ད་ལམ་འདི་ག་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་<<བརྗེད་བྱང་ཡིད་ཀྱི་མུན་སེལ་>>ཞེས་པའི་དཔེ་དེབ་འདི་ནི། སྨན་རིའི་དགེ་བཤེས་ཆབ་སྤྲུལ་ཤེས་རབ་དབང་རྒྱལ་མཆོག་ནས་གདན་ས་སྨན་རིའི་གླིང་དུ་ལོ་མང་རིང་ཐོས་བསམ་སློབ་གཉེར་ལ་གཞོལ་བའི་ཞོར་དུ་བྲིས་གནང་བའི་སྨན་རིའི་ཕྱག་ལེན་ཁག་གི་ཟིན་བྲིས་གཙོར་འདོན་གྱི་བརྗེད་བྱང་གལ་ཆེན་ཞིག་རེད།
ནང་དོན་གྱི་ཆ་ནས་སྡེ་ཚན་གསུམ་དུ་བཀོད་ཡོད་པ་ལྟར། སྡེ་ཚན་དང་པོར། ཡོངས་ཀྱི་རྩ་བའི་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་མཛད་རྣམ་དབུ་རྒྱན་དུ་དྲངས་ནས། ༧རྗེ་བདག་ཉིད་ཆེན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གདན་ས་སྨན་རི་དགོན་ལ་གཏན་རྒྱུན་བཙུགས་པ་ལོ་གཅིག་གི་ཟླ་བ་བཅུ་གཉིས་ཀྱི་ཡར་ངོ་ཐམས་ཅད་ལ་འཆད་ཉན་དང་མར་ངོ་ཐམས་ཅད་ལ་སྒྲུབ་པ་བཅུ་གཉིས་ཞེས་གསུངས་པ་ལྟར། དགེ་བཤེས་ཁོང་གིས་སྨན་རིའི་གླིང་དུ་ཚོགས་ཆེན་དབུ་མཛད་ཀྱི་ཐུགས་འགན་བཞེས་རིང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་དགོངས་དོན་ལྟར། སྒྲུབ་ཁང་དབང་དྲག་ཕོ་བྲང་གི་སྨན་རིའི་སྒྲུབ་པ་བཅུ་གཉིས་རེ་རེའི་ཟིན་བྲིས་བརྗེད་བྱང་དུ་བཀོད་ཡོད་པ་དང་། སྡེ་ཚན་གཉིས་པར། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཆེན་དབུ་མཛད་རིམ་ཕེབས་ཀྱི་ངོ་སྤྲོད་སྙིང་བསྡུས་དང་།
དེ་ནས་རྒྱལ་བ་སྨན་རི་བའི་ལུགས་ལྟར། རྗེ་མཉམ་མེད་ཆེན་པོའི་དུས་ཆེན་དང་། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འཁྲུངས་མཆོད། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་སོགས་ཀྱི་འགྲོ་རིམ་ཞིབ་རྒྱས་སུ་བཀོད་འདུག སྡེ་ཚན་གསུམ་པར། ༧སྨན་རིའི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་པའི་མཛད་རྣམ་དང་། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་རིམ་ཕེབས་ཀྱི་ངོ་སྤྲོད་སྙིང་བསྡུས། མཛད་སྒོ་ཁག་ལ་ཕེབས་པའི་གཏམ་བཤད་ཟིན་བྲིས། བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་བསྐོ་བཞག་གནང་སྟངས་དང་རྒྱུན་ལས་སོ་སོའི་ལས་འགན་སོགས་ཁ་གསལ་དོན་གསལ་གྱིས་ཡི་གེར་ཕབ་ཡོད་པ་བཅས་སོ། །
བརྗེད་བྱང་དེ་རྣམས་ཡི་གེར་ཕབ་སྟངས་ཀྱི་ཆ་ནས་ཞལ་གསལ་ཞིང་གོ་བདེ་བ། ལྷག་པར་སྨན་རིའི་ལུགས་ཀྱི་སྒྲུབ་མཆོད་དང་དུས་མཆོད་ཁག་གི་ཕྱག་ལེན་ཟིན་བྲིས་སུ་ཕབ་ཡོད་པ་འདི་ནི་མ་འོངས་ཕྱི་རབས་གཞོན་སྐྱེས་པ་རྣམས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་གནད་ཅན་ཞིག་ཏུ་འཁུམས་པར་སེམས།
སྤྱིར་དགེ་བཤེས་ཁོང་གིས་སྨན་རིའི་ཚོགས་ཆེན་དབུ་མཛད་དང་། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་སོགས་ཀྱི་ཐུགས་འགན་བཞེས་པའི་ཉམས་མྱོང་ལས་འཕྲོས་ཏེ་གལ་གནད་ཆེ་བའི་རེག་ཟིག་རྣམས་<<བརྗེད་བྱང་ཡིད་ཀྱི་མུན་སེལ་>>ཞེས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཕྱག་དེབ་འདི་ནི། རིང་ལུགས་འཁྲུལ་མེད་རྒྱལ་བ་སྨན་རི་བའི་རྗེས་འཛིན་པ་རྣམས་ལ་ཟུར་བལྟའི་ཕྱག་ལེན་གྱི་ས་བོན་གལ་ཆེན་དུ་དམིགས་ཏེ། འདི་ག་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པ་ཡིན།
མཐར་དགེ་བའི་བཤེས་གཉེན་གང་གི་ཐུགས་ཀྱི་དགོངས་བཞེད་ཡོ་ཀ་ཀེག་མེད་དུ་གྲུབ་ཅིང་ཁོང་གི་གསུང་རྩོམ་འདི་ཡང་རྒྱ་ཆེའི་བོན་ལུགས་དོན་གཉེར་ཅན་རྣམས་ཀྱི་ཐུགས་དགྱེས་པའི་མཆོད་ཡོན་དུ་འགྱུར་བའི་སྨོན་འདུན་བཅས།
༸སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་པ་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་དུ་འབོད་པས། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ ཚེས་ ༡༨ ཉིན་སྦྱར་བ་དགེ་གྱུར་ཅིག །
ཆབ་སྤྲུལ་དགེ་བཤེས་ཤེས་རབ་དབང་རྒྱལ་ལགས་ཀྱི་ངོ་སྤྲོད་བསྡུས་པ།
དགེ་བཤེས་ཁོང་ནི་མདོ་སྨད་ཟིང་ཆུ་སྐྱང་ཚང་དགོན་གྱི་ལྷ་སྡེ་སྐྱང་ཤར་འཁྱིལ་གསུམ་གྱི་ཁོངས་སུ་གཏོགས་པའི་ཤར་མོ་སྡེ་བཞིའི་ནང་ཚན་ཤུག་ཏོག་སྡེ་བ་ཨ་ཡིག་ཚང་འབོད་པའི་དུད་ཚང་ལ་ཡབ་ཨ་ཡི་ལྷ་འགྲུབ་བདུད་འདུལ་དང་ཡུམ་ལྗང་སྡོང་བཟའ་སྐལ་བཟང་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༨༤ ཟླ་བ་ ༦ ཚེས་ ༧ ཉིན་སྐུ་འཁྲུངས།
དེ་ནས་དགུང་ལོ་བདུན་ཐོག་ས་གནས་སློབ་གྲྭར་འགྲིམས་ནས་སྐད་ཡིག་སོགས་རིག་གནས་ལ་ཅུང་སྦྱང་སྐལ་ཐོབ། དགུང་ལོ་བཅུ་གཉིས་ཐོག་ལས་དབང་བཟང་པོ་ཞིག་གིས་དགོན་སྡེའི་རིག་གནས་ལ་འཇུག་རྒྱུའི་འཕྲོ་བྱུང་སྟེ། སྐྱང་ཚང་དགོན་པའི་དགེ་སློང་བསྟན་པ་ཚུལ་ཁྲིམས་མཆོག་བསྟེན་ནས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་དང་། གྱེར་དབྱངས་གདང་གསུམ། འབུད་བརྡུང་དཀྲོལ་གསུམ་སོགས་དགེ་རྒན་དམ་པའི་བཀའ་དྲིན་འོག་སྦྱང་ཐུབ་པར་བྱུང་། དེ་བཞིན་སྐྱང་ཚང་དགོན་པའི་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེའི་མདུན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་རིག་གནས་སྐོར་དང་། སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་མཚོན་པའི་ལམ་རིམ་གྱི་བོན་སྡེ་འགའི་ཁྲིད་ལུང་ཐོབ་ཅིང་། སྔོན་འགྲོ་འབུམ་དགུའི་བསགས་སྦྱང་ཞིག་གྲུབ་ཡོད།
དགུང་ལོ་ཉི་ཤུ། ཕྱི་ལོ་ ༢༠༠༤ ཕྱི་ཟླ་བཅུ་གཉིས་པའི་ནང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱོར་ཏེ། ཕྱི་ལོ་ ༢༠༠༥ ཟླ་བ་ ༡ ཚེས་ ༨ ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་ཏེ་མཚན་ལ་ཤེས་རབ་དབང་རྒྱལ་ཞེས་གསོལ། ལོ་དེའི་ཕྱི་ཟླ་ ༡ ཚེས་ ༨ ཉིན་ ༧ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ལ་ཞུགས་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་ཞང་ཡིགདང་རྩིས་དཀར་ནག་སྨན་སོགས་རིག་གནས་སྐོར་དང་། སུམ་ལྡན་སྡུད་གྲྭ་ནས་མཚན་ཉིད་སྡེ་ལྔར་མཚོན་པའི་མདོ་ཕྱོགས་དང་། ཐེག་འགྲེལ་མེ་ལོང་དགུ་སྐོར་གཙོས་པའི་གསང་སྔགས་རྒྱུད་སྡེ་སྐོར། དེ་བཞིན་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་གཙོས་པའི་རྫོགས་པ་ཆེན་པོའི་བོན་སྡེ་རྣམས་ལ་༧སྐྱབས་རྗེ་མཁན་སློབ་རྣམ་པའི་ཐུགས་རྗེ་དང་དགེ་རྒན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཐོས་བསམ་གྱི་གོ་སྐབས་ཐོབ་ཅིང་དེ་དག་གི་ཁྲིད་ལུང་ཟབ་མོ་ཡང་ཐོབ། ཁྱད་པར་དུ་ཕྱི་ལོ་ ༢༠༠༨ ལོར་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པ་དང་བསྟུན་རྩ་ཆེན་<<སྨན་སྒྲུབ་འོད་ཟེར་འབར་བའི་སྒྲུབ་ཆེན་>>ཞེས་པའི་སྒྲུབ་ཆེན་ཞིག་ཚོགས་ཡོད་པའི་སྒྲུབ་གཤེན་གྲས་སུ་སྒྲུབ་གཤེན་པ་གཅིག་ནི་ཁོངས་ཡིན་ནོ། །
ཕྱི་ལོ་ ༢༠༠༩ ཟླ་བ་ ༣ ཚེས་ ༡༨ དགུང་ལོ་ཉེར་ལྔའི་ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་ཏེ་མཚན་ལ་ཤེས་རབ་ཕུན་ཚོགས་དབང་རྒྱལ་ཞེས་བསྩལ་གནང་།
ཕྱི་ལོ་ ༢༠༡༣ ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་སྐབས་བཅུ་གསུམ་པའི་རྒྱུན་ལས་བསྐོས་བཞག་མཛད་པ་ལས་ཁོང་ཉིད་ནི་སྨན་རིའི་ཚོགས་ཆེན་དབུ་མཛད་ལ་ཐད་ཀར་བསྐོས་པ་ཞིག་ལགས་ཏེ། རྒྱུན་ལས་རྣམས་ཀྱི་ལོ་ཡུན་ནི་ལོ་གསུམ་ཡིན་ལ། དེའི་རིང་༧སྐྱབས་རྗེ་མཆོག་གི་བཀའ་དགོངས་ལྟར་ཕྱག་ལེན་ཚུལ་བཞིན་བསྐྱངས་ཡོད།
ཕྱི་ལོ་ ༢༠༡༣ ལོར་༧གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་གིས་མདོ་སྔགས་ཀྱི་བཀའ་དབང་ཟབ་མོ་དང་། ཕྱི་ནང་གསང་གསུམ་གྱི་རྒྱུད་ལུང་མན་ངག་མང་པོ་ཞིག་གི་བརྒྱུད་དབང་ལྗགས་ལུང་བསྩལ་བའི་སྐལ་བཟང་བྱུང་སྐབས་སུ་སྐབས་ ༡༣ པའི་སྨན་རིའི་གྲྭ་ཚང་རྒྱུན་ལས་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༣༤ རྒྱུན་ལས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཚོགས་ཆུང་གི་ལས་འགན་བཞེས།
དུས་སྐབས་བཟང་པོ་དེར་ཤེས་རབ་ཕུན་ཚོགས་དབང་རྒྱལ་ཁོང་ནི་ཁོང་དང་རུ་སྡེ་གཅིག་པའི་བླ་མ་ཚུལ་ཁྲིམས་རྣམ་དག་གམ་ཡོངས་གྲགས་སུ་ཤུག་ཏོག་ཨ་ཁུ་ཞེས་པའི་བླ་མ་ཁོང་གི་སྤྲུལ་སྐུ་ཡིན་པ་དངོས་སུ་ངོས་འཛིན་གནང་ཡོད་པ་ནི། སྐབས་དེ་དུས་༧སྨན་རིའི་བླ་བྲང་གི་བཀའ་དགོངས་ལྟར་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་བཞིན། སྨན་རིའི་དགོན་ལ་བཞུགས་པའི་བླ་མ་དང་སྤྲུལ་སྐུ། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཀའ་དབང་ཞུས་མཁན་གྲས་ཀྱི་བླ་སྤྲུལ་རྣམས་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་གདན་འཛོམས་བྱུང་ཞིང་། རྟེན་འབྲེལ་གསོལ་ཇ་དྲངས་པ་དང་༧སྐྱབས་རྗེ་ཞིང་ཁམས་པ་མཆོག་གིས་བཀའ་སློབ་ལམ་སྟོན་བསྩལ་བ་སོགས་བཀྲ་ཤིས་པའི་རྟེན་འབྲེལ་བྱུང་།
ཕྱི་ལོ་ ༢༠༡༧ ་ལོར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སྐབས་ ༣༧ པའི་ཚོགས་གཙོ་ལས་འགན་བཞེས་གནང་བ་དང་། ཁོང་ནི་དུས་རྒྱུན་དུ་སྐད་ཡིག་ལ་ཐུགས་སྣང་ཡོད་ཅིང་། བླ་མའི་བསྟོད་རྩོམ་དང་སྙན་རྩོམ་སོགས་རྩོམ་མི་ཉུང་ཞིག་བྲིས་སྤེལ་གནང་མྱོང་ཡོད། ཁྱད་པར་དུ་གྲྭ་ཚང་གི་དབུ་མཛད་དང་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གནང་བའི་རིང་སོ་སོའི་ཉམས་མྱོང་རྣམས་ཟིན་ཐོའི་ཚུལ་དུ་ཕབ་བྲིས་གནང་ནས་ད་ལན་<<བརྗེད་བྱང་ཡིད་ཀྱི་མུན་སེལ་>>ཞེས་ཕྱག་དེབ་ཞིག་བརྩམས་ཡོད།
ཕྱི་ལོ་ ༢༠༡༩ ལོར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་༧རྒྱལ་བ་གཉིས་པ་༧མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་བོད་ཟླ་དང་པོའི་ཚེས་ལྔ་ལ་སྐབས་ཉི་ཤུ་པའི་བཀའ་རམས་པའི་མཚན་གསོལ་བ་དང་། ལོ་དེར་ཟླ་བ་བཅུ་གཉིས་ལ་ཟླ་རེའི་བསྙེན་སྒྲུབ་ལ་བཞུགས་ཞིང་། འཆར་ཅན་ལྟར་དགེ་བཤེས་ཀྱི་དམ་བཅའ་དང་། ཚིག་བཀྲ་བཤད་པ་སོགས་བློ་འཛིན་གྲ་སྒྲིག་ལེགས་པར་མཛད།
ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་ ༣ ཚེས་ ༡༠ ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་པའི་སྐལ་པ་བཟང་པོ་བྱུང་བ་དང་། ལོ་འདིའི་ལོ་མཇུག་ལ་༧གསང་སྔགས་སྒོམ་སྒྲུབ་གླིང་དུ་ཞི་བ་ཨ་གསལ་དང་གེ་ཁོད་གསང་བ་དྲག་ཆེན་གྱི་བསྙེན་མཚམས་ལ་བཞུགས་ནས་ལེགས་པར་གྲུབ་གནང་བའི་མཛད་པ་སོགས་བསྐྱངས་བ་བཅས་ངོ་སྤྲོད་མདོ་བསྡུས་ཙམ་མོ། །
དགེ་བཤེས་ལགས་ཁོང་གི་བཀའ་མངགས་གནང་བར་ངོ་མ་ཆོག་ཙམ་ཞིག་ཟིང་ཆུ་བློ་གྲོས་ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༢ བོད་ལྕགས་གླང་ལོའི་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཉིན་བྲིས་ཚར་བའོ། །