གཞུང་ཆེན་དང་གཞུང་ཆུང་གི་གནད་དོན་ག་འདྲ་ཞིག་ལ་ཐུག་ཀྱང་ཚིག་ཙམ་བློ་ལ་ངེས་ཀྱང་དོན་མ་ངེས་པ་དང་། ཚིག་དོན་གཉིས་ཀྱི་གོ་དོན་འགྲེལ་མ་ཤེས་པ་དང་། གོ་དོན་འགྲེལ་ཤེས་ཀྱང་རིག་ལམ་གྱི་ཁྱབ་མཐའ་མེད་པ་དང་། དེ་རིང་ཐག་ཆོད་ཀྱང་སང་ཉིན་ཐེ་ཚོམ་ཟ་བ་དང་། རང་གིས་ཁས་བླངས་པ་དང་དམ་དུ་བཅས་པ་རྣམས་སྲ་བརྟན་མི་ཤིགས་པའི་གཡུང་དྲུང་གཏམས་པའི་བྲག་ཆེན་ཞིག་ཏུ་རློམ་ཡང་དེ་མ་ཐག་རིག་པའི་རྣོ་ངར་འབུམ་དང་ལྡན་པའི་སུན་འབྱིན་གྱི་ཐལ་ངག་གཅིག་གིས་བྱ་སྒྲོ་རླུང་གིས་སྤུར་བ་བཞིན་སིལ་བུར་གཏོར་བ་དང་། གང་ཞིག་བཤད་པར་འདོད་ཀྱང་བཤད་ནུས་པའི་སྙིང་སྟོབས་དང་སྤོབས་པས་མ་ལྡང་བ་དང་། དཀའ་བའི་གནད་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་འཆིང་བ་རྣམས་སྔར་བས་ཇེ་དམ་དུ་སོང་ནས་གཞན་ལ་བློ་གྲོས་ཀྱི་བསྐྱེད་སྟེར་རྒྱུ་ལྟ་ཞོག དང་ཐོག་རང་ཉིད་རྨོངས་གཉིད་ལས་སད་མ་ཐུབ་པ་དང་། རྩོད་པ་ཁྱད་པར་ཅན་གྱིས་ཟིན་པའི་དགག་སྒྲུབ་རྣམ་པར་དག་པའི་སྒོ་ནས་དག་ཐེར་དང་དག་འབུད་བྱེད་མ་ནུས་པའི་རྒྱུ་མཚན་བཅས་ལ་བརྟེན་ནས་འཆད་རྩོད་རྩོམ་གསུམ་གང་ཞིག་བྱེད་ཀྱང་དམར་ཐག་ནང་ནས་ཆོད་པ་དང་འདོད་བློ་ཁེངས་པ་ཞིག་གཏན་ནས་མ་བྱུང་བ་དང་། མཁས་བརྒྱ་འགྲན་གླིང་གི་ར་བར་དངོས་སུ་བཞུགས་ཀྱང་མགྲིན་པ་གཟེངས་སུ་བསྟོད་ནས་ཕས་རྒོལ་ཟིལ་གྱིས་གནོན་རྒྱུའི་ཚབ་ལ་རང་ཉིད་ངོ་གནོང་ཞིང་སེམས་ཞུམ་པ་དང་ཁ་སྐྱེངས་དགོས་བྱུང་བ་དང་། ཆ་ལུགས་རྫིག་རུང་མ་རྫིག་རུང་དཀའ་བའི་གནད་ལ་ཐུག་དུས་ཐ་མལ་བ་དང་ཁྱད་པར་མེད་པ་ལྟ་བུ་བྱུང་བ་འདི་རྣམས། རིག་ལམ་གྱི་གདར་ཤ་ནང་ནས་ཆོད་མ་ཐུབ་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་སྨོས་ཅི་ལ་དགོས། མདོར་ན་རྩོད་པ་ཁྱད་པར་ཅན་གྱིས་ཟིན་མ་ཐུབ་པ་ཡིན་པའི་རང་རྟགས་གསལ་བར་ཕྱི་ལ་མངོན་པ་ནི་ཆེས་མངོན་པར་གསལ་བ་ཡིན་ཏེ། རྒྱལ་བ་གཉིས་པ་མཉམ་མེད་བླ་མས། རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གང་ཟག་ལ་ཡང་དག་པའི་དོན་སྤྱི་འཆར་བ་དཀའ་སྟེ། ལོང་བ་ལྷ་ཁང་དུ་ཕྱིན་པའི་ལག་ཏུ་རྫས་ཁྲ་བོ་གཏད་པ་བཞིན་ནོ། དེའི་ཕྱིར་རྩོད་པ་ལ་དགོས་པ་ཆེན་པོ་འདི་ཉིད་ཡོད་པས། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱི་ཐུགས་ལ་ཞེན་པར་མཛོད་ཅིག ཅེས་གདམས་པ་ལྟར་དོན་ལ་ཡང་དེ་ལྟར་གནས་པ་ཡིན་ནོ། རིག་ལམ་གྱི་གདར་ཤ་ཁོང་ནས་ཆོད་མ་ཐུབ་ན། ཡོང་རྒྱུ་འདི་འདྲ་ཞིག་མ་གཏོགས་མེད། གཡམ་བཤད་དང་ཆེ་ལོང་ཙམ་ཞིག་ལས། ཞིབ་མོ་རྣམ་པར་འཐག་པའི་སྒོ་ནས་གཞུང་གི་དཀའ་གནད་གསེད་བཀྲོལ་ཇི་ལྟར་ནུས། གཞན་དྲིང་མི་འཇོག་པའི་རིག་པའི་རང་རྩལ་དང་རང་རྐྱ་ཐུབ་པའི་ངེས་ཤེས་ཤིག་ཇི་ལྟར་འདྲེན་ཐུབ། མཁས་པ་རེད་ཟེར་ཡང་གནས་སྐབས་གཞན་གྱི་ཟོལ་བསྟོད་ཙམ་ལས་དོན་དུ་མཚན་དོན་མཚུངས་པའི་ལུང་རིགས་སྨྲ་བའི་སེང་གེ་ཞིག་ཏུ་ཇི་ལྟར་འགྱུར། གལ་སྲིད་ཁྱེད་རང་ངེས་དོན་གྱི་མཁས་པའི་དབང་པོ་ཞིག་བྱེད་འདོད་ན། གཞུང་ལུགས་ངེས་པ་ཙམ་མ་ཡིན་པར་གཞུང་ལུགས་ལ་གཏིང་ཚུགས་པའི་གོ་བ་དང་ཚིག་དོན་གཉིས་ལ་གདར་ཤ་ཆོད་ནས་ཁྱབ་མཐའ་ཡོད་པ་ཞིག་བྱེད་དགོས།ད་དུང་དེ་ཙམ་གྱིས་མི་ཆོག་པར་ཟླ་བ་ནས་ཟླ་བ་ལོ་ནས་ལོ་རུ་མཐུད་དེ་འཆད་ཉན་ཆུ་བོའི་རྒྱུན་བཞིན་བསྲིངས་ནས་གཞན་ལ་ཚུལ་དང་མཐུན་པའི་གཞུང་ལུགས་ཀྱི་འཆད་ཁྲིད་ཇི་ཙམ་མང་ན་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། མང་ཉུང་ལ་མ་ལྟོས་པར་སྣོད་ལྡན་གྱི་སློབ་མས་བཅུད་ལྡན་གྱི་སློབ་དཔོན་ལ་གནད་ལ་འཁེལ་བའི་དྲི་བ་གཏོང་བ་དང་། ལན་ཡང་སློབ་དཔོན་རང་ཉིད་ཀྱི་ངོས་ནས་ལུང་རིགས་ཟུང་དུ་འབྲེལ་བའི་སྒོ་ནས་ཇི་ཙམ་རང་ནུས་གང་ལྕོགས་ཀྱིས་འདེབས་ཐུབ་པའི་ཐབས་ལ་འབད་པ་རྩལ་དུ་འདོན་པ་དང་། ཁུངས་ཐུབ་པའི་ངེས་ཤེས་ཡང་དག་པ་ཞིག་འདྲེན་ཐུབ་པའི་སྒོ་ནས་རང་གཞན་གཉིས་ཀའི་རྨོངས་གཉིད་སེལ་ནུས་པ་ཞིག་བྱེད་དགོས། དེ་འདྲ་ཞིག་བྱུང་ན་རིག་པའི་རྗེས་སུ་འབྲངས་བའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་རྣམ་པར་དག་པ་བཞེས་པ་ཡིན་ནོ། དེ་ལྟ་བུའི་རིག་ལམ་གྱི་དམར་ཐག་ནང་ནས་ཆོད་པར་བྱ་བར་ཕྱིར་དུ། བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བས་ཚད་མ་སྡེ་བདུན་ཞེས་པ་འདི་ཉིད་གསུངས་པ་ཡིན་ནོ། ཚད་མ་སྡེ་བདུན་ཞེས་པ་འདི་ཡང་ཚད་མའི་གཞུང་ལུགས་སམ་གཞུང་ཆེན་ཁག་བདུན་ཡོད་པའི་དོན་མ་ཡིན་པར། མ་རྟོག་ལོག་རྟོག་ཐེ་ཚོམ་གསུམ་གྱི་དྲྭ་བའི་ཚོགས་རྣམས་གཅོད་པར་བྱེད་ཅིང་ཡང་དག་པའི་ངེས་ཤེས་རང་རྒྱུད་ལ་འདྲེན་པ་དང་འདྲེན་པའི་ཚུལ་བཅས་ལ་ཚད་མའི་རིག་ལམ་གྱི་སྡེ་ཚན་བདུན་ཡོད་པས་དེ་ལྟར་བརྗོད་པ་ཡིན་ནོ།
ཚད་མ་སྡེ་བདུན་གྱི་ངོས་འཛིན་སྙིང་བསྡུས།
འགྲོ་འདུལ་འོད་ཟེར་སྤྲུལ་པའི་མདོ་ལས།
དྲི་བ་རྟགས་གསལ་སྒྲོན་མེའི་སྡེ།
རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ།
བླང་བ་ཀུན་འབྱུང་ཡངས་པའི་སྡེ།
འགལ་བ་མི་མཐུན་སྤང་བའི་སྡེ།
མཐུན་པ་རང་ལུགས་བཞག་པའི་སྡེ།
མཐར་ཕྱིན་བོན་ཉིད་གདར་གཅོད་ཀྱི་སྡེ་དང་བདུན་དུ་གསུངས་སོ།
དྲི་བ་རྟགས་གསལ་སྒྲོན་མེའི་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
དང་ཐོག་རང་ཉིད་གང་ཞིག་ལ་རྨོངས་པ་དང་རང་གིས་མ་ཤེས་པའི་དོན་དེ་ཉིད། ཤེས་ཤིང་རྟོགས་པར་བྱེད་པ་ལ། དཔེ་ཆ་ལྟ་བ་ཙམ་མ་ཡིན་པར་རང་ཉིད་ཀྱིས་མ་ཤེས་པའི་གནད་དོན་དེ་ཉིད་མཁྱེན་རྟོགས་མངའ་བའི་ཤེས་རབ་ཀྱི་རྩལ་རྫོགས་པའི་མཁྱེན་ལྡན་གྱི་མཁས་དབང་རྣམས་ལ་ངེས་པར་དུ་སྐད་ཆ་འདྲི་དགོས་ཞེས་པའི་དོན་ཡིན་ནོ། སྐད་ཆ་དྲི་བའི་ཚུལ་ལའང་གྲོང་ཚིག་གིས་བཅིངས་པའི་སྒོ་ནས་མ་ཡིན་པར་རྟོག་གེ་བའི་ཚད་མའི་རིག་ལམ་གནད་དུ་བསྣུན་པའི་སྒོ་ནས། དཔེར་ན། སྒྲ་བོན་ཅན། བདག་མེད་ཡིན་པར་ཐལ། ལྟ་བུ་གསལ་བ་བཀོད་ནས་དམ་བཅའ་དྲི་བ་དང་། སྒྲ་བོན་ཅན། བདག་མེད་ཡིན་ཏེ། ལྟ་བུ་ཕྱི་རྒོལ་གྱིས་སྔ་རྒོལ་མཁས་པ་ལ་རྩོད་ངག་དང་འབྲེལ་བའི་སྒོ་ནས་སྒྲུབ་བྱེད་དྲི་བ་ལྟ་བུ་ཡིན། དེ་ལྟར་རྩོད་ངག་གི་ལམ་ནས་དྲི་བ་འདོན་པ་འདི་ནི་རང་རྒྱུད་ཀྱི་རྨོངས་པ་སེལ་བའི་སྒྲོན་མེ་ཡིན་པས་དེ་ལྟ་བུའི་ཚད་མ་རིག་པའི་བོན་སྡེ་དང་པོ་དེ་ལ། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ་ཞེས་གསུངས་པ་ཡིན་ནོ། གྲོང་ཚིག་གིས་བཅིངས་ནས་རྒྱུན་ལྡན་གྱི་དྲི་བ་གཏོང་སྲོལ་དང་། ཚད་མའི་རིག་ལམ་དང་བསྟུན་ནས་མཚན་ཉིད་རིག་པའི་དྲི་བ་བསྐོར་སྟངས་འདི་གཉིས་སོ་སོ་ཡིན། ཕྱི་མ་འདི་ལ་གཞན་དང་མི་འདྲ་བའི་རིག་པའི་རྣོ་ངར་ཞིག་ཡོད་པ་ནི་མཚན་ཉིད་པ་རང་གིས་ཤེས་སོ།
རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
ཕྱི་རྒོལ་གྱིས་སྔ་རྒོལ་ལ་སྐད་ཆ་དྲིས་པ་ཙམ་གྱིས་རྨོངས་པ་སེལ་མི་ནུས། ཕན་ཚུན་གྱི་བར་རིག་པ་བསྡུར་ནས་གོ་བསྡུར་སྦྱངས་བཤད་ལྷུག་པོ་བྱེད་དགོས། དེ་ཡང་གྲོང་ཚིག་གིས་བཅིངས་ནས་མ་ཡིན་པར། ཚད་མའི་རིག་ལམ་དང་འབྲེལ་བའི་རྩོད་ངག་བདུན་ཏེ། སྔ་རྒོལ་མཁས་པའི་རྩོད་ངག་གསུམ། ཕྱི་རྒོལ་གྱི་རྩོད་ངག་གཉིས། དཔང་པོའི་རྩོད་ངག་གཉིས་ཏེ་བདུན་དང་། རྟགས་ཁྱབ་གསལ་གསུམ་དང་འབྲེལ་བའི་ཐལ་འགྱུར་དང་རྟགས་སྦྱོར་སོགས་ཅི་རིགས་ཀྱི་སྒོ་ནས་རྟགས་བོན་དོན་གསུམ་མམ་རྟགས་ཁྱབ་གསལ་གསུམ་གཟའ་སྐར་བཀྲམ་པ་ལྟ་བུའམ། གཅིག་ཏུ་མ་ངེས་པའི་རྩོད་ངག་སྣ་ཚོགས་རྫུ་འཕྲུལ་གྱི་དྲྭ་བ་འབྲེལ་བ་འདྲ་བའི་ཚད་མ་རིག་པའི་བོན་སྡེ་གཉིས་པ་དེ་ལ། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ་ཞེས་གསུངས་པ་ཡིན་ནོ།
སྤང་བ་རྒོལ་བ་ཚར་གཅོད་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
ཀུན་མཁྱེན་ཉི་མས་ཇི་ལྟར་གདམས་པ་ལྟར། རྩོད་པ་བྱེད་པའི་དུས་རྩོད་པའི་བསམ་པ་དུག་ཅན་གསུམ་སྟེ། རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང་། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་དང་། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་ཏེ་ནང་གི་བསམ་པ་དུག་ཅན་གསུམ་སྤང་དགོས་པར་གསུངས། ཕྱིའི་ཚུལ་མ་དག་པ་བཞིན་གྱི་མདོག་འགྱུར་བ་མཚལ་རྐོང་ཁ་ཕྱེ་བ་ལྟ་བུ་དང་། ཧམ་ཁྱེར་དང་ཚིག་ངན་སྣ་ཚོགས་བརྗོད་པ་དགྲ་བོ་ཉེ་བར་བཏུལ་བ་ལྟ་བུ་དང་། གནད་དོན་མ་ཁྲོལ་བར་དོན་མེད་ཀྱི་ཨུ་ཚུགས་དང་། འཁྱམ་གཏམ་བརྗོད་པ། བ་ལང་རྫི་བོའི་རྡོལ་ཚིག་ལྟ་བུ་སྟེ། ཕྱིའི་སྐྱོན་གསུམ་འདི་རྣམས་སྤང་དགོས་པ་ཀུན་མཁྱེན་ཉི་མས་གསུངས་པ་དེ་ལྟར་ཡིན་ལ། ཁྱད་པར་དུ་སྔ་རྒོལ་གྱིས་དམ་བཅའ་བརྗོད་པ་སྐབས་སུ་བབ་པའི་དུས་སུ་དམ་བཅའ་མི་བརྗོད་པ་དང་། བརྗོད་ཀྱང་ལོག་པར་བརྗོད་པ་དང་། སྒྲུབ་བྱེད་བརྗོད་པ་སྐབས་སུ་བབ་པའི་དུས་སུ་སྒྲུབ་བྱེད་མི་བརྗོད་པ་དང་། བརྗོད་ཀྱང་ལོག་པར་བརྗོད་པ་དང་། སྐྱོན་སྤོང་བརྗོད་པ་སྐབས་སུ་བབ་པའི་དུས་སུ་སྐྱོན་སྤོང་མི་བརྗོད་པ་དང་། བརྗོད་ཀྱང་ལོག་པར་བརྗོད་པ་རྣམས་ནི། སྔ་རྒོལ་ཚར་གཅོད་དགོས་པའི་གནས་ཡིན་ནོ། ཕྱི་རྒོལ་གྱིས་དྲི་བ་གཏོང་དགོས་པའི་སྐབས་སུ་དྲི་བ་མི་གཏོང་བ་དང་། དམ་བཅའ་འདྲི་དགོས་པའི་སྐབས་སུ་དམ་བཅའ་མི་འདྲི་བ་དང་། སྒྲུབ་བྱེད་འདྲི་དགོས་པའི་སྐབས་སུ་སྒྲུབ་བྱེད་མི་འདྲི་བ་དང་། སུན་འབྱིན་བརྗོད་དགོས་པའི་སྐབས་སུ་སུན་འབྱིན་མི་བརྗོད་པ་རྣམས་ནི། ཕྱི་རྒོལ་ཚར་གཅོད་དགོས་པའི་གནས་སོ། དཔང་པོས་དཔང་པོར་ཁས་བླངས་ནས་བདེན་རྫུན་ཤན་མི་འབྱེད་པ་དང་། འབྱེད་ཀྱང་ལོག་པར་འབྱེད་པ་རྣམས་ནི་དཔང་པོ་ཚར་གཅོད་དགོས་པའི་གནས་སོ། མདོར་ན་རྩོད་པ་པོ་དང་རྩོད་ལྡོག་དང་དཔང་པོ་གསུམ་གྱི་རྒྱུད་ལ་ཡོད་པའི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་རྣམས་ལུང་རིགས་ཟུང་དུ་འབྲེལ་བའི་སྒོ་ནས་རྩོད་ངག་བདུན་གྱི་ལམ་ནས་ཚར་གཅོད་པར་བྱེད་པའི་ཚད་མ་རིག་པའི་བོན་སྡེ་གསུམ་པ་དེ་ལ། སྤང་བ་རྒོལ་བ་ཚར་གཅོད་སྡེ་ཞེས་གསུངས་པ་ཡིན་ནོ།
བླང་པ་ཀུན་འབྱུང་ཡངས་པའི་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
ཚད་དང་མི་ལྡན་པའི་ཆགས་སྡང་རྨོངས་གསུམ་གྱི་རྩོད་པ་སྤང་ལ་རྩོད་པ་ཚད་དང་ལྡན་པ་དང་དུ་བླང་བར་བྱ་བ་སྟེ། ཀུན་མཁྱེན་ཉི་མའི་དབང་པོས་ཇི་སྐད་གདམས་པ་ལྟར། རྩོད་པ་ཚད་ལྡན་བྱེད་པའི་ཚེ། ཞལ་གྱི་དཀྱིལ་འཁོར་ལ་འཛུམ་ཞིང་གཟི་མདངས་དང་ལྡན་པ་དང་། ངག་འཇམ་ལ་ཚིག་བརྟན་ཞིང་དྲང་ལ་བརྗིད་དང་ལྡན་པ་དང་། བགེགས་ལས་རྣམ་པར་རྒྱལ་བ་ལྟ་བུ་ལུས་ཀྱི་རྣམ་འགྱུར་གྱིས་གཞན་གྱི་དྭངས་བ་འདྲེན་པ་སྟེ། ཕྱིའི་ཚུལ་དེ་གསུམ་དང་དུ་བླང་བ་དང་། ནང་གི་སེམས་བསྐྱེད་ལ་ཡང་། རང་ཉིད་ཀྱི་རྟོགས་པ་གོང་ནས་གོང་འཕེལ་དུ་འདོད་པའི་ཤེས་རབ་དང་། གཞན་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་རྣམས་བསལ་བར་འདོད་པའི་སྙིང་རྗེ་དང་། དགག་སྒྲུབ་རྣམ་པར་དག་པས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བསམ་པའི་ཀུན་སློང་གི་བསམ་པ་བཟང་པོ་དེ་གསུམ་དང་དུ་བླང་དགོས། ཁྱད་པར་དུ་རྒྱ་ཆེ་ལ་སྒོ་ཡངས་པའི་རིག་ལམ་ཇི་སྙེད་ཅིག་བྱུང་བ་ནི། ཀུན་འབྱུང་ཡངས་པ་སྟེ། དམ་བཅའ་ཡང་དག་པ། སྒྲུབ་བྱེད་ཡང་དག་པ། སྐྱོན་སྤོངས་ཡང་དག་པ་དང་། སུན་འབྱིན་ཡང་དག་པ། ཤན་འབྱེད་ཡང་དག་པ་འདི་རྣམས་ཁས་བླངས་ཤིང་དང་དུ་བླང་བར་བྱ་བའི་ཚད་མ་རིག་པའི་བོན་སྡེ་བཞི་པ་དེ་ལ། བླང་པ་ཀུན་འབྱུང་ཡངས་པའི་སྡེ་ཞེས་གསུངས་པ་ཡིན་ནོ།
འགལ་བ་མི་མཐུན་སྤང་བའི་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
རྒྱལ་བའི་བཀའ་ཚད་མ་དང་འགལ་བ། འཕགས་པའི་ལུང་ཚད་མ་དང་འགལ་བ།
རང་གི་རིག་པ་ཚད་མ་དང་འགལ་བ། དངོས་ཡོད་ཀྱི་གནས་ཚུལ་ལས་འགལ་ཟླར་གྱུར་པ། ཡང་དག་པའི་དོན་ལ་བློ་ཁ་མ་ཕྱོགས་པ་དང་། ཕྱོགས་ཀྱང་ལོག་པར་ཕྱོགས་པ་དང་། ཐེ་ཚོམ་ཟ་བ་འདི་རྣམས་ཚད་མ་གསུམ་པོ་གང་དང་ཡང་མི་མཐུན་པས། འདི་རྣམས་ངེས་པར་དུ་སྤངས་ཤིང་དྲུང་ནས་འབྱིན་པར་བྱེད་དགོས་པའི་ཚད་མ་རིག་པའི་བོན་སྡེ་ལྔ་པ་དེ་ལ། འགལ་བ་མི་མཐུན་སྤང་བའི་སྡེ་ཞེས་གསུངས་པ་ཡིན་ནོ།
མཐུན་པ་རང་ལུགས་བཞག་པའི་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
རྒྱལ་བའི་བཀའ་དང་མཐུན་པ། འཕགས་པའི་ལུང་དང་མཐུན་པ། རང་གི་རིག་པ་དང་དང་མཐུན་པ། དངོས་ཡོད་གནས་ཚུལ་དང་མཐུན་པ་སྟེ། མདོར་ན་ཚད་མ་གསུམ་དང་མཐུན་པའི་ལུགས་ནི་ལུང་རིགས་གཉིས་དང་མཐུན་པས། རང་ལུགས་སུ་བཞག་ན་གནོད་བྱེད་ཀྱི་ཚད་མ་དང་བྲལ་བ་ཡིན་ཞིང་། དེ་ལྟར་རིང་ལུགས་དྲི་མ་མེད་པའི་ཚད་མ་རིག་པའི་བོན་སྡེ་དྲུག་པ་དེ་ལ། མཐུན་པ་རང་ལུགས་བཞག་པའི་སྡེ་ཞེས་གསུངས་པ་ཡིན་ནོ།
མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་ཞེས་པའི་གོ་དོན་སྙིང་བསྡུས།
དེ་ལྟར་རྟགས་གསལ་གྱི་ལམ་ནས་དྲི་བ་འདོན་པ་དང་། རྩོད་ངག་གི་ལམ་ནས་རིག་པ་གདར་བ་དང་། ཚར་གཅོད་དགོས་པའི་རྒོལ་བ་རྣམས་ལུང་རིགས་གཉིས་ཀྱི་སྒོ་ནས་ཚར་གཅོད་པ་དང་། དང་དུ་བླང་དགོས་པའི་དགག་སྒྲུབ་རྣམ་པར་དག་པ་རྣམས་དགའ་ཞིང་སྤྲོ་བའི་ངང་ནས་ཚུལ་བཞིན་དང་དུ་བླང་བ་དང་། ཚད་མ་གསུམ་དང་འགལ་བའི་སྒྲོ་འདོགས་རྣམས་བཙན་དུག་ལྟར་སྤང་ཞིང་རྒྱབ་ཏུ་དོར་བ་དང་། ཚད་མ་གསུམ་དང་མཐུན་པའི་བོན་སྡེ་རྣམས་གསོ་བྱེད་ཀྱི་སྨན་བཞིན་དང་དུ་བླངས་ནས་རང་ལུགས་སུ་བཞག་པས། མཐར་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་སྒྲོ་འདོགས་རྣམས་ལེགས་པར་ཆོད་ནས་ཚིག་སྤྱི་ཙམ་ལ་གོ་བ་ཆགས་ཙམ་མ་ཡིན་པར། གཞུང་དོན་དཔྱིས་ཕྱིན་པར་ངེས་པ་དང་། གོ་དོན་ཚུལ་བཞིན་འགྲེལ་ཤེས་པ་དང་། རྟགས་ཁྱབ་གསལ་གསུམ་གྱི་ཚུལ་རྣམས་ལེགས་པར་ཤེས་པ་དང་། ཁྱབ་མཐའ་དང་ཟིན་མཚམས་རྣམས་རང་རྐང་ཚུགས་པ་དང་། དེ་ལྟར་དགག་སྒྲུབ་རྣམ་པར་དག་པའི་རིག་ལམ་ལ་བརྟེན་ནས་གཞུང་དོན་གྱི་དཀའ་བའི་གནད་རྣམས་ཤ་ཆོད་རུས་ཆོད་ལྟ་བུར་གྱུར་ནས་རིག་པའི་གདར་ཤ་ལེགས་པར་ཆོད་པ་དང་། མཐར་ཕྱག་རྒྱ་བཞི་དང་མི་འགལ་བ་སྟེ། རྒྱལ་བའི་བཀའ་དང་མི་འགལ་བ། རང་གི་རིག་པ་དང་མི་འགལ་བ། ཡང་དག་པའི་གཏན་ཚིགས་དང་མི་འགལ་བ། དོན་བོན་ཉིད་དང་མི་འགལ་བ་བཞི་ཡི་སྒོ་ནས། ཡང་དག་པའི་བདེན་དོན་རྟོགས་པའི་རིག་པ་ཚད་མ་རང་རྒྱུད་ལ་སྐྱེས་ནས་མཐར་ཕྱིན་པར་གྱུར་པའི་ཚད་མ་རིག་པའི་བོན་སྡེ་བདུན་པ་དེ་ལ། མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་ཞེས་གསུངས་པ་ཡིན་ནོ།
སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་ལས་དང་པོ་བ་རྣམས་ཀྱི་གསོས་སུ་བོན་རང་ལུགས་ཀྱི་སྡེ་བདུན་ཚད་མའི་ངོ་སྤྲོད་སྙིང་བསྡུས་ཙམ་ཞིག་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས། འདི་ཡང་མཉམ་མེད་རྒྱལ་བ་གཉིས་པའི་བསྟན་པའི་ཞབས་འདེགས་སུ་གྱུར་ཅིག