དགེ་རྒན་དང་དགེ་ཕྲུག་གཉིས་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གསུམ་གྱི་སྐོར་རགས་ཙམ་གླེང་བ།

དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གསུམ་དང་དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གསུམ་སྟེ་དྲུག་ནི་སྐབས་བབ་ཀྱི་རྩོམ་ཐུང་འདི་ཡི་སྲོག་ཤིང་ངམ་སྙིང་དོན་ཡིན་ནོ། དང་པོ་དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གསུམ་ནི། གལ་སྲིད་ཁྱེད་རང་དགེ་རྒན་ཞིག་ཡིན་ན། ཆ་རྐྱེན་འདི་གསུམ་ཁྱེད་ལ་ངེས་པར་དུ་ཚང་དགོས། དང་པོ་རྣམ་དཔྱོད།  གཉིས་པ་བརྩེ་སེམས།  གསུམ་པ་བཟོད་སྒོམ།  ཆ་རྐྱེན་འདི་གསུམ་རང་ཉིད་ལ་ཚང་དང་མ་ཚང་། ཁ་ནང་དུ་ཕྱོགས་ནས་རང་ཉིད་ཀྱིས་རང་ཉིད་ལ་རྟོག་དཔྱོད་དང་འཚོལ་ཞིབ་གནང་དགོས།  ཆ་རྐྱེན་དེ་གསུམ་ཁྱེད་ལ་ཚང་ན་རབ། མ་ཚང་ན་དེ་གསུམ་རང་གི་རྒྱུད་ལ་འབྱོར་ཐབས་ཀྱི་སེམས་ཁུར་བཞེས་དགོས།  དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་དང་པོ་དེ་གང་ཞིག་ཡིན་ནམ། དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་དང་པོ་དེ་རྣམ་དཔྱོད་ཡིན། རྣམ་དཔྱོད་ལ་ཡང་གསུམ་ཡོད། དང་པོ་སློབ་ཁྲིད་གནང་རྒྱུའི་སློབ་ཚན་ལ་མཁས་པ། གཉིས་པ་སློབ་ཚན་སློབ་ཁྲིད་གནང་སྟངས་ལ་མཁས་པ།  གསུམ་པ་ཀུན་སྤྱོད་ལ་མཁས་པ་དང་གསུམ་མོ།  དང་པོ་སློབ་ཁྲིད་གནང་རྒྱུའི་སློབ་ཚན་ལ་མཁས་པ་ནི། དགེ་རྒན་རང་ཉིད་ཀྱིས་སློབ་ཚན་གང་འདྲ་ཞིག་དགེ་ཕྲུག་ལ་སློབ་ཁྲིད་གནང་དགོས་ན། སློབ་ཚན་དེའི་ཚིག་དོན་རྣམས་དང་པོ་དགེ་རྒན་རང་ཉིད་ཀྱིས་ཁོང་དུ་ཆུད་ཅིང་མཁས་པ་ཞིག་བྱེད་དགོས། དེ་འདྲ་ཞིག་མ་བྱུང་ན་དགེ་ཕྲུག་ལ་དམིགས་བསལ་གྱི་བློ་བསྐྱེད་གང་ཡང་སྟེར་མི་ཐུབ།  དགེ་རྒན་དང་དགེ་ཕྲུག་ཟེར་ཡང་མིང་ཙམ་ཞིག་ལས་མིང་དོན་མཚུངས་པ་ཞིག་མི་ཡོང་ངོ་། གཉིས་པ་སློབ་ཚན་སློབ་ཁྲིད་གནང་སྟངས་ལ་མཁས་པ་ནི།  སྒྲ་དག་ཅིང་ཚིག་གསལ་བ། གང་ནས་བཤད་ཀྱང་འོས་ཤིང་འཚམས་པ། ཇི་ཙམ་བཤད་ཀྱང་རན་པ། ཚུལ་ཇི་ལྟར་བཤད་ཀྱང་མི་འཐད་པ་མེད་པ།  བཏང་བཞག་གི་ཚོད་ལ་མཁས་པ། དགེ་ཕྲུག་གི་སེམས་ཁམས་དང་སེམས་ཚོར་ཤེས་ཐུབ་པ། གསུང་སྐད་སྙན་ལ་ཡིད་དབང་འཕྲོག་ནུས་པའི་ངག་གི་སྒྱུ་རྩལ་བཅས་ཚང་དགོས། གཞན་ཡང་ཚོང་པས་ཐེག་སྟོབས་དང་སྦྱར་ནས་ཁལ་འགེལ་ཤེས་པ་དང་། མཛངས་མས་ལྟོ་ཚོད་དང་སྦྱར་ནས་རང་གི་བུ་ཕྲུག་གསོ་སྐྱོང་བྱེད་ཤེས་པ་དེ་བཞིན་དུ། དགེ་རྒན་གྱིས་རང་གི་དགེ་ཕྲུག་གི་བློ་ཚོད་དང་བསྟུན་ནས་སློབ་ཁྲིད་གནང་ཤེས་པ་ཞིག་དགོས། དེ་འདྲ་ཞིག་མ་བྱུང་ན། དགེ་ཕྲུག་སྐྱོང་མི་ཤེས། དགེ་ཕྲུག་ལ་སྤྲོ་སེམས་སྟེར་མི་ཐུབ། སྤྲོ་སེམས་མ་འཁོལ་ན། དོན་གཉེར་གྱི་འདུན་པ་མི་འབྱུང་། དོན་གཉེར་གྱི་འདུན་པ་མེད་ན། ཤེས་ཡོན་གྱི་རྐང་ཚུགས་པར་མི་འགྱུར་རོ། གསུམ་པ་ཀུན་སྤྱོད་ལ་མཁས་པ་ནི། དང་པོ་དགེ་རྒན་རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་ལམ་རྣམས་ཞི་ཞིང་དུལ་བ། བཅོས་མ་མ་ཡིན་པ། ཀུན་གྱི་མིག་དཔེར་འོས་པ། གཞན་གྱི་དྭངས་བ་འདྲེན་ནུས་པའི་ཁྱད་བོན་བཅས་ལྡན་དགོས།  དེ་ཡང་དགེ་ཕྲུག་རྣམས་རང་གི་དགེ་རྒན་གྱི་གསེར་ཞལ་མཇལ་དུས་རང་བཞིན་གྱིས་དགའ་བཞིན་སྤྲོ་བཞིན་པའི་ངང་ནས་ཁ་ཞེ་གཉིས་མེད་ཀྱིས་རང་གི་དགེ་རྒན་ལ་གུས་བཀུར་རང་འབབ་ཀྱི་ཚུལ་དུ་ཡོང་བ་ཞིག་དགོས། དེ་འདྲ་ཞིག་མ་བྱུང་ན་དགེ་རྒན་ལ་དགེ་ཕྲུག་གིས་སེམས་གཏིང་ནས་བཅོས་སླད་མེད་པའི་བརྩི་བཀུར་མི་འབྱུང་ངོ་།  དེར་མ་ཟད་དགེ་ཕྲུག་གིས་མིག་ལྟོས་བྱ་ས་ནི་དགེ་རྒན་ཡིན་པས། དགེ་རྒན་ལ་བཟང་སྤྱོད་མེད་ན་དགེ་ཕྲུག་ལ་ཡང་བཟང་སྤྱོད་མི་འབྱུང་ངོ་། ཤེས་ཡོན་ཡོད་ཀྱང་བཟང་སྤྱོད་མེད་ན། སྣོད་དུག་ཅན་གྱི་ནང་དུ་ཞིམ་རྒུའི་ཟས་བླུགས་པའམ། དུག་གི་སྡོང་པོ་ལ་མཛེས་པའི་མེ་ཏོག་བཀྲ་བ་བཞིན་ཡིན་པས་ཕན་ཐོགས་ཅི་ཡང་མི་འབྱུང་ངོ་། བཟང་སྤྱོད་མེད་པའི་ཤེས་ཡོན་ནི་དུག་སྦྲུལ་གྱི་ལྕེ་ཡི་དུག་དང་འདྲ་བས་ཕན་པ་བས་ཀྱང་གནོད་ཚབས་ཤིན་ཏུ་ཆེའོ། དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གཉིས་པ་དེ་གང་ཞིག་ཡིན་ནམ། དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གཉིས་པ་དེ་རང་གི་དགེ་ཕྲུག་ལ་དམིགས་པའི་བརྩེ་སེམས་དེ་ཡིན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཤ་ཚའི་བརྩེ་སེམས་དང་སྙིང་རྗེ་ཡོད་ན་རབ།  དེ་འདྲ་ཡོད་མཁན་དེ་ལ་བྱང་ཆུབ་སེམས་དཔའ་ཟེར། ཕྱི་མའི་ལམ་སྟོན་གྱི་དགེ་རྒན་དམ་པ་ཟེར་ནའང་ཆོག  བོན་ཕྱོགས་ནས་བཤད་ན། རང་གི་དགེ་ཕྲུག་རྣམས་ཚེ་དང་སྒྲུབ་པ་མཉམ་དུ་བྱེད་ཐུབ་པ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་ཆེན་བཞེས་ཐུབ་པ། འདིར་སྣང་བློས་བཏང་ནས་ཕྱི་མའི་དོན་ཆེན་སྒྲུབ་ཐུབ་པ། འཁོར་བའི་འཆིང་བ་མཐའ་དག་ལས་གྲོལ་ཐུབ་པ། མཐར་དུས་ཆེན་ལ་ཐུག་དུས་རབ་འདའ་དགའ་འཆི་བྲོད་ཀྱི་ངང་ནས་གཤེགས་ཐུབ་པ། འབྲིང་མི་འཇིགས་པའི་སྤོབས་པ་དང་ལྡན་པའི་ངང་ནས་གཤེགས་ཐུབ་པ། ཐ་མ་མི་འགྱོད་པའི་སེམས་དང་བཅས་པའི་ངང་ནས་བདེ་བར་གཤེགས་ཐུབ་པ་ཞིག་བྱེད་དགོས་སྙམས་པའི་བཅོས་མ་མ་ཡིན་པའི་ཤ་ཚའི་བརྩེ་སེམས་ཡོད་པ་ཞིག་དགོས། དེ་འདྲ་བའི་དགེ་རྒན་ནི་ཤིན་ཏུ་དཀོན་ནོ།  རིན་ཆེན་གསེར་ལས་ཀྱང་དཀོན་ནོ།  རྡོ་རྗེའི་ཕ་ལམ་ལས་ཀྱང་དཀོན་ནོ།  ཡིད་བཞིན་གྱི་ནོར་བུ་ལས་ཀྱང་དཀོན་ནོ། གལ་སྲིད་དེ་ལྟར་མ་ཐུབ་རུང་འཇིག་རྟེན་གྱི་ལུགས་དང་བསྟུན་ནས་བཤད་ན། རང་གི་དགེ་ཕྲུག་རྣམས་མི་ཚེ་འདིའི་ནང་ལམ་ལོག་པ་རུ་གཏན་ནས་མི་འགྲོ་བ། མི་ཚེ་དོན་སྙིང་དང་ལྡན་པ་ཞིག་བྱེད་དགོས་སྙམས་པ། རྒྱ་ཆེ་ས་ནས་རང་གི་རྒྱལ་ཁབ་དང་མི་རིགས་སྤྱི་ཚོགས་བཅས་ལ་ཕན་པ་སྒྲུབ་ཐུབ་པ། ཆུང་ས་ནས་རང་གི་ཁྱིམ་ཚང་ལ་ཕན་ཐོགས་ཤིང་ལྟ་རྟོག་ཐུབ་པ། ཐ་ན་རང་ཁ་རང་གསོ་ནུས་པ་ཞིག་བཟོ་ཐུབ་པ་བྱེད་དགོས་བསམ་པའི་ཤ་ཚ་དང་སྙིང་རྗེའི་ཀུན་སློང་བཟང་པོ་དེ་འདྲ་ཞིག་ཡོད་དགོས། དགེ་ཕྲུག་གི་ཁམས་མདོག་བཟང་ངན་དང་། རྒྱུ་ནོར་གྱི་བསྙེན་བཀུར་ཡོད་མེད་དང་། དགེ་ཕྲུག་ཕྱུག་དབུལ་དང་། དགེ་ཕྲུག་གི་རིགས་རུས་དང་། དགེ་ཕྲུག་གི་ཁྱིམ་ཚང་དང་རྒྱབ་རྟེན་དྲག་ཞེན་སོགས་གང་ལ་ཡང་མི་ལྟ་བར། གཙོ་བོ་དགེ་ཕྲུག་གི་མི་ཚེའི་མདུན་ལམ་ཡང་དག་པ་ཞིག་འབྱུང་བའི་ཆེད་དུ་དགེ་རྒན་རང་ཉིད་ཀྱིས་གང་ཤེས་པའི་ཤེས་བྱ་ཡོན་ཏན་གྱི་ནོར་བུ་དེ་ཉིད། ཡང་དག་པའི་བརྩེ་སེམས་ཀྱི་སྒོ་ནས་རང་གི་སྙིང་དང་འདྲ་བའི་དགེ་ཕྲུག་དེ་རྣམས་ལ་སྦྱིན་པར་བྱའོ་སྙམས་པའི་གསེར་དང་འདྲ་བའི་ཀུན་སློང་བཟང་པོ་དེ་དགེ་རྒན་གྱི་སྙིང་ཁོང་རུས་པའི་གཏིང་ན་ངེས་པར་དུ་ཡོད་དགོས་སོ། དེ་འདྲ་ཞིག་བྱུང་ན་བཀའ་དྲིན་མཚུངས་ཟླ་མེད་པའི་དྲིན་ཅན་གྱི་དགེ་རྒན་ཞེས་པ་དེ་ཉིད་བྱུང་བ་ཡིན་ལ་དགེ་ཕྲུག་རྣམས་ཀྱིས་ཀྱང་དགེ་རྒན་གྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། རང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་པར་འཛིན་ཞིང་འབྲལ་མེད་སྤྱི་བོའི་གཙུག་ཏུ་རྟག་ཏུ་མཆོད་ཅིང་བཀུར་བར་ངེས་སོ། དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་གསུམ་པ་དེ་གང་ཞིག་ཡིན་ནམ། དགེ་རྒན་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གསུམ་པ་དེ་བཟོད་སྒོམ་ཡིན། ཡང་དག་པའི་འབྲེལ་ལམ་རྒྱུན་འཁྱོང་བ་དང་། མི་ཚེ་དོན་སྙིང་དང་ལྡན་པ་དང་། བསམ་དོན་ལྷུན་གྱིས་འགྲུབ་པ་དང་། རང་གཞན་གཉིས་ཀ་ལ་ཁ་དགེ་བཀྲ་ཤིས་འབྱུང་བ་དང་། བོན་དང་འཇིག་རྟེན་གང་ཡང་མཐའ་རུ་ཕྱིན་པ་དང་། རང་གིས་དོན་དུ་གཉེར་བའི་ཤེས་བྱའི་རིག་གནས་མཐའ་རུ་ཕྱིན་པའི་ཐབས་བླ་ན་མེད་པ་དེ་ནི་བཟོད་སྒོམ་ཞེས་པ་འདི་ཉིད་ཡིན། རྒྱུ་མཚན་དེ་དག་ལ་བསམ་ནས་དགེ་རྒན་རྣམས་ཀྱིས་དགེ་ཕྲུག་གི་མི་ཤེས་པའི་རྨོངས་པ་སེལ་ཏེ་ཡང་དག་པའི་མདུན་ལམ་གྱི་སྒྲོན་མེའི་འོད་སྣང་སྤར་བའི་ཆེད། ཟླ་བ་ནས་ཟླ་བ། ལོ་ནས་ལོ། འཆི་སྲིད་ཚེ་ཡི་འཕེན་པ་མ་རྫོགས་ཀྱི་བར་སློབ་ཁྲིད་གནང་དགོས་བྱུང་ནའང་བཟོད་སྒོམ་གྱི་བསྲན་ཚུགས་པ་དང་། རང་གི་གཅེས་པའི་ལུས་ཕུང་འདི་ཉིད་ཤ་ཁྲག་སྡུག་བདེན་གྱི་ཕུང་པོ་ཡིན་པར་བརྟེན་སློབ་ཁྲིད་གནང་བའི་ཚེ་དཀའ་ཚེགས་དང་ངལ་དུབ་སྐྱོ་ངལ་སོགས་ཅི་ཡང་འབྱུང་སྲིད་ནའང་སྐྱོ་སུན་གྱི་རྣམ་པ་ཅུང་ཟད་ཙམ་ཞིག་མི་སྟོན་པར་སྡུག་བསྔལ་དང་ལེན་གྱི་བཟོད་པའི་དཔུང་བསྐྱེད་པ་དང་། རང་ལ་ཟང་ཟིང་གི་ལྟོས་བཅས་དང་འབུལ་བ་སོགས་ཚུར་བྱུང་གི་ཡོང་སྒོ་སྣ་གཅིག་ལྟ་ས་མེད་ཀྱང་རང་གི་དགེ་ཕྲུག་འདི་རྣམས་ཀྱི་མི་ཚེའི་མདུན་ལམ་ལ་བསམ་ནས་སེམས་པ་དགའ་བཞིན་སྤྲོ་བཞིན་པའི་ངང་ནས་ལྷག་བསམ་རྣམ་དག་གིས་སློབ་ཁྲིད་ཆུ་བོའི་རྒྱུན་བཞིན་སྐྱོང་བར་ནུས་པའི་བཟོད་སྒོམ་གྱི་སེམས་རྒྱ་བསྐྱེད་པ་དང་། དགེ་ཕྲུག་རྣམས་ཀྱིས་དྲི་བ་ཇི་ཙམ་དྲིས་ཀྱང་བཟོད་པའི་བསྲན་དང་བཅས་ཏེ་བྱུང་ཚོར་གྱི་དྲི་མས་མ་སླད་པའི་ངང་ནས། དགའ་ཚོར་ཆེན་པོས་དྲི་བ་སྣ་གཅིག་ཀྱང་སྣང་མེད་དུ་མི་བཏང་བར་གུས་བརྩི་དང་བཅས་ཏེ་དང་ལེན་ཞུས་ཤིང་། རང་ནུས་གང་ལྕོགས་ཀྱིས་ཁ་གསལ་གོ་བདེའི་ལན་འདེབས་མཐིལ་ཕྱིན་པ་ཞིག་གནང་རྒྱུའི་འབད་བརྩོན་བྱེད་དགོས་པ་དེ་རྣམས་ཡིན་ནོ། གཉིས་པ་དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གསུམ་ནི། གལ་སྲིད་ཁྱེད་རང་དགེ་རྒན་བཟང་པོ་ཞིག་གི་དགེ་ཕྲུག་ཡིན་ན། ཆ་རྐྱེན་འདི་གསུམ་ཁྱེད་ལ་ངེས་པར་དུ་ཚང་དགོས། དང་པོ་རྟོགས་པར་ནུས་པའི་བློ་གྲོས། གཉིས་པ་དོན་དུ་གཉེར་བའི་འདུན་པ། གསུམ་པ་ང་རྒྱལ་མེད་པའི་གུས་པ། ཆ་རྐྱེན་འདི་གསུམ་རང་ཉིད་ལ་ལྡན་དང་མི་ལྡན། ཁ་ནང་དུ་ཕྱོགས་ནས་རང་ཉིད་ཀྱིས་རང་ཉིད་ལ་རྟོག་དཔྱོད་དང་འཚོལ་ཞིབ་བྱེད་དགོས།  ཆ་རྐྱེན་དེ་རྣམས་ཁྱེད་ལ་ཚང་ཡོད་ན་རབ།  གལ་སྲིད་ཚང་མེད་ན་དགོས་ངེས་ཀྱི་ཆ་རྐྱེན་དེ་གསུམ་ཚང་ཐབས་ལ་ངེས་པར་དུ་ཁྱེད་ཀྱིས་སེམས་ཁུར་བྱེད་དགོས།  དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་དང་པོ་དེ་གང་ཞིག་ཡིན་ནམ། དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་དང་པོ་དེ་རྟོགས་པར་ནུས་པའི་བློ་གྲོས་ཡིན། དང་པོ་དགེ་རྒན་གྱིས་གསུངས་པའི་སློབ་ཁྲིད་རྣམས་དགེ་ཕྲུག་གིས་རྣ་བས་ཐོས་ནས་ཚིག་རྣམས་འཛིན་ཤེས་པ། དེ་ནས་ཐོས་པའི་དོན་ལ་དཔྱད་ནས་བཟང་ངན་བླང་དོར་གྱི་དབྱེ་བསལ་ཤེས་པ། དེ་ནས་དཔྱད་པའི་མདོ་དོན་ལ་ངན་པ་རྒྱབ་ཏུ་བསྐྱུར་ནས་བཟང་པོ་དང་དུ་བླངས་ཤེས་པ་སྟེ། ཐོས་དོན་བསམ་པར་ནུས་པ། བསམ་དོན་རྟོགས་པར་ནུས་པའི་བློ་གྲོས་དེ་ལྟ་བུ་ཞིག་དགེ་ཕྲུག་ལ་ངེས་པར་དུ་དགོས་པ་ཡིན། དེ་འདྲ་ཞིག་མ་བྱུང་ན་མི་ཤེས་རྨོངས་པའི་སྨག་རུམ་ཐུག་པོ་དེ་བསལ་ནས། ཤེས་རིག་ཉི་མའི་དཀྱིལ་འཁོར་རྒྱས་མི་ནུས། དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གཉིས་པ་དེ་གང་ཞིག་ཡིན་ནམ། དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གཉིས་པ་དེ་དོན་དུ་གཉེར་བའི་འདུན་པ་ཡིན། ཤེས་ཡོན་དོན་གཉེར་གྱི་འདུན་པ་ནི། ས་གཞི་ལྟ་བུ་ཡིན། ས་གཞི་མེད་ན་རྩི་ཏོག་འཁྲུངས་ས་མེད། ཤེས་ཡོན་དོན་གཉེར་གྱི་འདུན་པ་ནི། མཁར་གྱི་རྨང་གཞི་ལྟ་བུ་ཡིན། མཁར་གྱི་རྨང་གཞི་མེད་ན་མཁར་ཁང་བརྩིག་ས་མེད། དཔེ་དེ་བཞིན་དུ་ཤེས་ཡོན་དོན་གཉེར་གྱི་འདུན་པ་མེད་ན། ཤེས་ཡོན་གྱི་ལང་ཚོ་རྒྱས་མི་ཐུབ་ལ། ཤེས་རིག་གི་འོད་སྣང་འཆར་མི་ཐུབ། བཅུ་ཕྲག་རིག་པའི་འདབ་གཤོག་ཀྲབ་ནས། ཤེས་བྱའི་ནམ་འཕང་དེ་བས་ཀྱང་བསྐྱོད་མི་ཐུབ་བོ། དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གསུམ་པ་དེ་གང་ཞིག་ཡིན་ནམ། དགེ་ཕྲུག་ལ་ངེས་པར་དུ་ཡོད་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་གྱི་ནང་ནས་ཆ་རྐྱེན་གསུམ་པ་དེ་ང་རྒྱལ་མེད་པའི་གུས་པ་ཡིན། ཡོན་ཏན་གོང་འཕེལ་དུ་མི་འགྲོ་བའི་རྩ་བ་ནི་ང་རྒྱལ་ལ་ཐུག་ཡོད་པས་ང་རྒྱལ་སྤོང་དགོས།  རང་གིས་ཤེས་དགོས་པ་ནི། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཞབས་དྲུང་དང་། རང་གི་དྲིན་ཅན་གྱི་ཕ་མའི་མདུན་དྲུང་། རང་གི་ལམ་སྟོན་གྱི་དགེ་རྒན་བཀའ་དྲིན་ཅན་གྱི་ཞབས་ཀྱི་པད་མོའི་དྲུང་དུ་རྣམ་པ་ཀུན་ཏུ་དམན་ས་བཟུང་ནས་སྡོད་ཤེས་དགོས། ང་རྒྱལ་ནམ་ཡང་བྱེད་མི་ཉན། ཁོང་རྣམས་ཀྱི་དྲུང་དུ་ང་རྒྱལ་བྱེད་ན་རང་ཉིད་ལ་གྱོང་མ་གཏོགས་ཁེ་སང་ཏིལ་འབྲུ་ཙམ་མེད། བཟང་སྤྱོད་དང་འགལ།  ལས་རྒྱུ་འབྲས་ལ་ཡང་མི་རུང་།  མི་ཁ་ཡང་ཕོག  རང་གི་ཡོན་ཏན་ཀྱང་འགྲིབ་པར་འགྱུར་རོ། ཁྱད་པར་དུ་རང་གི་མི་ཚེའི་ལམ་སྟོན། རང་གི་ཤེས་རིག་གི་འབྱུང་གནས། རང་གི་བདེ་སྡུག་ཞུ་ཡུལ།  རང་གི་བཀའ་དྲིན་ཅན་གྱི་དགེ་རྒན་དེ་ཉིད་ཡིན་པར་ཤེས་པའི་སྒོ་ནས། རྒྱ་ཆེན་པོ་འབུལ་རྒྱུ་ཅི་ཡང་མེད་ཀྱང་། ལུས་གུས་པ། ངག་སྙན་པ། སེམས་དྭངས་བའི་མཆོད་པ་འདི་གསུམ་འབུལ་ཐུབ་ན། དགེ་རྒན་ལ་དེ་ཙམ་གྱིས་ཆོག་གོ  གཞན་དགེ་རྒན་ལ་ཅི་ཡང་མི་དགོས་སོ།  དགེ་རྒན་ཐུགས་མཉེས་དགོས་ན། ཤེས་རབ་དང་ཟང་ཟིང་གཉིས་ལས་སྤྱོད་ལམ་དེ་རང་གལ་ཆེ་བ་ཡིན་པ་སློབ་དཔོན་ཆེན་པོ་ལི་ཤུ་སྟག་རིང་གིས་གསུངས་པ་དེ་ལྟར་རོ། ང་རྒྱལ་མེད་པའི་སྒོ་གསུམ་གུས་པ་ཆེན་པོས་དགེ་རྒན་གྱི་ཐུགས་མཉེས་པར་བྱས་ནས་དགེ་རྒན་ལ་ཡོད་པའི་ཡིད་བཞིན་གྱི་ནོར་བུ་དེ་བུམ་པ་གང་བྱོའི་ཚུལ་དུ་རང་གིས་ལེན་པའི་ཐབས་ལ་རྣམ་པ་ཀུན་ཏུ་འབད་དགོས་པ་སྟེ། དེ་ལྟར་ཆ་རྐྱེན་དེ་གསུམ་ཚང་བའི་དགེ་ཕྲུག་དེ་ནི་སྣོད་དང་ལྡན་པ་ཡིན་ལ། དགེ་རྒན་བཟང་པོའི་དགེ་ཕྲུག་ཅེས་བསྔགས་པར་འོས་པ་ཡང་ཡིན་ནོ།

བསྟན་པའི་རྣམ་བཤད་ཆེན་པོ་དང་ཡང་རྩེའི་གཞུང་སོགས་ལས་བླ་སློབ་ལ་དགོས་པའི་ཆ་རྐྱེན་རྣམས་གཞི་རྩར་བཟུང་ནས་བརྩམ་གཞིར་བྱས་ཤིང་དེང་རབས་ཀྱི་ཚིག་སྦྱོར་གྱི་འགྲོས་དང་མཐུན་པའི་སྒོ་ནས་ཅུང་ཟད་ཟོར་ཡང་པོར་བྱས་ཏེ་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow