད་པ་མེད་པའི་ལུགས་གསར་དུ་བཀོད་པ་མ་ཡིན་ཞིང་། མཁས་པ་གོང་མ་རྣམས་ཀྱིས་གསུང་སྒྲོས་རྣམས་འཐོར་བ་སྡུད་པར་བྱེད་པ། ཟབ་མོ་རྣམ་པར་འབྱེད་པ། འཁྲུགས་པ་གོ་རིམ་བསྡེབས་པ། རྒྱ་ཆེན་པོ་བསྡུས་པར་བྱེད་པའི་སྒོ་ནས། བློ་གསལ་རྣམས་ཀྱིས་གོ་བདེ་བའི་སླད་དུ་ཕྱི་དང་ནང་དང་གསང་བའི་བོན་ཅི་རིགས་པ་རྩོམ་པར་མཛད། དེ་ཡང་མཛོད་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ་ས་བཅད་དང་བཅས་པ། ཁམས་སྡུད་ཀྱི་འགྲེལ་པ་གསལ་བའི་སྒྲོན་མེ་ས་བཅད་དང་བཅས་པ།[38] བྱང་སེམས་གབ་པའི་འགྲེལ་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ། འདུལ་བ་ཆེ་ཆུང་གཉིས་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ་འདུལ་བརྒྱུད་མུ་ཏིག་ཕྲེང་བ་དང་བཅས་པ། ཐེག་རིམ་གྱི་འགྲེལ་པ་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག[39] ས་ལམ་དང་ཚད་མ་གཉིས་ཀྱི་གཞུང་འགྲེལ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ས་བཅད་དང་བཅས་པ། དབུ་མ་བདེན་གཉིས་ཀྱི་འགྲེལ་པ་དང་།[40] ཐལ་ཕྲེང་གི་སྐོར་ལ། མཛོད། ས་ལམ། ཚད་མ། ཐེག་རིམ། ཚད་བསྡུས་ལ་སོགས་མང་དུ་མཛད། རྣམ་རྒྱལ་གྱི་ཆོག་ཁྲིག གཟུངས་སྒྲུབ་རིན་ཆེན་གཏེར་སྤུངས། ཕྱག་བཞེས་ཉི་མའི་དཀྱིལ་འཁོར།[41] གཟུངས་འདུས་བཀྲ་ཤིས་གཏེར་སྤུངས། ཆོག་ཁྲིགས་རྣམ་པར་རྒྱལ་བའི་རྒྱན་ས་བཅད་དང་བཅས་པ་རྣམས་སོ། །སྦྱིན་སྲེག་རིན་ཆེན་གཏེར་སྤུངས་མངོན་རྟོགས་དང་བཅས་པའོ། །སྤྱི་སྤུངས་སྐོར་ལ་གསང་སྔགས་ཀྱི་སྤྱི་དོན། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་ཆོག་ཁྲིགས། སྨན་གྱི་ཆོག་ཁྲིགས། ཁྲོ་བོ་དབང་ཆེན་གྱི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ། ཨ་གསལ་གྱི་མངོན་རྟོགས། དབལ་གསས་ཀྱི་མངོན་རྟོགས། བརྒྱུད་བསྐང་དང་བཅས་པ། ཕུར་པའི་མངོན་རྟོགས། ཚོགས་ཀྱི་ཆ་ལག་རིན་པོ་ཆེའི་རྒྱན་ བརྒྱུད་བསྐང་དང་བཅས་པ། གཞན་ཡང་ཕུར་པའི་འཆམ་ཡིག གར་སྟབས་ཕྱག་རྒྱའི་རིམ་པ་གཟི་བརྗིད་བཀོད་ལེགས། སྲུང་མའི་སྔགས་འཛབ། ཕོ་ཉའི་རྒྱུག་འཛབ། མ་མོ་བརྣག་པའི་སྙིང་འཛབ་ཕྱོགས་གཅིག་ཏུ་བསྒྲིགས་པ་རྣམས་དང་། གེ་ཁོད་གསང་བ་དྲག་ཆེན་གྱི་ཆོག་ཁྲིགས་ཕྱག་བཞེས་དང་བཅས་པ། རིག་འཛིན་འདུས་པའི་ཆོག་ཁྲིགས། ཚེ་དབང་གསང་སྒྲུབ་ཀྱི་ཆོག་ཁྲིགས། ཚེ་དབང་སྦྱིན་སྲེག་གི་མངོན་རྟོགས། དུར་ཁྲོད་གནས་བརྒྱད་ཀྱི་ཆོག་ཁྲིགས་མངོན་རྟོགས་དང་བཅས་པ། དབལ་གསས་ཁྱུང་ནག་གི་ཆོག་ཁྲིགས། ཁྱུང་དམར་གྱི་ཆོག་ཁྲིགས་མངོན་རྟོགས་དང་བཅས་པ། ལས་ཆོག་རིན་ཆེན་ཐེམ་སྐས་གསོ་སྦྱོང་དང་བཅས་པ། དབང་ཁྲིད་ཀྱི་སྐོར་ལ་འགུ་ཡའི་དབང་ཁྲིད། ཨ་གསལ་གྱི་དབང་ཁྲིད་ཐུགས་རྗེའི་སྤྲིན་དཔུང་། དབལ་གསས་ཀྱི་དབང་[42]ཤི་རི་ལོག་གི་དབང་ཁྲིད་བདུད་རྩི་ཀུན་ཐིག ཕུར་པའི་དབང་ཁྲིད་བྱིན་རླབས་ཆར་འབེབ། གེ་ཁོད། དྲན་པ། ཚེ་དབང་ལ་སོགས་ཀྱི་དབང་ཁྲིད་མང་དུ་མཛད། བསྐང་བའི་སྐོར་ལ། མཁྱེན་གསོལ་རྣམ་དག་ཆུ་རྒྱུན། སྤྱི་བསྐང་རིན་ཆེན་གཏེར་སྤུངས། མི་བདུད་ཀྱི་བསྐང་བ་དང་བཀའ་བསྒོ་ངར་དྲག སྒྲ་བླ་མའི་བསྐང་བ། རྒྱལ་པོའི་བསྐང་བ། པོམ་རའི་མཆོད་ཐབས་དང་བཅས་པ། སྲིད་རྒྱལ་དྲེལ་ནག་གི་མངོན་རྟོགས། མདོས་ཀྱི་ཕྱག་བཞེས་དཔེ་རིས་དང་བཅས་པ། མི་བདུད་ཀྱི་མངོན་རྟོགས། མཁྱེན་གསོལ་རྨད་བྱུང་མ་དང་། བསྟན་སྲུང་གི་དམོད་བཅོལ་དང་བཅས་པ། མངའ་དབུལ་བཀྲ་ཤིས་གཏེར་མཛོད། མུན་སེལ་སྒྲོན་མའི་ཆོག་ཁྲིགས། ཀློང་རྒྱས་ཀྱི་མངོན་རྟོགས། རྩིས་འགོ་བདུན་པའི་མངོན་རྟོགས། བདུད་རྩི་ཆུ་རྒྱུན་གྱི་མངོན་རྟོགས། སེམས་ཕྱོགས་ཀྱི་སྐོར་ལ། འོད་གསལ་གྱི་ཕྱག་ལེན། ཞི་བ་སྙན་བརྒྱུད་ཨ་ཁྲིད་རྣམས་ལ། བྲུ་རྒྱལ་བ་མན་ཆད་ཀྱི་བརྒྱུད་པའི་གསོལ་འདེབས་རྣམས་ཀྱི་ཚིག་བཤད་དང་། ཞི་གཅོད་ལ་ཏིང་འཛིན་ལྔ་ཚོགས་ཀྱི་ཚིག་བཤད་དང་།[43] དམར་བྱང་གི་ཚིག་བཤད་ཅི་རིགས་པ་རྣམས་སོ། །བསྟོད་པའི་སྐོར་ལ། ཡུལ་མཆོག་གནས་བཞིའི་བསྟོད་པ་ཚོགས་གཉིས་རྒྱ་མཚོ།[44] མཁའ་འགྲོ་མའི་སྤྱི་བསྟོད།[45] མུན་སེལ་སྒྲོན་མའི་བསྟོད་པ་གསོལ་འདེབས་དང་བཅས་པ། བླ་མ་སྤྱིའི་བསྟོད་པ་ཕྲིན་ལས་རྒྱ་མཚོ། འདུལ་ཕྱག་རྒྱས་བསྡུས་གཉིས། བྲུ་བདག་ཉིད་རྗེ་བཙུན་གྱི་བསྟོད་པ་རྒྱལ་བའི་རྒྱལ་ཐེབ། ཁྲོ་ཚང་འབྲུག་ལྷའི་བསྟོད་པ་ཕྲིན་ལས་རྒྱ་མཚོ། སྨོན་ལམ་ལ་བྱང་སེམས་གབ་པའི་སྨོན་ལམ།[46] ས་ལམ་གྱི་སྨོན་ལམ་རིན་ཆེན་ཐེམ་སྐས་རྣམས་སོ། །གཞན་ཡང་ཀླད་དོན་ནོར་བུའི་རྒྱན་ལ་སོགས་ཅི་རིགས་སུ་ཡོད་པ་རྣམས་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྤྱད་པར་བྱའོ།།
དེ་དག་ལ་འདི་སྐད་ཅེས།
བརྩེ་ལྡན་ཁྱེད་ཀྱི་ལེགས་བཤད་ཉི་མའི་འོད། །
འཛམ་གླིང་འདི་རུ་ཤར་བར་གྱུར་ལགས་ཀྱང་། །
འགྲོ་བ་ཕལ་ཆེར་མ་རིག་མུན་པར་འགྱུར། །
དེ་སླད་བློ་ཡི་མུན་པ་སེལ་མཛད་ཅིང་། །
གདུལ་བྱའི་བློ་གྲོས་པད་ཚལ་འབྱེད་པའི་སླད། །
ལེགས་བཤད་འོད་ཀྱིས་སྣང་བ་རྒྱས་པར་མཛོད།།[47]
བཞི་པ་བསྟན་པའི་བྱ་བ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་སྒྲུབ་པའི་ཚུལ་ནི། སྟོད་དབུས་གཙང་རུ་བཞི་མན་ཆད། སྨད་རྒྱ་སོ་དར་རྩེ་ཡན་ཆད་ཀྱི་དབེན་གནས་[48]རྣམས་སུ་ཐུགས་དམ་ཆུ་བོའི་རྒྱུན་བཞིན་མཛད་ནས། ལྷག་པའི་ལྷ་དང་བསྟན་སྲུང་མང་པོའི་ལུང་བསྟན་མང་དུ་བྱུང་ངོ་། །དེ་ནས་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པའི་ཐུགས་བསྐྱེད་ཁྱད་པར་ཅན་འཁྲུངས་ཏེ། མེ་ཕོ་སྟག་གི་ལོ་དགུང་ལོ་སོ་གཅིག་གི་སྟེང་དུ། ཡུལ་དབུས་གཙང་དག་པའི་ཞིང་དུ་ཕྱག་ཕེབས་སོ། །དེ་ནས་མཁས་ཤིང་གྲུབ་པ་ཐོབ་པ་སྐྱེས་བུ་མང་པོའི་དྲུང་དུ།[49] ཕྱི་ནང་གསང་གསུམ་གྱི་བོན་སྡེ་མཐའ་དག་ལ་མཁས་པ་ཆེན་པོར་མཛད་དོ། །དེ་ནས་བཟུང་སྟེ་སློབ་མ་ཤེས་རབ་ཅན་མང་པོ་ལ་བཤད་ཉན་གྱི་དབུ་བཙུགས་ནས་ཐོས་བསམ་སྒོམ་སྒྲུབ་མཛད་ནས་ཀུན་གྱིས་ཐམས་ཅད་མཁྱེན་པའི་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་སྙན་པའི་གྲགས་པས་ས་སྟེང་ཀུན་ལ་ཁྱབ་པར་མཛད་དོ།།[50] དེ་ནས་མཁན་སློབ་གོང་མ་རྣམས་ཀྱི་རྗེས་སུ་བཟུང་ཤིང་། བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད་པར་དགོངས་ནས། ལྷོ་སྟོད་ནས་གཡུང་དྲུང་ཡེ་ཤེས་དངོས་ཀྱི་མཁན་བུ། དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་དུ། མཁན་སློབ་དཔང་པོ་ལོ་ཙཱ་དང་། གཞན་ཡང་བཤེས་གཉེན་དམ་པ་དྲང་སྲོང་རྨ་མེད་བཅུ་ཕྲག་ཙམ་གྱི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་མནོས། །དེ་ཕན་ཆད་ཕྱི་ཡི་ཚུལ་བཅུ་གསུམ། ནང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ། རྩ་བ་དང་ཡན་ལག་ཕྱོགས་མཐུན་དང་བཅས་པ་རྣམས་ཁོག་པའི་སྙིང་དང་། དཔྲལ་བའི་མིག་བཞིན་དུ་གཅེས་སྤྲས་ཆེན་པོར་མཛད་ཅིང་། སླར་ཡང་[51]བཤེས་གཉེན་དམ་པ་འབུམ་ཕྲག་ཙམ་ལ་སྡོམ་པ་འབོགས་ཤིང་མཁན་སློབ་མཛད་དོ། །རྗེ་ཉིད་ཀྱི་གསུངས་པ་ལས་ཀྱང་། གཞན་ཡང་[52]བཤེས་གཉེན་དམ་པ་ལ་ལའི་འདུལ་བརྒྱུད་ནི། སེམས་ཅན་ལས་ཟད་པའི་དབང་ངམ། རྒྱུད་འཛིན་གྱི་གོ་མ་ཆོད་པའམ། རྨོངས་པ་རྣམས་ཀྱི་དམན་ལ་མཆོག་ཏུ་འཛིན་པའི་དབང་གིས་ཆད་པར་མངོན་ནོ། །དེས་ན་མཁས་པ་དང་འདུལ་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་གྱི་སྣང་བ་རྒྱབ་ཏུ་དོར་ནས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཕྱིར་དུ། དཀའ་བ་དང་དུ་ལོངས་ཤིག་ཅེས་གསུངས་སོ།།
འདི་སྐད་ཅེས།
འགྲོ་ཀུན་བདེ་ཆེན་ས་ལ་བཀོད་པ་དང་། །
བསྟན་པ་རིན་ཆེན་རྒྱས་པར་བྱ་བའི་ཕྱིར། །
ཉིས་བརྒྱ་ལྔ་བཅུའི་ཁུར་ཆེན་མི་ངལ་བ། །
བསྟན་པའི་མངའ་བདག་ཁྱེད་ལ་གུས་པས་བསྟོད།།[53]
དེ་ཡང་འདི་ལྟར་སྤྱིར་ཡང་དབུས་གཙང་ཁམས་གསུམ་ཀུན་ཏུ་སྡེ་པ་མང་པོས་དགོན་སྡེ་རྣམས་སུ་བཞུགས་པར་ཞུས་པ་དང་། སའི་མིག་རེ་ཕུལ་ནས་དགོན་སྡེ་འདེབས་པའི་ཞུ་བ་མང་དུ་ཕུལ་ཡང་ཐུགས་མ་བཞེད།[54] བཤད་ཉན་[55]གྱི་བཀའ་བབས་རྒྱལ་རིགས་བྲུ་ཚང་ཡིན་པས། ཁོང་རྣམས་ཀྱིས་བསྟན་པའི་རོགས་ལྡན་མཛད་པར་དགོངས་ཏེ། གཡས་རུ་དབེན་ས་ཁར་ཕེབས་ནས་བྲུ་ཤའི་གདུང་འཛིན་ཆེན་པོ་ཡེ་རྒྱལ་བ་དང་གཞོན་རྒྱལ་བ་རྣམ་གཉིས་ཀྱིས་རྒྱལ་ཐེབས་མཛད་པའི་ཞུ་བ་ཡང་ཡང་ཕུལ་ནས་དབུས་རྩེ་དཀར་དམར་དང་མཁར་སྣ་རྣམས་ལ་བཞུགས་ནས། ཉ་མཆོད་དགུ་གཏོར་དང་། དཀར་ངོ་[56]ཐམས་ཅད་ལ་བཤད་ཉན། མར་ངོ་[57]རྣམས་ལ་སྒྲུབ་པ་དང་བཅའ་ཁྲིམས་ལ་སོགས་ཅི་རིགས་པར་མཛད་དོ། །སྐབས་ཤིག་ཏུ་སྔོན་གྱི་ཡབ་ཡུམ་ལ་མཇལ་འཕྲད་དགོས་པའི་ཆད་བོར་བཞིན། སློབ་མ་རིན་ཆེན་རྒྱལ་མཚན་ཞབས་ཕྱིར་ཁྲིད་ནས་རྒྱལ་རོང་རབ་བརྟན་སྟེགས་ཅོག་ཏུ་[58]ཕེབས་སོ། །སྔར་ཆུང་དུས་གྲྭ་སར་ཕེབས་ནས་ལོ་མང་པོ་སོང་བས་ཡབ་ཡུམ་སོགས་ཞལ་འཕྲད་ནས་ཟླ་ཤས་སུ་བཞུགས་ནས་དྲིན་ཆེན་ཡབ་ཡུམ་ལ་ང་ཁྱོད་གཉིས་ལ་མཇལ་བའི་ཁས་ལེན་ཡོད་བཞིན་པས་འདིར་འོང་བ་ཡིན། ད་ནི་གྲྭ་སར་མ་སོང་ན་རྩ་བའི་བླ་མའི་བཀའ་དང་འགལ་བ་ཡོད། དངུལ་འདི་དང་རང་ལ་ཡོད་པའི་ཟས་ནོར་གྱིས། མ་གྲོང་པའི་གོང་འདིར་ལྷ་ཁང་གཅིག་བཞེངས་དང་འདི་ཕྱི་གང་ཡང་ལེགས་སོ་གསུངས་ནས། ཡབ་ཡུམ་ལ་མེ་ཏོག་སྨོན་ལམ་གསུངས་ནས་སླར་བྱོན་ནས། དར་རྩེ་མདོ་རྒྱུ་ཕེབས་པ་དང་། སྟོད་ཀྱི་གྲྭ་ས་ནས་འོང་པའི་གྲྭ་པ་དཔོན་སློབ་འགའ་རེའི་སྐད་ལ། གཡས་རུ་དབེན་སར་ས་གཡོས་བྱུང་ནས་འཇིག་སོང་ཟེར་བས། ཕ་དེ་བདེན་ཨི་སྲིད་དམ་བྱས་པས། བདེན་ངེས་མེད་ན་དེ་འདྲ་ག་ལ་ཟེར་བས། དེ་ལ་ཐུགས་ཆད་ནས། ང་ཕྱིན་སྟོད་དུ་འགྲོ་དགོས་མེད་གསུངས་ནས་མདར་དོར་ཕེབས། ཡོན་བདག་མང་པོས་ཞབས་ཏོག་ཞུས། ལ་མོ་རྩེ་རུ་བཞུགས་ནས་ཀོང་རྩེ་སྒྲུབས་པས། བསྟན་པའི་བདག་པོར་གྱུར་པའི་རྟགས་སུ། ཉི་ཟླ་ཁོང་དུ་མིད་པ་སོགས་དང་ལྷ་ཞལ་བསྟན་སྲུང་མངོན་སུམ་མཇལ་བ་སོགས་གྲུབ་རྟགས་མང་དུ་བྱུང་། འགྲོ་ལ་ཕན་པའི་སློབ་མ་ཡང་མང་དུ་བྱུང་སྐད། དེའི་མཚམས་སུ་མ་མཆོག་སྲིད་པ་རྒྱལ་མོས་ལུང་བསྟན་ནས། དབེན་ས་ཁ་ཡི་གསེར་སྒྲོམ་དང་དཀོར་ཆ་མ་བརླག་པར་ཡོད། ཁྱོད་རང་དབུས་གཙང་སྟོད་དུ་སོང་དང་། བསྟན་པ་དར་ཞིང་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལ་ཡིད་ཆེས་ནས་ཡར་ལ་བྱོན་པར་དགོངས། དེར་སློབ་མ་རྣམས་ལ་རི་ཁྲོད་བཞེངས་པ་གཉེར་གཏད། དེ་ནས་དཔོན་སློབ་གཉིས་སོགས་ཡར་ལ་བྱོན་པའི་ལམ་དུ། ཆོས་རྗེ་བློ་བཟང་གྲགས་པ་མཆོག་དང་ཞལ་མཇལ་ཞུ་གནང་སྐབས། བན་བོན་གྱི་འདུལ་བརྒྱུད་གཅིག་ཅིང་། འདུལ་བའི་བསྟན་པ་རྟགས་ཙམ་འཛིན་པའི་དུས་བབ་ཀྱི། གསོ་དགོས་ཚུལ་གྱི་ཞལ་ཏ་བཟང་པོ་གནང་ནས་ཕེབས། དེ་ནས་མཉམ་མེད་ཆེན་པོ་དབེན་ས་ཁར་ཕེབས་པས། དགོན་པ་ཞིག་ཤུལ་པ་ཁད་མཐོ་དམན་དུ་སྣང། གླིང་ཟུར་པའི་ཐད་དེར་བཞུགས་ནས། ལྷ་སྲུང་ལ་བསྐང་གསོལ་མཛད་ནས། བརྐོ་སློག་བཅུག་པས། སྔོན་གྱི་གསེར་མཆོད་བོང་བུས་ཐེག་ཙམ་དང་། བྲུ་ཆེན་ཁྱུང་རྒྱལ་གྱི་ཐུགས་དམ་གསེར་བྲིས་ཁམས་བརྒྱད་དང་། ལྷ་ཆ་དཔེ་རྟེན་འགའ་ཞིག་ཐོན་བྱུང་། སྲུང་མར་གཏང་རག་བསྐང་གསོལ་རྒྱས་པར་བྱས། མ་མཁའ་འགྲོའི་ལུང་བསྟན་ཅི་བཞིན་མཛད་པ་དགོངས་ཕྲལ།[59] བླ་མའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། དགུང་ལོ་ལྔ་བཅུ་[60]ཤིང་མོ་བྱའི་ལོ་ལ་སྨན་རིའི་ཞོལ་[61]གཡག་ཆེན་ཕུག་ཏུ་དགོན་པ་འདེབས་པའི་གྲབས་མཛད། དཔོན་སློབ་རྣམས་ས་ཆར་གཟིགས་རྟོག་ལ་ཕེབས་ནས། དབྱར་ཐོག་གཅིག་ཏུ་ཆར་ཐེར་ཕུབ་ནས་བཞུགས་སོ། །ལུང་པ་དེ་ཡི་ནང་དུ་གཏན་དུ་བཞུགས་པའི་མཐའ་བཞི་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་ཞིག་གི་རྨི་ལམ་དུ་ཁྱེད་འདི་རུ་མ་འདུག་ཁྱེད་ལས་ལྷག་པའི་སྔོན་གྱི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་འདི་རུ་འབྱོན་ནས་བཞུགས་པ་ཡིན་ཟེར་བས་འབོད་སྙམ་པ་བྱུང་ངོ་། །ཕྱི་ནས་རྟོགས་ལྡན་དེས་རིན་པོ་ཆེ་དང་མཇལ་བའི་ཚེ་ན། ང་ལ་རྨི་ལམ་དེ་ལྟ་བུ་བྱུང་བ་དེ་ཁྱེད་སློབ་དཔོན་བྱོན་པའི་ལྟས་སུ་འདུག་གསུངས། ཨ་ལ་ལ་ངོ་མཚར་ཆེ། རྟེན་འབྲེལ་བཟང་གསུངས་སོ། །རྗེ་ཉིད་ཀྱི་རྨི་ལམ་ལ་ཡང་། ལུང་པ་དེའི་ནང་དུ་ཅོད་པཎ་ཁྲ་ལྷམ་མེ་གང་བྱུང་པ་དང་།[62] གཞན་ཡང་ལས་ལྡན་སློབ་མ་འགའ་ལ། བླ་བྲང་གི་ས་དེ་ཉིད་དུ་དཔག་བསམ་ལྗོན་ཤིང་ཡལ་ག་ལོ་འབྲས་རྒྱས་པར་བྱུང་བ་རྨིས་པ་དང་། དགོན་པ་མ་བཏབ་པའི་སྔ་མོ་ལོ་ལ་རྫི་བོ་འགས་གནས་དེ་ཉིད་དུ་ཕྱུགས་རྣམས་འཚོ་བ་ན། དུང་དང་གྷན་དྷེའི་སྒྲ་ཡིས་ཕྱུགས་རྣམས་བསྐྲོགས་པ་ལ་སོགས་ཐམས་ཅད་ནས་རྟེན་འབྲེལ་ཤིན་ཏུ་བཟང་པོ་བྱུང་ངོ་ཞེས་ཡིད་ཆེས་པའི་སློབ་མ་འགའི་གསུང་ལས་ཐོས་སོ། །དེ་ནས་སྟོད་སྨད་བར་གསུམ་ཀུན་ནས་སྡེ་པ་མང་པོའི་འབུལ་བ་མང་དུ་བྱུང་བ་དང་། བྲུ་ཚང་རྣམས་ཀྱིས་མཐུན་རྐྱེན་མཛད་པ་དང་། རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་སོང་། བླ་བྲང་ལ་སོགས་དགོན་པ་གྲྭ་ཤག་དྲུག་ཅུ་ཙམ་རིང་པོར་མ་ཐོགས་པར་སྐད་ཅིག་ཉིད་ལ་གྲུབ་པའོ།།[63] དགོན་པའི་མིང་ནི་བཀྲ་ཤིས་སྨན་རི་ཞེས་བྱ་བར་འདོགས་པར་མཛད་དོ།།[64] སྟོད་མངའ་རིས་མན་ཆད་སྨད་རྒྱ་ཡི་མཆོད་རྟེན་དཀར་པོ་[65]ཡན་ཆད་ཀྱི་བུ་སློབ་ཐམས་ཅད་མེ་ཏོག་གི་བཅུད་ལ་སྦྲང་བུ་འདུས་པ་བཞིན་དུ། ཕྱོགས་ཐམས་ཅད་ནས་སྤྲིན་དཔུང་བཞིན་དུ་རང་གི་ངང་གིས་འདུས་སོ། །དེ་ནས་སངས་རྒྱས་སེམས་དཔའ་རྣམས་ཀྱི་བཅའ་གཞི་བཞིན་དུ། གླིང་གི་བཅའ་ཁྲིམས་ལེགས་པར་མཛད། ཕྱོགས་བཞིར་ཐོ་བཞི་བརྩེགས་ཏེ་དེ་ཚུན་ཆད་མི་ནག་པ་དང་སྐྱེས་དམན་འོང་དབང་མེད་པ་དང་། ཚོགས་སུ་སྡོམ་པ་མ་བླང་བར་གྲལ་ལ་འདུག་ས་མེད་པ་དང་། བླངས་ཀྱང་བླ་གོས་དང་གདིང་ལྷུང་[66]མེད་པར་གྲལ་ལ་འདུག་དབང་མེད་པ་ལ་སོགས་ཁྲིམས་ཡིག་མི་འདྲ་བ་གསུམ་གྱི་བཀོད་པ་མཛད། དགོན་པ་རྣམས་ལ་ཀ་བ་གཉིས་པའི་ས་དང་། གཉིས་ཐོག་ཙམ་མཛད་པའི་ཞུ་བ་ཕུལ་ཡང་མ་བཞེད་དེ།[67] ངེད་རང་སྡེ་པ་ལུགས་སུ་མི་བྱེད། བདེ་བདེ་སྐྱིད་སྐྱིད་འདྲ་བ་ཁོ་ནས་མི་འོང་། བྱ་བྲལ་གྱི་འཆད་ཉན་ཡིན་པས། སློབ་གཉེར་བ་ཁོ་ན་གཅིག་ལ་གཉིས་པ་ཙམ་གྱི་ཁང་ཆུང་ཆོག་གསུངས། གཞིས་ཀ་རིན་སྤུངས་པ་ལྟ་བུས་ཡོན་བདག་བྱེད་པར་འདུག་ཀྱང་མི་དགོས་གསུངས། དེས་ན་བསྟན་པའི་དོན་ཁོ་ན་མ་གཏོགས་འཇིག་རྟེན་འདིའི་ལུགས་ཁེ་གྲགས་སྙན་པ་ཟོག་པོ་ལ་སོགས་མི་མཛད། དེ་ལྟར་མོད་ཀྱི་གདུལ་བྱ་ལས་དག་མ་དག་གི་ཁྱད་པར་མཐོང་ཚུལ་མི་འདྲ་བ་ཡོད་པ་དང་། དུས་རྟག་ཏུ་གདུལ་བྱ་རྒྱ་མཚོའི་དབུས་ན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་། བྱིན་རླབས་གཟི་བརྗིད་ལྟ་བས་མི་ངོམས་པར་བཞུགས་པ་ལགས་སོ།།[68] དེ་ནས་བསྟན་པ་ཡུན་དུ་གནས་པའི་ཕྱིར། ཉ་མཆོད། དགུ་གཏོར། གསོ་སྦྱོང་ལ་སོགས་དཀར་ངོ་[69]ཐམས་ཅད་ལ་བཤད་ཉན། མར་ངོ་[70]ཐམས་ཅད་ལ་སྒྲུབ་པ་ལ་ཞུགས་པར་མཛད། དེ་ཡང་ཞི་ཁྲོ་དང་ཕུར་པ། གེ་ཁོད། ཚེ་དབང་། དྲན་པ། རྣམ་རྒྱལ། རྣམ་དག མུན་སེལ། ཀེང་ཙེ། བོན་སྐྱོང་གཉིས། གཉན་དང་པོམ་ར་ལ་སོགས་སྒྲུབ་པ་མང་དུ་མཛད་དོ། །མཛད་པའི་དུས་སུ་རང་རང་གི་གཞུང་དང་།[71] ཕྱག་བཞེས་རྣམས་ལས་ཅི་ལྟར་གསུངས་པ་ལྟར། ལོ་དང་ཟླ་བ་སྐར་མ་གཟའ་དང་ཕྱོགས་མཛད་པའི་དུས་ཚོད་ཀྱང་ལེགས་པར་བརྟགས་ནས་སྒྲུབ་པར་མཛད། བཤེས་གཉེས་དམ་པ་ལ་ལའི་ཕྱག་ལེན་ལྟར། བུམ་པ་ཙམ་ལ་བརྟེན་པ་དང་།[72] གཏོར་མ་དང་རྡུལ་ཚོན་ཙམ་ཁོ་ན་ལ་བརྟེན་པར་མི་མཛད་ཅིང་། སོ་སོ་རང་རང་གི་གཞུང་ལས་བྱུང་བ་ཅི་ལྟ་བ་བཞིན་དུ་རྟེན་རྫས་དང་སྒྲུབ་རྫས་རྣམས་ལོ་དང་ཟླ་བའི་གོང་ནས་ཚགས་སུ་གཞུག་གསུངས་པ་ལྟར་མཛད། སྒྲུབ་པ་ལ་ཞུགས་ནས་ཕྱི་རྟགས་ནང་རྟགས་གསང་རྟགས་ལ་སོགས་ངེས་པར་ཐོན་པར་མཛད་ཅིང་།[73] ཞི་རྒྱས་དབང་དྲག་གི་ལྷ་ཚོགས་རྣམས་ཀྱི་ཞལ་མངོན་སུམ་དུ་གཟིགས་ཤིང་། དེར་བརྟེན་དུས་ཆེན་ཁྲོ་ཕུར་བཀའ་སྐྱོང་སོགས་ཀྱི་གྱེར་ཆེན་རྒྱས་འབྲིང་གདངས་དབྱངས་མང་པོ་གསུངས་ནས།[74] བསྟན་པ་སྲུང་བའི་བོན་སྐྱོང་རྣམས་བྲན་བཞིན་དུ་འཁོལ་ཞིང་།[75] ལས་རྣམས་ཐོགས་པ་མེད་པར་སྒྲུབས་སོ། །ལྷ་ཞལ་གཟིགས་སམ་ཞུས་པའི་ཚེ་ན། གནས་ལུགས་ཀྱི་དོན་རྟོགས་ན་ལྷ་ཞལ་གཟིགས་པ་ཡིན། གསུངས་པ་ཙམ་མ་གཏོགས། འདི་མཐོང་འདི་ཚོར་ཞལ་ནས་གསུངས་པ་མེད་ཅིང་། འོན་ཀྱང་སྒྲུབ་པ་གང་མཛད་པའི་དུས་སུ། ཕྱོགས་ཐམས་ཅད་དུ་སྨན་ངད་པས་ཁྱི་ལེར་བྲོ་བ་དང་།[76] རྗེ་ཉིད་ཀྱི་སྐུ་ལ་འོད་ཁ་དོག་སྣ་ལྔས་གཡོགས་ནས། སྐུ་མི་མངོན་པར་བདག་གི་བླ་མ་དང་། ལས་ལྡན་གྱི་སློབ་མ་འགའ་ཡིས་གཟིགས་སོ།།[77] དེ་ནི་ལྷ་ཚོགས་མང་པོའི་ཞལ་གཟིགས་པའི་རྟགས་ངེས་པ་ཅན་དུ་འདུག་གོ།།[78] བུམ་ཆུ་ལ་སོགས་ཀྱིས་གདོན་དང་ནད་ཀྱི་རིགས་ཐ་དག་ལས་སྐྱོབ་ནུས་པ་ཡིན་ནོ། །དེ་ཡང་རྗེ་ཉིད་ལ་ལྷ་ཞལ་གཟིགས་དང་མ་གཟིགས་ཁྱད་པར་མེད་ཅིང་། དེ་བཞིན་བསྒྲུབ་བྱ་སྒྲུབ་བྱེད་ཐམས་ཅད་དང་བྲལ་ཏེ། གདུལ་བྱའི་སྣང་ངོ་ཙམ་གྱི་ཁོ་ནར་ཟད་དོ།།[79]
དེ་ཡང་འདི་ལྟར།
སྔོན་ཚེ་གོང་ནས་ལྷ་དང་དཔོན་གསས་དང་། །
གཞལ་ཡས་མཆེད་ལྕམ་བདག་གིས་ལྷར་སྒྲུབ་པ། །
དུས་འདིར་སྒྲིབ་པ་བྱང་ནས་ལྷ་ཞལ་ཁུམས། །
ཞལ་མཐོང་གྲུབ་པ་ཡེ་ཤེས་ལྷ་རུ་གསལ། །
བདག་དང་གཉིས་མེད་ཀུན་བཟང་ངང་ལ་བདེ། །
ཞེས་གསུངས་པ་ལྟར་རོ། །ཁྱད་པར་བོན་སྐྱོང་རྣམས་ཀྱི་སྒྲུབ་པ་མཛད་པའི་ཚེ་ན། སྒྲུབ་ཁང་སྟེང་འོག་བར་གསུམ་ཀུན་ཏུ་འུར་སྒྲ་ཐུག་ཆོམ་དང་། འོད་མུན་ནག་འཐིབས་པ་དང་དེ་སོགས་ལས་རྣམས་གྲུབ་པའི་རྟགས་སུ་དུ་མ་ཡོད་པ་ཡིན །ཞེས་སྒྲུབ་པ་ལ་འཁོད་པའི་སློབ་མ་དག་གིས་གསུངས་སོ། །སྤྱིར་ཡང་བསྟན་པའི་དགྲ་བོར་དམིགས་ནས་སྒྲུབ་པ་མཛད་ན། གྱི་གྲན་གཏིང་བརླག་ལ་འགྲོ་བར་ཐེ་ཚོམ་མེད་ཀྱང་། ཞལ་ནས་དམོད་པ་ཅུང་ཟད་ཙམ་གསུངས་པ་ཡང་། ཕ་རོལ་པོ་དེ་ལ་མི་འདོད་པ་མང་པོ་འབྱུང་ཞིང་།[80] ཆོ་འཕྲུལ་འཇིགས་ཤིང་སྐྲག་པའི་ལྟས་ངན་དུ་འོང་། དེ་ལ་[81]བརྟེན་ནས་རྗེ་ཉིད་ཀྱི་སློབ་མར་གྱུར་ཚད་དབུས་གཙང་ཁམས་གསུམ་གང་དུ་འགྲོ་ཡང་། མི་[82]ཡི་གནོད་པ་ལྟ་ཅི་སྨོས། མི་མ་ཡིན་དང་འབྱུང་པོའི་གནོད་པ་ཡང་མི་ཚུགས་སོ། །དེ་ནི་རྗེ་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་དང་། ལྷག་པའི་བསམ་པ་[83]གཞལ་དུ་མེད་པའི་རྟགས་སོ།།
དེ་དག་ལ་འདི་སྐད་ཅེས།
ཞི་རྒྱས་དབང་དྲག་ལྷ་ཚོགས་ལེགས་གྲུབ་ཅིང་། །
དེ་ཡི་མཐུ་སྟོབས་བསམ་གྱིས་མི་ཁྱབ་པ། །
བསྟན་སྲུང་རྣམས་ཀྱིས་དགོངས་པའི་དོན་རྣམས་སྒྲུབ། །
ལོག་ཕྱོགས་བདུད་རིགས་རྣམས་ཀྱིས་གེག་མི་ནུས། །
དེ་འདྲའི་སྐྱེས་བུ་བསོད་ནམས་ངོ་མཚར་ཆེ། །
རིང་པོར་མི་ཐོགས་སྐུ་གསུམ་ཐོབ་བམ་སྙམ། །
བདག་སོགས་གདུལ་བྱ་འགྲོ་བ་ཅི་སྙེད་པ། །
དུས་རྣམས་ཀུན་ཏུ་ཐུགས་རྗེས་བསྐྱབ་ཏུ་གསོལ། །
དེ་ཡང་འདི་ལྟར། མཁས་པ་ལ་ལ་ནི་ཐོས་བསམ་གྱི་བྱ་བ་ཁོ་ནས་དུས་འདས་ནས། རྩེ་གཅིག་ཏུ་སྒྲུབ་པ་མི་མཛད། ལ་ལ་ནི་ཐོས་བསམ་གྱི་བྱ་བ་བཤོལ་ནས། དབེན་པའི་གནས་སུ་སྒྲུབ་པ་ཁོ་ནར་མཛད། ལ་ལ་ནི་འཆད་པ་དང་རྩོད་པ་ལྷུར་བླངས་ནས་རྩོམ་པ་མི་མཛད། ལ་ལས་རྩོམ་པ་ཁོ་ན་མཛད་ནས་འཆད་པ་རྩོད་པ་གཙོ་བོར་མི་ལེན།[84] མདོར་ན་བོད་གངས་ཅན་ཁྲོད་འདིར། འཆད་རྩོད་རྩོམ་གསུམ་ཆ་མཉམ་དུ་མཛད་པ་དང་། བཤད་སྒྲུབ་གཉིས་ཀ་སྤེལ་མར་མཛད་པ་ནི། རྗེ་རིན་པོ་ཆེ་ལས་ལྷག་པའི་སྐྱེས་མཆོག་གཞན་བྱོན་པ་མེད་དོ།།[85] འཕྲལ་དུ་སྒོ་གསུམ་གྱི་བྱ་བ་ཐམས་ཅད་སྙོམ་ལས་ཀྱི་དབང་དུ་སྐད་ཅིག་ཀྱང་མི་གཏོང་ཞིང་།[86] དེའི་ཡོན་ཏན་གྱིས་སློབ་མ་རྣམས་ཀྱང་རིང་པོར་མི་ཐོགས་པར། ཕྱི་དང་ནང་དང་གསང་བའི་ཡོན་ཏན་དུ་མ་ཞིག་གིས་བརྒྱན་ནས། བསྟན་པ་ལ་ལྷག་པར་ཕན་འདུག་གོ །གཞན་ཡང་རྗེ་ཉིད་གང་དུ་བཞུགས་པའི་ས་ཕྱོགས་དེར། ནད་ཡམས་མུ་གེ་དུས་ཀྱི་འཁྲུགས་པ་ལ་སོགས་མི་འབྱུང་ཞིང་། ཡོན་བདག་རྣམས་ལ་ལོ་ལེགས་པ་དང་། འབྱོར་པ་ཆེ་བ་དང་། བཀྲ་ཤིས་པ་ཁོ་ན་འབྱུང་ངོ་། །ཡང་དུས་ཤིག་གི་ཚེ་རྗེ་ཉིད་བདེ་བ་སྒང་དུ་འགྲོ་མགོན་བློ་གྲོས་རིན་པོ་ཆེ་བའི་བཤད་ཁྲིད་ལ་མཇལ་དུ་བྱོན་པའི་ཚེ་ན།[87] བཤད་ཁྲིད་དེའི་སྟེང་ན་རྗེ་ཉིད་ཀྱིས་བོན་གསུང་མྱོང་བ་དང་། སློབ་མ་རྣམས་གྲལ་ལ་འཁོད་པའི་ས་ཆའི་རིམ་པ་རྣམས་ཐུགས་ཉམས་ལ་གསལ་བར་ཤར་ནས།[88] འོ་ལགས་[89]ངོ་མཚར་ཆེ་གསུངས་ནས་ཤིན་ཏུ་ཐུགས་དགྱེས་སོ། །ཞེས་བདག་གི་བླ་མ་དྲིན་ཅན་རྒྱལ་ཚབ་པས་གསུངས་སོ།།[90] དེས་ནི་འ་ཞ་བློ་གྲོས་རིན་པོ་ཆེའི་སྐྱེ་སྤྲུལ་ཡིན་པར་ཐེ་ཚོམ་མེད་ཅིང་།[91] སྤྱིར་ཡང་འ་ཞ་བློ་གྲོས་ཀྱི་གྲུབ་མཐའ་དེ་ཉིད་སྐྱོང་བར་མཛད།[92] དེའི་རྒྱུ་མཚན་གྱིས་འགྲོ་མགོན་བློ་གྲོས་ཀྱིས་བརྩམས་པའི་གསུང་རབ་མཐའ་ཡས་པ། སྟོད་སྨད་བར་གསུམ་ཀུན་ན་ཡོད་པ་རྣམས་ཀྱང་། རང་ཤུགས་ཀྱིས་ཕྱག་ཏུ་ཕེབས་སོ། །ཡང་རེ་ཞིག་གསེར་སྒོའི་ཉེ་འདབས་ནས་དམུ་རྒྱལ་ཉི་མའི་དབང་པོ་དང་རྗེ་གཉིས་ཀྱིས་བོན་བསྟན་གྱི་ལ་རྒྱར་དམིགས་ནས་ཉི་འོད་རྟར་བཞོན་ནས་ན་བཟའ་ཉི་མའི་སྲབ་མདར་བཀལ་བ་དང་། མཁའ་ལ་འཕུར་ནས་དབུ་ཞྭ་ཉི་མས་འཚིག་པ་སོགས་གྲུབ་རྟགས་བཞག་པར་མཛད།[93] ཡང་རེས་ཤིག་གི་ཚེ་ན་རྗེ་ཉིད་དཔོན་སློབ་རྣམས་ཕྱུག་མོ་དཔལ་རི་[94]ལ་བྱོན་པའི་ཚེ་ན། ལམ་དུ་སྡེ་པ་ཞིག་གིས་རྫོང་ལ་ཕྱག་ནས་འདེབས་པའི་ཞུ་བ་ཕུལ་ནས། རྫོང་དུ་སྤྱན་དྲངས། འབུལ་བ་མང་དུ་བྱས་ནས་ཕྱག་ནས་འཐོར་བར་མཛད་དོ། །ཕྱི་ནས་སྡེ་པ་དེ་ལ་དམག་འབུམ་ཚོ་ཙམ་གྱིས་བསྐོར་ཀྱང་རྫོང་ལ་གནོད་པ་སྨོས་ཀྱང་ཅི་དགོས། ཕྱག་ནས་ཕོག་ཚད་ལ་གནོད་པས་མ་ཚུགས་སོ། །དེ་ནས་ཡུལ་ཕྱོགས་དེའི་སྡེ་བ་འཁོར་བཅས་དམག་དམག་དང་བཅས་པ་རྣམས་དད་པ་སྐྱེས་སོ། །ཕྱི་ནས་སྡེ་བ་དེ་ཉིད་ཀྱིས་རྗེ་རིན་པོ་ཆེའི་སློབ་མར་གྱུར་ཚད་ལ་བཀུར་སྟི་ཡང་དག་པར་བྱེད་དོ། །དེས་ན་མཐུ་སྟོབས་བསམ་གྱིས་མི་ཁྱབ་པར་མངའ་བ་ལགས་སོ། །འཕྲལ་དུ་ངོ་མཚར་ཆེ་བའི་རྣམ་པར་ཐར་པ་མང་དུ་ཐོས་ཏེ། རེ་ཞིག་མ་བྲིས་སོ། །སྐབས་སུ་བོན་འཆད་པའི་ཚེ་ན་རྗེ་ཉིད་ཀྱི་ཞལ་ནས་འོ་ལགས་ཁོ་རེ་ཚོ་བོན་གང་དགོས་ཉན་ཤོག ང་ལྟ་བུའི་སྐྱེས་མཆོག་དང་འཕྲད་པ་བསོད་ནམས་ཆེ་བ་ཡིན། ཁྱེད་རང་ཚོ་ཕར་རྒྱུག་ཚུར་རྒྱུག་བྱ་ནི་མི་དགོས། གང་དགོས་ང་ལ་ཞུས་པས་ཆོག བོན་རྒན་ང་ཡིས་སྲོག་ལ་མ་བལྟས། ཕྱི་ནང་གསང་གསུམ་གྱི་ལུང་གི་བྱུང་ཁུངས་རྣམས་ལེགས་པར་བཙལ་ནས་དཀའ་བ་མང་དུ་བྱེད་དགོས་པར་བྱུང་གསུངས་སོ། །དེ་བས་ན་ལུང་རྣམས་ལ་བདེ་སླ་མི་ཆོག་པའི་བརྡ་རུ་ངེས་པར་གོ་དགོས། འཕྲལ་དུ་སྐུ་ཅུང་ཟད་བགྲེས་པ་དང་།[95] དགོང་ཇ་ཞལ་རེ་ཙམ་གསོལ་ནས་བཞུགས་པ་ཡང་། ཉི་མ་ཕྱེད་ཕན་ཆད་ལ་དུ་བ་མི་གཏོང་པར་ཁྲིམས་ཡིག་ལ་བལྟས་པས་ཆོག་མོད། ལར་རབ་ཏུ་བྱུང་བ་རྣམས་འདོད་པ་ཆུང་ཞིང་ཆོག་ཤེས་དགོས་པ་ཡིན། གྲུབ་ཆེན་གོང་མ་རྣམས་ཀྱིས་དམན་པའི་ས་འཛིན། ཧྲུལ་པོའི་གོས་གོན། ཕ་ཚན་གྱི་ཁེ་གྲགས་སྤངས། གཉེན་འདུན་གྱི་ཐག་པ་རྦད་ཀྱིས་བཅད་གསུངས་པ་ལྟར་དུ་དགོས་མོད། དེང་སང་གི་སློབ་གཉེར་བ་འགའ་ཞིག་གིས་ཇ་སུན་རེ་ཙམ་ལ་ཐུན་བཅག་པ་ལ་ཚེགས་མེད་གསུངས། ཡང་དུས་རེ་ཞིག་ཚེ་ན་དཔོན་སློབ་འགའ་ཞིག་དང་ཆས་ཏེ། ཕྱུག་མོ་དཔལ་རི་ལ་རིག་འཛིན་གྱི་སྒྲུབ་པ་མཛད་དུ་བྱོན་ནས། སྔ་སོར་གང་ཟག་མོས་གུས་དང་ལྡན་པ་མང་པོས་གསང་ཕུག་བཙལ་དུ་ཕྱིན་ཀྱང་ངེས་པ་མ་རྙེད། རྗེ་ཉིད་ནི་ཚེ་དབང་གི་སྤྲུལ་པའམ། བྱིན་གྱིས་བརླབས་པའི་སྐྱེས་བུ་ཡིན་པས། ངོ་མཚར་ཆེ་བའི་རྟགས་དུ་མ་ཞིག་དང་ལྡན་པ། ཉམས་དགའ་བའི་གནས་ངེས་པ་ཅན་ཞིག་རྙེད་དོ། །སྒྲུབ་པ་ལ་ཞུགས་ནས་རྗེ་ཉིད་ཀྱིས་ཚེ་དབང་གི་ཞལ་གཟིགས་ཤིང་གནས་ཆེན་བརྒྱད་ཀྱི་[96]སྒོ་ནས་བསྟོད་པ་མཛད། ཡང་པོམ་རའི་སྒྲུབ་པ་མཛད་པའི་ཚེ་ན། སྔར་བསོད་བློ་རིན་པོ་ཆེས་སྒྲུབ་པ་བཞིན་དུ་ཀུན་བཟང་གི་སྒྲུབ་པ་མཛད་དུས་པོམ་རའི་ཞལ་གཟིགས་པ་དང་། པོམ་རའི་སྒྲུབ་པ་མཛད་དུས་ཀུན་བཟང་གི་ཞལ་གཟིགས་པ་རྣམས་ནི། རྗེ་ཉིད་ལ་ཅི་ལྟ་བ་བཞིན་ཏེ། གཟིགས་སྣང་གི་བཀོད་པ་གཅིག་ཏུ་འདུག་གོ །ཡང་རྗེ་རིན་པོ་ཆེ་ཉིད་ལ་མོ་རྩེའི་བཟང་[97]མཚོ་གོང་ན་བཞུགས་པའི་དུས་སུ། སྨྲ་བའི་སེང་གེ་དང་། ཀེང་ཙེ་ལན་མེད་ཀྱི་སྒྲུབ་པ་མཛད་པའི་དུས་སུ། བསྟན་པའི་བདག་པོར་འོང་པའི་རྟགས་སུ། ཉི་ཟླ་ཁོང་དུ་སོང་བར་རྨིས་པ་དང་། མཁའ་ལ་བྱ་བཞིན་འཕུར་བ་དང་། ས་ལ་མེ་ཏོག་འཐུ་པ་དང་། དེ་སོགས་ཡ་མཚན་ཆེ་བའི་རྨི་ལམ་མང་དུ་བྱུང་ངོ་། །སྲིད་རྒྱལ་དྲེལ་ནག་གི་ཞལ་གཟིགས་ཀྱང་དེའི་དུས་སུ་བྱུང་བ་ཡིན། ཞེས་སོགས་ཡིད་ཆེས་པའི་སློབ་མ་དག་གི་གསུང་ལས་ཐོས་སོ། །ཁྱད་པར་མི་བདུད་ནི་སྐྱེ་བ་སྔ་མ་རྣམས་སུ་ཡང་བསྟེན་ཅིང་བསྒྲུབས་ནས་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་དང་། སྐྱེ་བ་འདི་ལ་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་། མི་དང་མི་གཏམ་པ་བཞིན་དུ་ཕྲིན་ལས་གང་བཅོལ་བ་ཐམས་ཅད་རྗེ་ཉིད་ཀྱིས་ཅི་ལྟར་གསུངས་པ་ཐམས་ཅད་མྱུར་དུ་སྒྲུབ་པར་བྱེད་དོ། །དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུ་ཤིང་བྱ་ལོའི་སྟེང་དུ།[98] སྨན་རི་བཏབ་ནས་ལོ་སྐོར་བཅུ་གཅིག་གི་བར་དུ།[99] གནས་དེ་ཉིད་དུ་ཞབས་བརྟན་པར་བཞུགས་སོ། །དེ་ནས་རྗེ་ཉིད་ཀྱི་སློབ་མ་མཁས་པ་ཆེན་པོ་མང་དུ་ཡོད་ཀྱང་། རྒྱལ་ཐེབས་སུ་བསྐོས་པ་ལ་རེ་ཞིག་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། མེ་ཉག་བསོད་ནམས་རྒྱལ་མཚན་གཉིས་སོ།།[100] དེ་ལས་རྒྱལ་ཚབ་དམ་པ་དེ་ཉིད་ཀྱིས་བཤད་སྒྲུབ་གཉིས་ཀ་རྗེ་ཉིད་ཀྱིས་ཅི་ལྟར་མཛད་པ་ལྟར་སྲོལ་ལེགས་པར་བཙུགས་སོ།།
དེ་དག་འདི་སྐད་དེ།
བརྒྱ་བའི་མགོན་པོ་གཉིས་པ་བསྟན་འགྲོའི་མགོན། །
བརྡ་དང་དངོས་ཀྱི་ལུང་བསྟན་ཐ་དག་གིས། །
བསྟན་པ་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་བཞེས། །
མཉམ་མེད་ཤེས་རབ་རྒྱལ་མཚན་བརྗོད་དཀའ་བ། །
འཛམ་གླིང་ས་སྟེང་དབྱར་རྔ་ལྡིར་བའི་ཚེ། །
བསྟན་འཛིན་མདོངས་མཐའི་ཚོགས་རྣམས་དགྱེས་དགུས་བྲེལ། །
ཞེས་པ་ལྟར་རྒྱལ་བ་དངོས་དང་མཚུངས་པའོ།།[101]
ལྔ་པ་འགྲོ་དོན་མཐར་ཕྱིན་པའི་ཚུལ་ལ་གཉིས་ཏེ། འགྲོ་དོན་རྫོགས་པའི་དུས་དང་རྗེས་བཞག་གི་རིམ་པའོ། །དང་པོ་ནི། རྗེ་རིན་པོ་ཆེ་ཉིད་[102]མེ་ཕོ་སྤྲེལ་ལོ་ཡིན་པས། དགུང་ལོ་དྲུག་ཅུའི་སྟེང་དུ་ཤིང་མོ་ལུག་གི་ལོ། དབྱར་ཟླ་འབྲིང་པོའི་མར་ངོ་ལ་བླ་བྲང་དུ་སྒྲུབ་པ་མཛད། ཐ་ཆུང་གི་དཀར་ངོའི་ཚེས་པ་གཅིག་ནས། རྗེ་རིན་པོ་ཆེ་ཉིད་ཀྱིས་འོ་ཅག་ཆུ་འགོ་ཕུག་ལ་འགྲོ་དགོས་གསུངས་ནས།[103] སློབ་མ་འགའ་ལ་བོན་སྙན་བརྒྱུད་ཀྱི་འཆད་[104]ཐུན་བཙུགས་ཏེ་གཟིམ་ཐེར་ཕུབ་ནས་བཞུགས་སོ། །སྨད་ནས་རྒྱལ་ཚབ་དམ་པས་བཤད་ཉན་མཛད། དེ་ནས་ཞག་གྲངས་ཅི་རིགས་ནས་ས་གཡོ་བ་དང་། ཕན་ཚུན་རི་རྣམས་ངུར་བ་དང་། མཚན་མོར་འཇའ་ཟུག་པ་ལ་སོགས་མང་དུ་བྱུང་ངོ་། །ཅི་ཞིག་ན་རིན་པོ་ཆེ་ཡི་ཕྱོགས་སྐུ་ལ་བསྙུང་གཞི་ཅུང་ཙམ་བྱུང་བ་འདྲ་བས། སྐབས་སུ་བོན་འཆད་པའི་ཚེ་ན། བསྟན་པ་ལ་ཨེ་ཕན་སྙམ་ན་འཆད་ཉན་དགོས་པ་ཡིན། ཕྱོགས་ཕྱོགས་ཀུན་ནས་འཆད་ཉན་ལ་འབད་དགོས་གསུངས། ཉིན་ལ་སློབ་མ་རྣམས་ལ་བོན་བཤད། མཚན་ལ་མི་མ་ཡིན་དང་ཀླུ་རྣམས་ལ་བོན་བསྟན་ཅིང་། སྨོན་ལམ་བཏབ་པར་མཛད། སྦས་པའི་ཚུལ་གྱིས་རྒྱལ་ཚབ་དམ་པ་ལ་ལུང་བསྟན་ཅི་རིགས་པར་མཛད། འདི་ལྟར་ཁྱེད་ལ་དང་པོ་བསྟན་པ་ཚུགས་པར་དཀའ་བ་ལྟ་བུ་འོང་ཞིང་། ཕྱི་ནས་བསྟན་པ་དར་རྒྱས་སུ་འགྲོ་བ་ཡིན། སྐབས་སུ་ན་ཚ་ལ་སོགས་ལན་ཅི་རིགས་པར་འོང་སྟེ། ཕུར་པའི་སྒྲུབ་པ་རེ་གྱིས་དང་མི་སྐྱོན། ནམ་ཞིག་ལོ་དྲུག་ཅུ་ཁ་རལ་ཙམ་ལ་བབས་པའི་ཚེ་ན་ངེས་པ་མེད་གསུངས་སོ། །ཕྱི་ནས་རྒྱལ་ཚབ་དམ་པ་ཆེན་པོས། ལུང་བསྟན་ཅི་ལྟ་བ་བཞིན་དུ་ཐོག་ཏུ་ཕེབ་པར་བྱུང་གསུངས་སོ། །དེ་ནས་སྐུ་རིམ་ལ་སོགས་མང་དུ་མཛད་ནས། བསྟན་དང་འགྲོ་བའི་མགོན་དུ་གདུལ་བྱ་རྣམས་ཀྱིས་མྱ་ངན་ལས་མི་འདའ་བར་བཞུགས་པའི་གསོལ་བ་བཏབ་བོ། །དེ་ལྟར་ཡང་ཚེས་པ་བདུན་གྱི་དགུང་མོར་ཐུགས་དམ་ལ་བཞུགས་པའི་ཚེ་ན། ཉེ་གནས་རྣམས་ལ་འཁར་སིལ་དང་། རྣམ་སྦྱར་དང་། ལྷུང་བཟེད་རྣམས་ང་ཡི་རྩར་[105]ཞོག་གསུངས། ཚེས་བརྒྱད་ཀྱི་ཐོ་རངས་སྐྱ་རེངས་ཤར་ནས། ཐུན་མཛད་དེ་པད་ཞུ་དང་སྣམ་སྦྱར་ན་བཟའ་རྣམས་མི་འཁྲུགས་པར་གསོལ་ཅིང་། རྗེ་ཉིད་ཀྱི་ཞལ་ནས། ཡར་མེ་བ་ཆེན་པོ་ཡང་བོན་འཆད་པའི་ངང་དུ་གཤེགས་པ་ཡིན་པས། བདག་ཀྱང་དེ་ལྟར་བྱེད་གསུངས་ནས། བོན་སྤྱོད་དགུ་རིམ་རྣམས་ངེས་པར་ཚར་ནས། གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད་ཀྱི་སྐབས་དེར། སྤྱན་དར་ཙམ་ནམ་མཁའ་ལ་གཟིགས་ཏེ་དེ་ནས་རིང་པོར་མ་ལོན་པར་བདེ་བར་གཤེགས་སོ། །འདི་དག་ནི་རྒྱལ་ཚབ་ཉིད་ཀྱིས་ཞལ་གསུངས་རྣམས་བཀོད་དོ།།
འདི་དག་ལ་འདི་སྐད་ཅེས།
བསྟན་པ་མཐར་ཕྱིན་འགྲོ་བའི་མགོན་པོ་ཉིད། །
རྟག་པ་ཐེར་ཟུག་ལོག་ལྟ་སུན་འབྱིན་དང་། །
གདུལ་བྱ་ཞིང་ཁམས་གཞན་དུ་དགོངས་པའི་ཕྱིར། །
རེ་ཤིག་མྱ་ངན་འདའ་དགོངས་སྙུང་ཚུལ་བསྟན། །
བླ་མ་ཡི་དམ་མཁའ་འགྲོ་མང་པོ་ཡིས། །
འཇའ་འོད་ལམ་མཚོན་རོལ་མོས་སྣ་དྲངས་ནས། །
ནུབ་ཕྱོགས་སྟག་གཟིག་ཡུལ་གྱི་ཞིང་ཁམས་སུ། །
གཤེན་གྱི་རྒྱལ་ཚབ་ཉིད་དུ་སྤྱན་དྲངས་སོ། །
ད་ལྟ་མོད་ཀྱི་བསྟན་པའི་གཙོ་བོ་ཡང་། །
བརྒྱ་བའི་དུས་ན་རང་གནས་དམ་པར་གཤེགས།།
གཉིས་པ་རྗེས་བཞག་གི་རིམ་པ་ནི། དེ་ནས་ཞག་ཅི་རིགས་ལ་སྐུ་ཁམས་བསྙེལ་བའི་ལུགས་སུ་བྱས། དེ་ནས་གདུང་བླ་བྲང་དུ་གདན་དྲངས་ནས། རྗེས་མཇུག་བུ་སློབ་རྣམས་ཀྱི་དད་པའི་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་གསེར་བུམ་བཞེངས་པའི་ནང་དུ་བཞུགས་སོ། །དེའི་ཚེ་ན་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་པ་དང་། ཀླད་ན་རྒོད་ལྡིང་བ་དང་། གཞའ་ཚོན་གྱི་གུར་ཕུབ་པ་ལས་སོགས་བྱུང་། དེ་ནས་དགུང་ཞག་བཞི་བཅུའི་བར་དུ་ཉིན་རེ་བཞིན་དུ་མང་ཇ་གསུམ་རེ་ཙམ་དང་། མཆོད་པའི་བྱེ་བྲག་མང་དུ་ཕུལ་ལོ། །ཕྱིས་བྱ་ལོ་ལ་སྤུར་དང་པོའི་ཚེས་ལྔར་བཞུས་ཏེ་རྟེན་རིང་བསྲེལ་མང་དུ་བྱོན།[106] དེ་ནས་ཕྱི་རབས་རྣམས་འདྲེན་པའི་སླད་དུ། སྐུ་ཡི་རྟེན་དུ་རྗེ་ཉིད་ཀྱི་གསེར་སྐུ་མདངས་ལྡན།[107] གསུང་གི་རྟེན་དུ་མདོ་གཟེར་མིག་ལ་སོགས་གསུང་རབ་མཐའ་ཡས་པ་རྣམས་དང་། ཐུགས་ཀྱི་རྟེན་དུ་རྣམ་པར་རྒྱལ་བའི་མཆོད་རྟེན།[108] གཞལ་དུ་མེད་པའི་བྱིན་རླབས་དང་ལྡན་པ་རྣམས། རྒྱལ་ཚབ་དམ་པ་དེ་ཉིད་ཀྱིས་ལེགས་པར་གྲུབ་པར་མཛད་དོ། །རྟེན་དེ་རྣམས་ཀྱི་དྲུང་དུ་མར་མེ་ཕུལ་བའི་ཚེ།[109] འཛིན་ཞིང་སྣང་བ་མངོན་སུམ་གྱིས་གྲུབ་བོ།།
ལེགས་པར་འདི་སྐད་ཅེས།
རྗེ་ཉིད་གང་དུ་འཁྲུངས་པའི་ས་དག་ལ། །
གདུལ་བྱ་སློབ་མའི་ཚོགས་རྣམས་ཐམས་ཅད་ཀྱང་། །
ཁྱེད་ཀྱི་ཐུགས་རྗེས་ནམ་ཡང་མི་གཏོང་བར། །
འཕྲིན་ལས་བཟང་པོས་རྟག་ཏུ་བསྐྱོང་བར་མཛོད།།
གཉིས་པ་ཐུན་མོང་མ་ཡིན་པའི་རྣམ་ཐར་ནི། དེ་ཡང་འདི་ལྟར་སྐྱེས་བུ་དམ་པ་འདི་ཉིད་རྒྱལ་བའི་རྣམ་སྤྲུལ་ཡིན་པར་ངེས་ཏེ། ཁ་བྱང་ལས། སྟོང་རྒྱུང་ང་ཡི་སྤྲུལ་པ་ལ། །སྤྱན་ལ་ཐོགས་མེད་བྱ་བ་འབྱུང་། །འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན། །ཞེས་དང་། དྲན་པ་ང་ཡིས་བྱིན་བརླབས་པའི། །ཤེས་རབ་མིང་ཅན་བདུན་བརྒྱུད་འབྱུང་། །ཚད་གསུམ་ཟུང་འབྲེལ་འགྲོ་བ་འདྲེན། །ཞེས་དང་། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། འདུལ་འཛིན་གྱི་སྐྱེས་བུ་རྣམས་ནི།[110] རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྲུལ་པ་དང་། བྱིན་རླབས་དང་འོད་ཟེར་དུ་ལུང་དུ་བསྟན་པ་ཡིན། གསུངས་པ་དང་། གཞན་ཡང་གྲུབ་ཐོབ་འགའི་ལུང་བསྟན་ཡོད་པར་སྣང་ངོ་། །ཞེས་སོགས་ལུང་བསྟན་ལ་མངའ་བརྙེས་ཤིང་།[111] རིག་པ་འཛིན་པའི་ས་ལ་བཞུགས་སོ། །འོན་ཀྱང་རིགས་པས་དཔྱད་ན་དོན་དུ་ཕྱི་ལྟར་དྲང་སྲོང་རྒྱལ་བ། ནང་ལྟར་གསང་བ་འདུས་པ། གསང་བ་ལྟར་ཀུན་བཟང་གི་དགོངས་པ་རྩེར་ཆིབས་པའོ།།[112] དེ་ལྟར་རྣམ་པར་ཐར་པ་འདི་ཡང་།[113] བློ་བཟོ་དང་ཚོད་ཡོད་[114]མ་ཡིན་པར་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་ཞབས་ཟུང་ཡུན་རིང་དུ་བསྟེན་པར་བྱས་པ། ཐུགས་ཀྱི་བུམ་པ་གང་བྱོའི་ཚུལ་དུ་གྲུབ་པ་རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་མཚན་གྱི་གསུང་ལས་ཐོས་པ་རྣམས་དང་། མཁས་གྲུབ་ཤེས་རབ་སེང་གེ་[115]ཡིས་མཛད་པའི་ཨ་ཁྲིད་ཀྱི་རྣམ་ཐར་ཟུར་ཙམ་བརྟེན་པ་དང་། བཤེས་གཉེན་དམ་པ་མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་གསུངས་པ་རྣམས་དང་། གཞན་ཡང་རྗེ་རིན་པོ་ཆེ་ཉིད་ཀྱི་ཉེ་གནས་སློབ་མ་འགའ་ལ་གསུངས་པ་རྣམས་ཀྱང་།[116] ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་པ་ལགས་སོ།།[117]
སངས་རྒྱས་སེམས་དཔའ་རྣམས་ཀྱི་མཛད་ཚུལ་ཤེས་དགོས་མོད། །
ད་རུང་སྒྲུབ་པར་མི་ནུས་ནམ་ཞིག་ནུས་ཙམ་ན། །[118]
འབད་པར་བྱ་སྙམ་དེ་ཡི་རྒྱུ་མཐུན་འབྲས་བུ་ཡིས། །[119]
སྐྱེ་བ་གཞན་རྣམས་དག་ཏུ་དེ་ལྟར་འགྱུར་བ་ན། །
གཡེལ་བ་[120]མེད་པར་སྒོ་གསུམ་དགེ་ལ་འབད་པར་བྱ། །
མཁས་གྲུབ་ཁྱེད་ཀྱི་ཡོན་ཏན་དཔག་པར་དཀའ། །
ཅུང་ཟད་འདི་བཀོད་བདག་གིས་དཔེར་བརྗོད་ན། །
ཟད་མེད་རྒྱ་མཚོའི་ངོགས་ལས་ཆུ་ཐིགས་ཙམ། །
ཅི་བཞིན་བརྗོད་པར་མ་ནུས་ཉེས་པ་གང་། །
མཁྱེན་ལྡན་མཁས་པའི་ཚོགས་ལ་བཟོད་པར་གསོལ། །
དགེ་བ་འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ། །[121]
འདི་ནས་[122]རྣམ་མཁྱེན་མངོན་དུ་མ་བྱས་བར། །[123]
འཕྲོ་བཟང་བསྟན་པ་འདི་དང་མཇལ་བའི་དོན། །
བདག་ཀྱང་ཁྱེད་ཀྱི་རྗེས་སུ་རབ་འབྲང་སྟེ། །
བོན་གྱི་སྙིང་ཁུ་བདུད་རྩི་ལེན་པ་དང་། །[124]
རང་གཞན་གཉིས་དོན་སྐུ་གསུམ་ཐོབ་གྱུར་ཅིག །
སྐྱབས་གནས་ལྷ་དང་བཀའ་སྲུང་མཐུ་བྱིན་གྱིས། །
ཕྱོགས་བཅུའི་འཇིག་རྟེན་འབྱམས་མཐའ་ཡས་ནས། །[125]
རྣམ་ཐར་ཕྲིན་ལས་ནམ་མཁའི་ཆར་བཞིན་དུ། །[126]
ཀུན་ཁྱབ་བཀྲ་ཤིས་ཡོངས་སུ་དར་རྒྱས་ཤོག །
ཅེས་པའི་ཚུལ་འདི་ནི་རྒྱལ་བའི་སྲས་པོ་མཉམ་མེད་དམུ་ལ་འདུལ་བ་རིན་པོ་ཆེ་དང་། རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་མཚན་[127]གཉིས་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པའི་མང་དུ་ཐོས་པའི་བཙུན་པ་གྲགས་པ་རྒྱལ་མཚན་ལ། རྗེ་ཉིད་ལ་དད་པ་ཐོབ་པའི་སློབ་མ་མང་པོ་ཞིག་གིས་བསྐུལ་ནས། བོད་ཀྱི་འབུམ་འགྱུར་དུས་ཁྱད་པར་ཅན་ལ་བཀྲ་ཤིས་ཁང་གསར་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།[128] བཀྲ་ཤིས།། །།
དགེ་བཤེས་ཕུན་ཚོགས་ཉི་མས་མཐུན་འགྱུར་གནངས།
[1] ཤིན་ཧཱ།༢༠༣ བཀའ་བརྟེན། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་མཁས་གྲུབ་སྤྱན་གཅིག་པའི་རྣམ་ཐར་པདྨོའི་བཕྲེང་བ། ཞེས་གསུངས།
[2] ཤིན་ཧཱ།༡༥༢ བཀའ་བརྟེན། རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་པདྨོའི་འཕྲེང་བ་ཞེས་བྱ་བ་བཞུགས། ཞེས་གསལ།
[3] ཤིན་ཧཱ།༢༠༣ བཀའ་བརྟེན། བསྟན་པ་ལ་ཞུགས་སུ་གསོལ་བའོ།། ཞེས་གསུངས།
[4] ཤིན་ཧཱ།༢༠༣ བཀའ་བརྟེན་དང་ཤིན་ཧཱ།༡༥༢ བཀའ་བརྟེན་དུ། ཤར་རྒྱལ་མོ་རོང་རྒྱལ་མོ་དངུལ་ཆུའི་འགྲམ། ཞེས་གསུངས།
[5] ཐོབ་གསར་ལྟར་ སྟེགས་སྐྱོག་ ཤིན་ཧཱ། ༡༥༢ བཀའ་བརྟེན། ཤིན་ཧཱ། ༢༠༣ སྟེགས་མཆོག་ ཅེས་པ་ཡོད་ཀྱང་འདིར་སྟེགས་ཅོག་དུ་བཅོས་ཡོད།
[6] ཤིན་ཧཱ། ༡༥༢ བཀའ་བརྟེན། མེ་ཕོ་སྤྲེའུ་ལོ། དུས་ཁྱད་པར་ཅན་ལ་སྐུ་འཁྲུངས་སོ།། ཞེས་གསུངས། ཤིན་ཧཱ། ༢༠༣ མེ་ཕོ་སྤྲེལ་ལོ། དུས་ཁྱད་པར་ཅན་ལ་སྐུ་འཁྲུངས་སོ།།ཞེས་གསུངས།
[7] ཤིན་ཧཱ།༢༠༣ བཀའ་བརྟེན། ཆུང་ནས་བློ་རྩལ་ལྡན་ཞིང་རྒྱུའི་བོན་བཞི་ལ་མཁས་པར་སྦྱངས་སོ།། ཞེས་གསུངས།
[8] ཤིན་ཧཱ། ༡༥༢ བཀའ་བརྟེན། གསུམ་པ་ ཞེས་གསུངས།
[9] ཤིན་ཧཱ།༢༠༣ བཀའ་བརྟེན། གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་ཁྱིམ་པའི་རྟགས་དོར་ནས་རབ་ཏུ་བྱུང་པའི་རྟགས་ལེན་པར་མཛད་དོ། །ཞེས་གསུངས།
[10] ཤིན་ཧཱ།༢༠༣ བཀའ་བརྟེན། བྷེ་དྲང་སྲོང་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་འ་ཞའི་དགོངས་དོན་ལྟར་ཚར་གཅིག་གསན། ཞེས་གསུངས།
[11] ཐོབ་གསར་ གསལ་ལམ་ ཞེས་གསུངས།
[12] ཤིན་ཧཱ།༢༠༣ བཀའ་བརྟེན། རྨེའུ་ ཞེས་པ་དེ་མེད།
[13] ཤིན་ཧཱ།༢༠༣ བཀའ་བརྟེན། བཀྲ་ཤིས་པའི་ཚིགས་སུ་བཅད་པ་ལ་སོགས་འབུམ་སྡེ་མང་དུ་གསན། ཞེས་གསུངས།
[14] ཤིན་ཧཱ།༢༠༣ བཀའ་བརྟེན། ཉི་མའི་འོད་ཀྱིས་ཟླ་བ་ཟིན་གནོན་ལྟར་གཞན་གྱི་སྤོབས་པ་གཞོམ་པར་བྱས་སོ།། ཤིན་ཧཱ།༡༥༢ བཀའ་བརྟེན། ཉི་མའི་འོད་ཀྱིས་རྒྱུད་སྐར་ཟིན་གནོན་ལྟར་གཞན་གྱི་སྤོབས་པ་གཞོམ་པར་བྱས་སོ།། ཞེས་གསུངས།
[15] ཐོབ་གསར་ མཐའ་ཞི་ ཞེས་གསུངས།
[16] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ།༡༥༢ ཅན་དུ་པ་ཝལ་ ཞེས་གསུངས།
[17] ཐོབ་གསར་ རོང་སྟོན་ཆེན་པོ་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ་ཚད་མ་རྣམ་འགྲེལ་ལ་སོགས་བོན་ཆོས་མང་དུ་གསན་ཞིང་། ལུགས་དེ་ལ་བརྟེན་ནས་ཆོས་ལ་མཁས་པར་མཛད། ཞེས་གསུངས།
[18] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། བླ་མ་སྣང་ལྡན་པའི་དྲུང་དུ་ཁྱུང་དམར་གྱི་སྐོར་ལས་ཀྱི་ཁ་ཚར་དང་བཅས་པ་རྣམས་གསན། ཞེས་གསུངས།
[19] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། ཡོངས་འཛིན་མཁས་གྲུབ་དུ་མའི་རྗེས་བཟུང་ཞིང་། །ཞབས་ཀྱི་པད་མོ་གུས་པས་རབ་བསྟེན་ནས། །ཕྱི་ནང་གསང་གསུམ་རྒྱུད་ལུང་མང་དུ་གསན། །ཐོས་པ་རྒྱ་མཚོ་མི་ལུས་བསམ་ལེགས་འདྲ། །མང་ཐོས་མཁས་གྲུབ་རྗེ་ལ་གུས་པས་འདུད།། ཅེས་གསུངས།
[20] ཤིན་ཧཱ།༡༥༢ བཀའ་བརྟེན། བཀའ་དང་བརྟེན་པ་ ཞེས་གསལ།
[21] ཤིན་ཧཱ།༢༠༣ བཀའ་བརྟེན། སྤྱིར་བདེ་བར་གཤེགས་པའི་གསུང་རབ་བརྟེན་པ་བོན་དུ་གྱུར་ཚད། ཞེས་གསལ།
[22] ཤིན་ཧཱ།༡༥༢ བཀའ་བརྟེན། གཞུང་ལུགས་བཅུ་ཕྲག་གསུམ་ཙམ་ལ། ཞེས་གསལ།
[23] ཤིན་ཧཱ།༢༠༣ བཀའ་བརྟེན། དེ་ལ་སོགས་གཞུང་ལུགས་བཅུ་ཕྲག་ཙམ་ལ། འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ། སྒྲུབ་པའི་སྐོར་ལ་གསང་སྔགས་ཀྱི་གཞུང་ལུགས་གཉན་པོ་རྣམས་ ཞེས་པ་དེ་མེད།
[24] ཐོབ་གསར་ཅན་དུ། དབལ་མོ་ལས་ཐིག་གི་ལས་སོགས་བསྟན་སྲུང་གི་སྐོར་དང་། ཞེས་པ་གསུངས།
[25] ཐོབ་གསར་ཅན་དུ། ཉམས་ལེན་ལྔ་སྐོར་དེ་ལ་སོགས་རེས་མོའི་ཚུལ་དུ་འཆད་དོ།། ཞེས་གསུངས།
[26] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ དྲུང་རིན་པོ་ཆེ་འདི་ལས་མང་བ་མེད་དོ།། ཞེས་པ་གསུངས།
[27] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། སྔོན་ཚེ་སྐྱེ་བ་གྲངས་མེད་རྣམས་སུ་ཡང་། །རྒྱལ་བའི་གསུང་རབ་རྣམས་ལ་ལེགས་སྦྱངས་ཤིང་། །དུས་འདིར་མདོ་རྒྱུད་གསུང་རབ་གང་ལ་ཡང་། །གཟིགས་པ་ཙམ་གྱིས་ཅི་བཞིན་ལེགས་རྟོགས་ནས། །སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་ཚུལ། །ཐར་འདོད་སྐལ་ལྡན་རྣམས་ལ་སྟོན་མཛད་པའི། །མཁྱེན་རབ་མཚུངས་མེད་བླ་མའི་ཞབས་ལ་འདུད།། ཞེས་གསུངས།
[28] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། གཉིས་པ་སློབ་མ་ཅི་ལྟར་བྱུང་བ་ནི། ཞེས་གསུངས།
[29] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། འཕྲུལ་ངག་བདེན་པའི་བོན་རྒྱ་མཚོ་ལྟ་བུའི་དབུས་ན་བཞུགས་ནས། ཞེས་གསུངས།
[30] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་མཚན་དང་། ཞེས་གསུངས།
[31] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། མངའ་རིས་བསོད་ནམས་རྒྱལ་མཚན་གཉིས། ཞེས་པ་དེ་མེད།
[32] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། གྲལ་ཐོག་ ཞེས་གསུངས།
[33] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། བསྟན་པའི་དར་ཆེན་མཁས་གྲུབ་ཆེན་པོས་འཕྱར། །སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། །རྒྱལ་བའི་བསྟན་པ་སྟོད་སྨད་ཀུན་ཏུ་དར། །སྙིགས་མའི་དུས་འདིར་བོན་གྱི་བསྟན་པ་ལ། །དཔག་མེད་བཀའ་དྲིན་ཆེ་བ་ངོ་མཚར་ཆེ།། ཞེས་གསུངས།
[34] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། ཡིན་ལ། ཞེས་གསུངས།
[35] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། སྙེ་ཐང་བདེ་བ་ཅན་དང་། འབྲས་ཡུལ་སྐྱེད་ཚལ་དང་། ར་བ་སྟོད་དང་། ན་ལེནྡྲ་ལ་སོགས་སུ་རྩོད་སྐོར་བྱོན་པས།ཞེས་པ་དེ་མེད།
[36] ཤིན་ཧཱ།༡༥༢ བཀའ་བརྟེན། ཞེས་གསུངས་པས། དེས་ན་དགག་བྱ་ཆེ་བ་རྣམ་བཞག་རྣམས། ཞེས་གསལ།
[37] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། མང་ཐོས་ཟབ་རྒྱས་ལུང་རིགས་སྦྱོར་བ་ཡིས། །རང་གཞུང་སྒྲུབ་དང་གཞན་གཞུང་སུན་འབྱིན་པའི། །ཚད་ལྡན་མཁས་པའི་གཞུང་ལུགས་མི་ཉམས་ཕྱིར། །རིག་པའི་གནས་བརྒྱད་འཕྲོ་བའི་འོད་དཀར་ཅན། །ངོ་མཚར་ལེགས་བཤད་མདངས་གསལ་དིང་འདིར་ཤར། །རང་གཞན་ཀུན་ལ་མཁས་པ་ཕལ་ཆེར་དང་། །ལེགས་པར་རྩོད་ཅིང་རྒྱལ་བའི་སྤོབས་པ་ཐོབ།། ཞེས་གསུངས།
[38] ཤིན་ཧཱ།༡༥༢ བཀའ་བརྟེན། ཁམས་སྡུད་ཀྱི་འགྲེལ་པ་ས་བཅད་དང་བཅས་པ། ཞེས་གསལ།
[39] ཤིན་ཧཱ། ༡༥༢ བཀའ་བརྟེན། ཤིན་ཧཱ། ༢༠༣ བཀའ་བརྟེན་ལྟར། ཐེག་རིམ་གྱི་འགྲེལ་པ་གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ཅེས་གསུངས།
[40] ཤིན་ཧཱ། ༡༥༢ བཀའ་བརྟེན། ཤིན་ཧཱ། ༢༠༣ བཀའ་བརྟེན་ལྟར། བདེན་གཉིས་ཀྱི་འགྲེལ་པ་དང་། ཞེས་གསུངས།
[41] ཤིན་ཧཱ།༡༥༢ བཀའ་བརྟེན། གཟུངས་སྒྲུབ་རིན་ཆེན་གཏེར་སྤུངས། ཕྱག་བཞེས་ཉི་མའི་དཀྱིལ་འཁོར། ཞེས་པ་དེ་མེད།
[42] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དབལ་གསས་ཀྱི་དབང་། ཞེས་པ་དེ་མེད།
[43] ཤིན་ཧཱ།༡༥༢ བཀའ་བརྟེན། ཞི་གཅོད་ལ་ཏིང་འཛིན་ལྔ་ཙོ་ལྔ་འགྱུར་ཚིག་བཤད་དང་། ཞེས་གསལ། ཤིན་ཧཱ།༢༠༣ བཀའ་བརྟེན། ཞི་གཅོད་ལ་ཏིང་འཛིན་ལྔ་གཙོ་ལྔ་འགྱུར་ཚིག་བཤད་དང་། ཞེས་གསལ།
[44] སྟེང་དགོན་བཀའ་བརྟེན་དཔེ་རྙིང་པོད་གྲངས་༩༨ནང་དུ་བཞུགས་པའི་«ཡུལ་མཆོག་གནས་བཞིའི་བསྟོད་པ་བྱིན་རླབས་ཆར་འབེབས།» ཞེས་པ་དེ་དང་གཅིག་པ་ཡིན་མིན་དཔྱོད།
[45] ཤིན་ཧཱ།༡༥༢ བཀའ་བརྟེན། མཁའ་འགྲོའི་སྤྱི་བསྟོད། ཤིན་ཧཱ།༢༠༣ བཀའ་བརྟེན། མཁའ་འགྲོ་བསྟོད་པ། ཞེས་གསུངས།
[46] ཐོབ་གསར། སྨོན་ལ་བྱང་སེམས་གབ་པའི་སྨོན་ལམ། ཞེས་གསུངས།
[47] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། ལེགས་བཤད་འོད་ཀྱིས་སྣང་གསལ་རྒྱས་པར་མཛོད།། ཅེས་གསུངས།
[48] ཤིན་ཧཱ།༡༥༢ བཀའ་བརྟེན། སྨད་རྒྱ་མོ་དར་རྩེ་ཡན་ཆད་ཀྱིས་དབེན་གནས་ ཞེས་གསུངས། ཤིན་ཧཱ།༢༠༣ བཀའ་བརྟེན། སྨད་རྒྱལ་མོ་དར་རྩེ་ཡན་ཆད་ཀྱི་བོན་ ཞེས་གསུངས།
[49] ཤིན་ཧཱ།༢༠༣ བཀའ་བརྟེན། དེ་ནས་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་ཀྱི་དྲུང་དུ། ཞེས་གསུངས།
[50] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེ་ནས་བཟུང་སྟེ་སློབ་མ་ཤེས་རབ་ཅན་མང་པོ་ལ་བཤད་ཉན་གྱི་དབུ་བཙུགས་ནས་ཐམས་ཅད་མཁྱེན་པའི་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པར་མཛད་དོ།། ཞེས་གསུངས།
[51] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ། ༢༠༣ བཀའ་བརྟེན། སླར་ཡང་་ཞེས་པ་དེ་མེད།
[52] ཤིན་ཧཱ།༡༥༢ བཀའ་བརྟེན། གཞན་ཡང་ ཞེས་པ་དེ་མེད།
[53] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། འགྲོ་ཀུན་བདེ་ལེགས་ས་ལ་བཀོད་པ་དང་། །བསྟན་པ་རིན་ཆེན་རྒྱས་པར་བྱ་བའི་ཕྱིར། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་རབ་གནས་ཤིང་། །རྨད་བྱུང་སྤྱོད་པའི་ཁུར་ཆེན་མི་ངལ་ཞིང་། །བསྟན་པའི་མངའ་བདག་ཁྱེད་ལ་གུས་པས་བསྟོད།། ཅེས་གསུངས།
[54] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། ཐུགས་མ་བཞེད་ ཅེས་པ་དེ་མེད།
[55] ཐོབ་གསར་ བཤེས་གཉེན་ ཞེས་གསུངས།
[56] ཐོབ་གསར་ དཀར་ངོས་ ཞེས་གསུངས།
[57] ཐོབ་གསར་ མར་ངོས་ ཞེས་གསུངས།
[58] ཐོབ་གསར་ལྟར་སྟེགས་སྐྱོགས་སུ་ཡོད་ཀྱང་སྟེགས་ཅོག་དུ་ཞེས་པར་བཅོས་ཡོད།
[59] ཤིན་ཧཱ།༢༠༣ བཀའ་བརྟེན། ཤིན་ཧཱ། བཀའ་བརྟེན། ༡༥༢ ལྟར། སྐབས་ཤིག་ཏུ་སྔོན་གྱི་ཡབ་ཡུམ་ལ་མཇལ་འཕྲད་དགོས་པའི་ཆད་བོར་བཞིན། སློབ་མ་རིན་ཆེན་རྒྱལ་མཚན་ཞབས་ཕྱིར་ཁྲིད་ནས་རྒྱལ་རོང་རབ་བརྟན་སྟེགས་ཅོག་ཏུ་ཕེབས་སོ། །སྔར་ཆུང་དུས་གྲྭ་སར་ཕེབས་ནས་ལོ་མང་པོ་སོང་བས་ཡབ་ཡུམ་སོགས་ཞལ་འཕྲད་ནས་ཟླ་ཤས་སུ་བཞུགས་ནས་དྲིན་ཆེན་ཡབ་ཡུམ་ལ་ང་ཁྱོད་གཉིས་ལ་མཇལ་བའི་ཁས་ལེན་ཡོད་བཞིན་པས་འདིར་འོང་བ་ཡིན། ད་ནི་གྲྭ་སར་མ་སོང་ན་རྩ་བའི་བླ་མའི་བཀའ་དང་འགལ་བ་ཡོད། དངུལ་འདི་དང་རང་ལ་ཡོད་པའི་ཟས་ནོར་གྱིས། མ་གྲོང་པའི་གོང་འདིར་ལྷ་ཁང་གཅིག་བཞེངས་དང་འདི་ཕྱི་གང་ཡང་ལེགས་སོ་གསུངས་ནས། ཡབ་ཡུམ་ལ་མེ་ཏོག་སྨོན་ལམ་གསུངས་ནས་སླར་བྱོན་ནས། དར་རྩེ་མདོ་རྒྱུ་ཕེབས་པ་དང་། སྟོད་ཀྱི་གྲྭ་ས་ནས་འོང་པའི་གྲྭ་པ་དཔོན་སློབ་འགའ་རེའི་སྐད་ལ། གཡས་རུ་དབེན་སར་ས་གཡོས་བྱུང་ནས་འཇིག་སོང་ཟེར་བས། ཕ་དེ་བདེན་ཨི་སྲིད་དམ་བྱས་པས། བདེན་ངེས་མེད་ན་དེ་འདྲ་ག་ལ་ཟེར་བས། དེ་ལ་ཐུགས་ཆད་ནས། ང་ཕྱིན་སྟོད་དུ་འགྲོ་དགོས་མེད་གསུངས་ནས་མདར་དོར་ཕེབས། ཡོན་བདག་མང་པོས་ཞབས་ཏོག་ཞུས། ལ་མོ་རྩེ་རུ་བཞུགས་ནས་ཀོང་རྩེ་སྒྲུབས་པས། བསྟན་པའི་བདག་པོར་གྱུར་པའི་རྟགས་སུ། ཉི་ཟླ་ཁོང་དུ་མིད་པ་སོགས་དང་ལྷ་ཞལ་བསྟན་སྲུང་མངོན་སུམ་མཇལ་བ་སོགས་གྲུབ་རྟགས་མང་དུ་བྱུང་། འགྲོ་ལ་ཕན་པའི་སློབ་མ་ཡང་མང་དུ་བྱུང་སྐད། དེའི་མཚམས་སུ་མ་མཆོག་སྲིད་པ་རྒྱལ་མོས་ལུང་བསྟན་ནས། དབེན་ས་ཁ་ཡི་གསེར་སྒྲོམ་དང་དཀོར་ཆ་མ་བརླག་པར་ཡོད། ཁྱོད་རང་དབུས་གཙང་སྟོད་དུ་སོང་དང་། བསྟན་པ་དར་ཞིང་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལ་ཡིད་ཆེས་ནས་ཡར་ལ་བྱོན་པར་དགོངས། དེར་སློབ་མ་རྣམས་ལ་རི་ཁྲོད་བཞེངས་པ་གཉེར་གཏད། དེ་ནས་དཔོན་སློབ་གཉིས་སོགས་ཡར་ལ་བྱོན་པའི་ལམ་དུ། ཆོས་རྗེ་བློ་བཟང་གྲགས་པ་མཆོག་དང་ཞལ་མཇལ་ཞུ་གནང་སྐབས། བན་བོན་གྱི་འདུལ་བརྒྱུད་གཅིག་ཅིང་། འདུལ་བའི་བསྟན་པ་རྟགས་ཙམ་འཛིན་པའི་དུས་བབ་ཀྱི། གསོ་དགོས་ཚུལ་གྱི་ཞལ་ཏ་བཟང་པོ་གནང་ནས་ཕེབས། དེ་ནས་མཉམ་མེད་ཆེན་པོ་དབེན་ས་ཁར་ཕེབས་པས། དགོན་པ་ཞིག་ཤུལ་པ་ཁད་མཐོ་དམན་དུ་སྣང། གླིང་ཟུར་པའི་ཐད་དེར་བཞུགས་ནས། ལྷ་སྲུང་ལ་བསྐང་གསོལ་མཛད་ནས། བརྐོ་སློག་བཅུག་པས། སྔོན་གྱི་གསེར་མཆོད་བོང་བུས་ཐེག་ཙམ་དང་། བྲུ་ཆེན་ཁྱུང་རྒྱལ་གྱི་ཐུགས་དམ་གསེར་བྲིས་ཁམས་བརྒྱད་དང་། ལྷ་ཆ་དཔེ་རྟེན་འགའ་ཞིག་ཐོན་བྱུང་། སྲུང་མར་གཏང་རག་བསྐང་གསོལ་རྒྱས་པར་བྱས། མ་མཁའ་འགྲོའི་ལུང་བསྟན་ཅི་བཞིན་མཛད་པ་དགོངས་ཕྲལ། ཞེས་པ་དེ་མེད།
[60] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣བཀའ་བརྟེན། དགུང་ལོ་ལྔ་བཅུ་ ཞེས་པ་དེ་མེད།
[61] ཤིན་ཧཱ།༡༥༢ བཀའ་བརྟེན། ས་མོ་བྱའི་ལོ་ལ་སྨན་རིའི་ཞོལ། ཞེས་གསལ།
[62] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣བཀའ་བརྟེན། ལུང་པ་དེའི་ནང་དུ་ཅོད་པཎ་ཁྲ་ལྡེམ་མེ་གང་བྱུང་པ་དང་། ཞེས་གསུངས།
[63] ཤིན་ཧཱ།༡༥༢ བཀའ་བརྟེན། བླ་བྲང་ལ་སོགས་དགོན་པ་དྲུག་ཅུ་ཙམ་གྱིས་། རིང་པོར་མ་ཐོགས་པར་སྐད་ཅིག་ཉིད་ལ་གྲུབ་པའོ།། ཤིན་ཧཱ།༢༠༣བཀའ་བརྟེན། བླ་བྲང་ལ་སོགས་དགོན་པ་ཤགས་དྲུག་ཅུ་ཙམ་གྱི་རིང་པོར་མ་ཐོགས་པར་སྐད་ཅིག་ཉིད་ལ་གྲུབ་པའོ།། ཞེས་གསུངས།
[64] ཤིན་ཧཱ།༡༥༢ བཀའ་བརྟེན། དགོན་པའི་མིང་ནི་བཀྲ་ཤིས་སྨན་རི་ཞེས་བྱ་བར་འདོགས་པར་མཛད་དོ།། ཞེས་པ་དེ་མེད།
[65] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣བཀའ་བརྟེན། དཀར་པོ་ཞེས་པ་དེ་མེད།
[66] ཤིན་ཧཱ།༡༥༢ བཀའ་བརྟེན། བླ་གོས་དང་གདིང་ལྷུང་ ཞེས་པ་དེ་མེད།
[67] ཤིན་ཧཱ།༡༥༢ བཀའ་བརྟེན། གཉིས་ཐོགས་མཛད་ཞུ་ཡང་མ་བཞེད། ཤིན་ཧཱ།༢༠༣ བཀའ་བརྟེན། གཉིས་ཐོག་མཛད་ཞུས་ཡང་མ་བཞེད། ཅེས་གསུངས།
[68] ཐོབ་གསར་ དུས་རྟག་ཏུ་གདུལ་བྱ་རྒྱ་མཚོའི་དབུས། ཕུན་སུམ་ཚོགས་པའི་ཡོན་ཏན་དང་། བྱིན་རླབས་གཟི་བརྗིད་ལྟ་བས་མི་ངོམས་པར་བཞུགས་པ་ལགས་སོ།། ཞེས་གསུངས།
[69] ཐོབ་གསར་ དཀར་ངོས་ ཞེས་གསུངས།
[70] ཐོབ་གསར་ མར་ངོས་ ཞེས་གསུངས།
[71] ཐོབ་གསར་ མཛད་པའི་དུས་ཚོད་ཀྱང་རང་རང་གི་གཞུང་ལུགས་དང་། ཞེས་གསུངས།
[72] ཐོབ་གསར་ བུམ་པ་ཙམ་ལ་བརྟེན་པ་དང་། ཕྱག་ལེན་ལྟར། བུམ་པ་ཙམ་ལ་བརྟེན་པ་དང་། ཞེས་གསུངས།
[73] ཐོབ་གསར་དང་ ཤིན་ཧཱ།༡༥༢ གསང་རྟགས་ ཞེས་པ་དེ་མེད།
[74] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེར་བརྟེན་དུས་ཆེན་ཁྲོ་ཕུར་བཀའ་སྐྱོང་སོགས་ཀྱི་གྱེར་ཆེན་རྒྱས་འབྲིང་གདངས་དབྱངས་མང་པོ་གསུངས་ནས། ཞེས་པ་དེ་མེད།
[75] ཤིན་ཧཱ།༢༠༣ བཀའ་བརྟེན། ཞི་རྒྱས་དབང་དྲག་གི་ལྷ་ཚོགས་བསྟན་པ་སྲུང་བའི་བོན་སྐྱོང་རྣམས་བྲན་བཞིན་དུ་འཁོལ་ཞིང་། ཞེས་གསུངས།
[76] ཤིན་ཧཱ།༡༥༢ བཀའ་བརྟེན། འོན་ཀྱང་སྒྲུབ་པ་གང་དང་གང་མཛད་པའི་དུས་སུ། ཕྱོགས་ཐམས་ཅད་དུ་སྨན་གྱི་ངད་པ་ཅི་ལི་བྲོ་བ་དང་། ཞེས་གསུངས། ཤིན་ཧཱ།༢༠༣ བཀའ་བརྟེན། འོན་ཀྱང་སྒྲུབ་པ་གང་དང་གང་མཛད་པའི་དུས་སུ། ཕྱོགས་ཐམས་ཅད་དུ་སྨན་གྱི་ངད་པ་ཅི་ལི་བྲོ་བ་དང་། ཞེས་གསུངས།
[77] ཐོབ་གསར་ ལས་ལྡན་གྱི་སློབ་མ་འགས་མཐོང་ངོ་། །གསུངས་གསུངས།
[78] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེ་ནས་ལྷ་མང་པོའི་ཞལ་གཟིགས་པའི་རྟགས་ངེས་པ་ཅན་དུ་འདུག་གོ།། ཞེས་གསུངས་གསུངས།
[79] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེ་བཞིན་བསྒྲུབ་བྱ་སྒྲུབ་བྱེད་ཐམས་ཅད་དང་བྲལ་མོད་ཀྱང་། གདུལ་བྱའི་སྣང་ངོ་ཙམ་གྱི་ཁོ་ནར་མཛད་དོ། །ཞེས་གསུངས།
[80] ཤིན་ཧཱ།༡༥༢ བཀའ་བརྟེན། ཕ་རོལ་པ་དེ་ལ་མི་འདོད་པ་སྣ་ཚོགས་འབྱུང་ཞིང་། ཞེས་གསུངས།
[81] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེའི་རྣམ་ཐར་ལ་ ཞེས་གསུངས།
[82] ཐོབ་གསར་ མིས་གནོད་པ་ལྟ་ཅི་སྨོས། ཞེས་གསུངས།
[83] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེའི་རྣམ་ཐར་ལ་ ཞེས་གསུངས།
[84] ཤིན་ཧཱ།༢༠༣ བཀའ་བརྟེན། རྩོད་པ་མི་མཛད་ནས་འཆད་པ་གཙོ་བོར་མི་ལེན། ཞེས་གསུངས།
[85] ཤིན་ཧཱ།༡༥༢ བཀའ་བརྟེན། རྗེ་རིན་པོ་ཆེ་ཉིད་ལས་ལྷག་པའི་སྐྱེས་མཆོག་བྱོན་པ་མེད་དོ།། ཤིན་ཧཱ།༢༠༣ བཀའ་བརྟེན། རྗེ་རིན་པོ་ཆེ་ཉིད་ལས་ལྷག་པའི་གཞན་ནས་བྱོན་པ་མེད་དོ།། ཞེས་གསུངས།
[86] ཤིན་ཧཱ།༢༠༣ བཀའ་བརྟེན། འཕྲལ་དུ་སྒོ་གསུམ་གྱི་བྱ་བ་ཐམས་ཅད་སྙོམ་ལས་ཀྱི་དབང་དུ་མི་བཏང་ཞིང་། ཞེས་གསུངས།
[87] ཤིན་ཧཱ།༡༥༢ བཀའ་བརྟེན། བློ་གྲོས་རིན་པོ་ཆེ་ས་ཡི་བཤད་པའི་ཁྲི་ལ་མཇལ་དུ་བྱོན་པའི་ཚེ་ན། ཤིན་ཧཱ།༢༠༣ བཀའ་བརྟེན། བློ་གྲོས་རིན་པོ་ཆེ་བའི་བཤད་ཁྲིད་ལ་མཇལ་དུ་བྱོན་པའི་ཚེ་ན། ཞེས་གསལ།
[88] ཤིན་ཧཱ།༢༠༣ བཀའ་བརྟེན། སློབ་མ་རྣམས་གྲལ་ལ་འཁོད་པའི་ས་ཆའི་རིམ་པ་རྣམས་ཐུགས་ལ་གསལ་བར་ཤར་བའི་ཚེ། ཞེས་གསལ།
[89] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། འོ་ལེགས་སོ་ ཞེས་གསུངས།
[90] ཤིན་ཧཱ།༢༠༣ བཀའ་བརྟེན། ཞེས་བདག་གི་བླ་མ་རྒྱལ་ཚབ་པས་གསུངས་སོ།། ཞེས་གསུངས།
[91] ཤིན་ཧཱ།༡༥༢ བཀའ་བརྟེན། དེས་ནས་འ་ཞ་བློ་གྲོས་རིན་པོ་ཆེ་པའི་སྐྱེ་བའི་སྤྲུལ་པ་ཡིན་པ་ཐེ་ཚོམ་མེད་ཅིང་། ཤིན་ཧཱ།༢༠༣ བཀའ་བརྟེན། དེས་ནས་འ་ཞ་བློ་གྲོས་རིན་པོ་ཆེ་སྐྱེ་བའི་སྤྲུལ་པ་ཡིན་པ་ཐེ་ཚོམ་མེད། ཞེས་གསལ།
[92] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། སྤྱིར་ཡང་འ་ཞ་བློ་གྲོས་ཀྱི་གྲུབ་མཐའ་དེ་ཉིད་སྐྱོང་བར་མཛད་དོ།། ཞེས་གསལ།
[93] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། ཡང་རེ་ཞིག་གསེར་སྒོའི་ཉེ་འདབས་ནས་དམུ་རྒྱལ་ཉི་མའི་དབང་པོ་དང་རྗེ་གཉིས་ཀྱིས་བོན་བསྟན་གྱི་ལ་རྒྱར་དམིགས་ནས་ཉི་འོད་རྟར་བཞོན་ནས་བཟའ་ཉི་མའི་སྲབ་མདར་བཀལ་བ་དང་། མཁའ་ལ་འཕུར་ནས་དབུ་ཞྭ་ཉི་མས་ཚིག་པ་སོགས་གྲུབ་རྟགས་བཞག་པར་མཛད། ཞེས་པ་དེ་མེད།
[94] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ དཔལ་རི་ ཞེས་གསལ།
[95] ཐོབ་གསར་ འཕྲལ་དུ་སྐུ་ཅུང་ཟད་བསྒྲེས་པ་དང་། ཞེས་གསུངས།
[96] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ གནས་ཆེན་ཀྱི་ ཞེས་གསུངས།
[97] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཟང་ ཞེས་པ་དེ་མེད།
[98] ཤིན་ཧཱ།༡༥༢ བཀའ་བརྟེན། དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུའི་སྟེང་དུ། སྨན་རི་བསྟབ་ནས་ལོ་སྐོར་གཅིག་ཙམ་བར་དུ། ཞེས་གསུངས། ཤིན་ཧཱ།༢༠༣ བཀའ་བརྟེན། དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུའི་བར་དུ། སྨན་རི་བཏབས་ནས་ལོ་སྐོར་གཅིག་ཙམ་བར་དུ། ཞེས་གགསུངས།
[99] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། སྨན་རི་བཏབས་ནས་ལོ་སྐོར་གཅིག་ཙམ་བར་དུ། ཞེས་གསུངས།
[100] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། རྒྱལ་ཐེབས་སུ་བསྐོས་པ་ལ་རེས་ཤིག་རྒྱལ་ཚབ་ཆེན་པོ་རོང་པོ་རིན་ཆེན་རྒྱལ་མཚན་དང་། ཆབ་ལ་མཁས་པ་མེ་ཉག་བསོད་ནམས་རྒྱལ་མཚན་གཉིས་སོ།། ཞེས་གསུངས།
[101] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེ་དག་འདི་སྐད་དེ། བརྒྱ་བའི་མགོན་པོ་གཉིས་པ་བསྟན་འགྲོའི་གོན། །བརྡ་དང་དངོས་ཀྱི་ལུང་བསྟན་ཐ་དག་གིས། །བསྟན་པ་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་བཞེས། །མཉམ་མེད་ཤེས་རབ་རྒྱལ་མཚན་བརྗོད་དཀའ་བ། །འཛམ་གླིང་ས་སྟེང་དབྱར་རྔ་ལྡིར་བའི་ཚེ། །བསྟན་འཛིན་མདོངས་མཐའི་ཚོགས་རྣམས་དགྱེས་དགུས་བྲེལ། །ཞེས་པ་ལྟར་རྒྱལ་བ་དངོས་དང་མཚུངས་པའོ།། ཞེས་པ་དེ་མེད།
[102] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། ཉིད་ ཅེས་པ་དེ་མེད།
[103] ཤིན་ཧཱ།༡༥༢ བཀའ་བརྟེན། རྗེ་ཉིད་ཀྱིས་ཆུ་འགོ་ན་འགྲོ་དགོས་གསུངས་ནས། ཤིན་ཧཱ།༢༠༣ བཀའ་བརྟེན། རྗེ་ཉིད་ཀྱིས་ཆུ་འགོ་རུ་འགྲོ་དགོས་གསུངས་ནས། ཞེས་གསུངས།
[104] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། འཆད་ ཅེས་པ་དེ་མེད།
[105] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། སྐུ་ཞོགས་སུ་ ཞེས་གསུངས།
[106] ཤིན་ཧཱ།༡༥༢ བཀའ་བརྟེན། ཕྱིར་བྱ་ལོ་ལ་སྤུར་བཞུས་ཏེ་རྟེན་རིང་བསྲེལ་མང་དུ་བྱུང་ངོ་།། ཤིན་ཧཱ།༢༠༣ བཀའ་བརྟེན། ཕྱི་བྱ་ལོ་ལ་སྤུར་བཞུས་ཏེ། རྟེན་རིང་བསྲེལ་མང་དུ་བྱོན་ནོ།། ཞེས་གསལ།
[107] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། གསེར་སྐུ་བདུན། ཞེས་གསུངས།
[108] ཐོབ་གསར་ ཐུགས་ཀྱི་རྟེན་དུ་རྣམ་པར་རྒྱལ་ལེགས་ཀྱི་མཆོད་རྟེན། ཞེས་གསུངས།
[109] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། ན་དེ་རྣམས་ཀྱི་དྲུང་དུ་ངོ་སྐལ་གྱི་མར་མེ་ཕུལ་བའི་ཚེ། ཞེས་གསུངས།
[110] ཤིན་ཧཱ།༢༠༣ བཀའ་བརྟེན། འདུལ་འཛིན་གྱི་སྐྱེས་བུ་རྣམས་ནི། ཞེས་པ་དེ་མེད།
[111] ཤིན་ཧཱ།༢༠༣ བཀའ་བརྟེན། ཞེས་སོགས་ལུང་བསྟན་གྱིས་ཡོངས་སུ་སུ་ཟིན་ཅིང་། གསུངས།
[112] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། གསང་བ་ལྟར་དུ་ཀུན་ཏུ་བཟང་པོའི་དགོངས་པ་རྩེར་ཆིབས་པའོ།། ཞེས་གསུངས།
[113] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། དེ་ལྟར་བདག་གིས་རྣམ་པར་ཐར་པ་འདི་ལ་ཡང་། ཞེས་གསུངས།
[114] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། བློ་བཟོ་དང་ཚོད་བཟོ་ ཞེས་གསུངས།
[115] ཤིན་ཧཱ།༡༥༢ བཀའ་བརྟེན། ཤིན་ཧཱ།༢༠༣ བཀའ་བརྟེན། མཁས་གྲུབ་ཤེས་རབ་རིན་ཆེན་ ཞེས་གསུངས།
[116] ཐོབ་གསར་ལྟར་ གཞན་ཡང་རྗེ་རིན་པོ་ཆེ་ཉེ་གནས་ཀྱི་སློབ་མ་འགའ་ཡི་གསུངས་པ་རྣམས་ཀྱང་། ཞེས་གསུངས།
[117] ཤིན་ཧཱ།༡༥༢ བཀའ་བརྟེན། ཕྱོགས་གཅིག་བསྡུས་ཏེ་བཀོད་པ་ལ་སོགས། ཞེས་གསུངས།
[118] ཤིན་ཧཱ།༡༥༢ བཀའ་བརྟེན། ད་རུང་སྒྲུབ་པར་མི་ནུས་ནི་ཞག་གིས་ནུས་ཙམ་ན། །ཞེས་གསུངས།
[119] ཤིན་ཧཱ།༡༥༢ བཀའ་བརྟེན། འཆད་པར་བྱ་སྙམ་དེཡི་རྒྱུ་མཐུན་འབྲས་བུ་ཡིས། །ཞེས་གསུངས།
[120] ཤིན་ཧཱ།༡༥༢ བཀའ་བརྟེན། གཡོ་བ་ ཞེས་གསུངས།
[121] ཤིན་ཧཱ།༢༠༣ བཀའ་བརྟེན། དགེ་བས་བྱང་ཆུབ་འཐོབ་ཕྱིར་བསྔོ། །ཞེས་གསུངས།
[122] ཤིན་ཧཱ།༡༥༢ བཀའ་བརྟེན། དུས་འདིར་ ཞེས་གསུངས།
[123] ཤིན་ཧཱ།༢༠༣ བཀའ་བརྟེན། དུས་འདིར་རྣམ་མཁྱེན་མངོན་དུ་མ་བྱོན་པར། །ཞེས་གསུངས།
[124] ཤིན་ཧཱ།༢༠༣ བཀའ་བརྟེན། བོན་གྱི་སྙིང་ཁུ་བདུད་རྩི་ལེན་པ་དང་། །ཞེས་གསུངས།
[125] ཤིན་ཧཱ།༢༠༣ བཀའ་བརྟེན། ཕྱོགས་བཅུའི་ཞིང་ཁམས་འབྱམས་མཐའ་ཡས་ན། །ཞེས་གསུངས།
[126] ཤིན་ཧཱ།༢༠༣ བཀའ་བརྟེན། རྣམ་བཞི་ཕྲིན་ལས་ནམ་མཁའི་ཆར་བཞིན་དུ། །ཞེས་གསུངས།
[127] ཐོབ་གསར་ལྟར་ འདི་རྒྱལ་ཚབ་རིན་རྒྱལ་གྱི་ཞལ་སློབ་ཡིན་ནོ།། ཞེས་པའི་མཆན་བུ་ཞིག་འདུག
[128] ཐོབ་གསར་ལྟ་ བོད་ཀྱི་འབུམ་འགྱུར་དུས་ཁྱད་པར་ཅན་ལ་བཀྲ་ཤིས་ཁང་པ་ཆེན་པོ་ནས་སྦྱར་བར་བཀྲ་ཤིས་སོ།། ཞེས་གསུངས།