སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐར་རུ་ཕྱིན་མཛད་ཅིང་། །གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པའི། །གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །
སྟོན་པའི་བཀའ་<<མདོ་གཟེར་མིག>>ལས། “དགུན་ཟླ་ར་བའི་གནམ་སྟོང་ལ།།འཇིག་རྟེན་སྟོངས་ནས་གཤེན་རབ་འདས།”ཞེས་གསུང་པ་ལྟར་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་མེ་སྤྲེལ་ལོའི་དགུན་ཟླ་ར་བའི་གནམ་སྟོང་ཏེ་ཟླ་བ་༡༠ཚེས་༣༠ཉིན་ཏེ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་མི་རྟག་མྱ་ངན་ལས་འདས་ནས་མི་ལོ་༩༨༣༨འཁོར་བའི་དུས་ཆེན་གྱི་ཉིན་འདིར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཤེན་གྱི་དགེ་སྤྱོད་ཀྱི་ཆོ་གའི་ཞལ་ཕྱེས་ནས་འདས་མཆོད་སྲུང་བརྩི་ཞུས་ཡོད་ཅིང་།
དེ་ཡང་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ནི། རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ལས་བྱུང་ཞིང༌། དེ་ཡང་རྟག་གཟིགས་འོལ་མོ་ལུང་རིང་གི་ཡུལ་དབུས། སྐུ་མཁར་བར་པོ་སོ་བརྒྱད་དུ་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ཕྱི་ལོའི་སྔོན་གྱི་མི་ལོ་༡༦༠༡༧ཤིང་ཕོ་བྱི་བའི་ལོར་སྐུ་བལྟམས། སྟོན་པ་སངས་རྒྱས་དེ་ཉིད་ཀྱིས་རྣམ་པར་བཞེས་པ་དང༌། རྣམ་པར་སྤེལ་བ། རྣམ་པར་འདུལ་བ། རྣམ་པར་འདྲེན་པ། རྣམ་པར་ངེས་པ། རྣམ་པར་སྤྲུལ་པ། རྣམ་པར་འཇོམས་པ། རྣམ་པར་རྒྱལ་བ། རྣམ་པར་རིག་པ། རྣམ་པར་དབེན་པ། རྣམ་པར་གྲོལ་བ། རྣམ་པར་གྲུབ་པ་བཅས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་བསྟན།
ཁྱད་པར་དུ་གཤེན་ལོ་གཅིག་ནས་དགུའི་བར་ཕྱྭ་གཤེན་དང༌། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན། བླ་མེད་བཅས་ཐེག་པ་རིམ་པ་དགུ་གསུངས་ཤིང༌། ཡི་གེ་སོགས་བཟོ་རིག་པའི་སྲོལ་ཕྱེས་ཏེ་བཟོ་རྒྱལ་གར་མ་ལི་ཤོ་ལ་བསྟན། དེས་རང་གི་སློབ་མ་བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་པ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པདྨ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་བཅས་འཛམ་གླིང་བསྟན་པའི་རྒྱན་དྲུག་ལ་བཟོ་རིག་གཏན་ལ་ཕབ་སྟེ། བཟོ་ལས་མགར་དང་བཞུ་བླུག ལྷ་བྲིས། ཡིག་བྲིས་བཅས་བཟོ་རིག་པའི་སྲོལ་ཐོག་མར་བཏོད་པའོ། །
གཤེན་ལོ་བཅུ་ནས་བཅུ་བཞི་བར་ཚད་མ་རིག་པ་དང་སྒྲ་རིག་པ། སྐར་རྩིས་དང་འབྱུང་རྩིས་བཅས་འཁོར་རྣམས་ལ་བསྟན་པ་ནས་བཟུང་དེ་དག་གི་སྲོལ་ཡང་ཐོག་མར་བྱུང༌། གཤེན་ལོ་བཅོ་ལྔ་ནས་བཅུ་དྲུག་བར་སྡིག་ཅན་གཏོ་བུ་དོད་དེ་སོགས་ཤིན་ཏུ་སྡིག་ཆེ་བའི་འགྲོ་བ་གྲངས་མང་བ་ཞིག་ཐར་པ་སངས་རྒྱས་ཀྱི་ཞིང་དུ་བཀོད་ཅིང༌། དགུང་ཞག་ཞེ་དགུའི་རིང་གཤིན་པོའི་རྗེས་སུ་ནང་མི་རྣམས་ཀྱིས་མཆོད་སྦྱིན་ལ་འབད་པའི་སྲོལ་བཏོད། བཅུ་བདུན་ནས་ཉི་ཤུའི་བར་མ་རྟོགས་ལོག་པར་ལྟ་བའི་བདུད་རིགས་རྣམས་བཏུལ་ཞིང༌། རྟག་གཟིགས་འོལ་གླིང་ནས་རྫུ་འཕྲུལ་གྱིས་ཞབས་བཅག་སྟེ་ཀོང་ཡུལ་དུ་ཕེབས་ནས་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པས་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས། དེ་སྐབས་བོད་ཀྱི་བོན་པོ་རྣམས་ལ་ཡར་གྱི་ལྷ་གསོལ་བ་དང་མར་གྱི་འདྲེ་ཕུད་པ། བསང་དང་རླུང་རྟ། དར་ཅོག་འཛུགས་པ་སོགས་འབྱུང་བ་ལྔ་ལ་བཅོས་པའི་རྒྱུ་ཡི་བོན་བསྟན་ཏེ། ནམ་ཞིག་བོད་དུ་ཐེག་པ་རིམ་དགུའི་བོན་རྣམས་དར་བའི་སྨོན་ལམ་བཏབ། སྐབས་དེར་ཀོང་པོ་བོན་རིར་ཞབས་བཅགས་བྱིན་གྱིས་རླབས་པས་ད་ལྟ་བོན་པོ་རྣམས་ཀྱིས་ཀོང་པོ་བོན་རི་ཞེས་ས་གནས་བྱིན་ཅན་དུ་བརྩི་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན།
གཤེན་ལོ་ཉི་ཤུ་ནས་སོ་གཅིག་བར་འཛམ་གླིང་གི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་གངས་ཏི་སེ་ལ་བྱིན་གྱིས་རླབས་ནས་གང་ལ་གང་འདུལ་གྱི་བསྟན་པ་སྤེལ་ཞིང༌། བྱེ་མ་ཉི་ཁྲི་ཆུ་རྒྱུན་དང༌། ཁམས་བརྒྱད། བདལ་འབུམ། ཉི་མ་དགུ་ཤར། རྩེ་འབུམ། བ་ག་དབྱིངས་འབུམ་སོགས་འབུམ་རྒྱས་འབྲིང་བསྡུས་གསུམ་གཏན་ལ་ཕབ། །གཤེན་ལོ་སོ་གཅིག་ཐོག་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་རྒྱུད་བསྐུལ་བའི་ཚུལ་མཛད་དེ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་ཞིང་པད་ཞུ་སུལ་བུ་རྩ་ལྔ་དང༌། རྨད་གོས་གླིང་སྣམ་རྩ་ལྔ། རྨད་འོག་གླིང་སྣམ་བདུན་པ། སྨད་ཤམ་སུལ་བུ་རྩ་ལྔ། སྟོད་གོས་སུལ་བུ་རྩ་ལྔ། པད་ལྷམ་པད་རྩེགས་གཉིས་སྦྱོར་བཅས་རྨད་དུ་བྱུང་བའི་ན་བཟའ་པད་ལོ་རིས་དྲུག་སྐུ་ལ་གསོལ་ནས་ཁྱིམ་སྤངས་རབ་ཏུ་བྱུང༌། དེ་ནས་འཁོར་དང་རྒྱལ་སྲིད་ལོངས་སྤྱོད་ཀུན་དོར་ནས་མེ་ཏོག་གླིང་ལ་དཀའ་ཐུབ་ཏུ་གཤེགས་ཏེ། ཉིན་མཚན་དུས་དྲུག་ཏུ་དགེ་སྦྱོར་ལ་བརྩོན་ཞིང་གསོལ་ཟས་སྤང་བླངས་མཛད་ནས་ཤ་ཆང་སྒོག་བཙོང་ལ་སོགས་གཏན་དུ་གསོལ་བར་མ་གནང་ངོ༌། །
གཤེན་ལོ་སོ་གཉིས་ནས་ཞེ་ལྔའི་བར་འོག་མིན་ཞིང་དུ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དྲངསྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པར་ལེན་པའི་ཚུལ་མཛད་ཅིང༌། བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་ལོ་དགུར་སྤྱད། དེ་ནས་འཁོར་རྣམས་སྡེ་བཞི་ཡ་བརྒྱད་དུ་ཕྱེས་ཤིང༌། ཁྱབ་པ་ལ་སོགས་ཕོ་གྲལ་གཡས་དང༌། གཤེན་བཟའ་ནེའུ་ཆུང་ལ་སོགས་མོ་གྲལ་གཡོན་དུ་བྱས་ནས་སོ་ཐར་རིགས་བཞི་སྟེ། བསྙེན་གནས་དང༌། དགེ་བསྙེན། གཙང་གཙུག དྲང་སྲོང་ཕོ་མོ་བཅས་ལ་སོ་ཐར་གྱི་སྡོམ་པ་གནང༌།
གཤེན་ལོ་ཞེ་དྲུག་ནས་གྱ་གཅིག་བར་གཡུང་དྲུང་དགུ་རྩེགས་ནགས་ཚལ་དབེན་གནས་སུ་དགོན་པར་བཞུགས་པའི་དུས། གདུལ་བྱ་དབང་རྟུལ་རྣམས་ལ་སྤང་གཉེན་རིམ་སྐྱེ་འོག་མའི་ཐེག་པ་བསྟན་ཞིང༌། དབང་རབ་རྣམས་ལ་ཚེ་གཅིག་སངས་རྒྱས་སྒྲུབ་ཐབས་རྫོགས་པ་ཆེན་པོའི་ཐེག་པ་གསུངས་པ་སོགས་འཁོར་རྣམས་ལ་རང་རང་གི་བློ་ཚད་དང་མཐུན་པའི་བོན་འཁོར་རིམ་པ་གསུམ་སོགས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་ནས་གསུངས་པའོ།།མཐར་གཤེན་ལོ་གྱ་གཉིས་ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར། ཕྱི་ལོའི་སྔོན་གྱི་མི་ལོ་ ༧༨༡༧ ལ་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པའོ། །
དེ་ནས་སྟོན་པའི་མཛད་པ་རྫོགས་ཏེ་ཕྱི་ལོའི་སྔོན་གྱི་མི་ལོ་ ༧༨༡༦ ལ་གདུང་འཚོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་སོགས་གཙོ་འཁོར་བཅུ་གསུམ་གྱིས་རྒྱལ་བའི་བཀའ་རྣམས་མདོ་སྡེ་དང༌། འབུམ་སྡེ༑ རྒྱུད་སྡེ༑ མཛོད་སྡེ་བཅས་བཞི་རུ་ཕྱེས་ནས་དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་བཀའ་བརྟེན་བརྩམས་ཤིང༌། སློབ་ཚོགས་བསྐྱངས་པའི་ནང་ནས་མཆོག་ཏུ་གྱུར་པ་རྫུ་འཕྲུལ་གྱི་ཞབས་དང་ལྡན་པའི་ལོ་ཙཱ་བ་ཆེན་པོ་རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང༌། ཞང་ཞུང་ལ་ཁྲི་ཐོག་སྤར་ཙ། སུམ་པ་ལ་འགུ་ཧུ་ལི་སྤར་ཡ། རྒྱ་གར་ལ་ལྷ་བདག་སྔགས་གྲོལ། རྒྱ་ནག་ལ་ལེགས་ཏང་རྨང་པོ། ཁྲོམ་ལ་གསེར་ཐོག་ལྕེ་འབྱམས་བཅས་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་ཞིང་བོན་རྣམས་རང་རང་གི་ཡུལ་དུ་དྲངས་ཏེ་སོ་སོའི་རང་སྐད་དུ་བསྒྱུར་ནས་དར་བར་མཛད་དོ། །
མཁས་པ་དེ་རྣམས་ཀྱི་དྲུང་ནས་བློ་གྲོས་ཀྱི་རྩལ་རྫོགས་པ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང། སེ་བོན་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་བོན་གྱིམ་ཚ་རྨ་ཆུང་སྟེ། སྨད་ཀྱི་མཁས་པ་མི་བཞིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ས་གནས་སུ་གཡུང་དྲུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་གངས་ཅན་གྱི་ཞིང་དུ་དར་བར་མཛད།
གཞན་ཡང་ཕྱི་ལོའི་སྔོན་གྱི་མི་ལོ་ ༡༡༩༦ ལ་རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་ཞང་ཞུང་དང་བོད་གཉིས་སུ་འཆད་ཉན་དང་འདུལ་བའི་བསྟན་པ་སྤེལ་བའི་དུས་ལ་བབས་པར་དགོངས་ནས་རང་བྱུང་གི་མཆོད་རྟེན་བཞིའི་ནང་ནས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་གདན་དྲངས་ཏེ་ཞང་ཞུང་དང་བོད་སོགས་སུ་བྱོན་ནས་བསྟན་པ་རྒྱ་ཆེར་སྤེལ། བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་འདུལ་བའི་བསྟན་བོད་དུ་དར་རྗེས་འདུལ་བའི་སྡེ་ཕམ་ཤི་དང་ཡ་གོང་གཉིས་སུ་གྱེས་ཏེ་འདུལ་བསྟན་ལ་ནང་འཁྲུགས་བྱུང་བས། མུ་ཟི་གསལ་བཟང་གིས་མ་འོངས་འདུལ་བསྟན་གྱི་ས་བོན་དུ་དམིགས་ཏེ་མདོ་སྨད་རྨ་རི་དེལ་གསུམ་དུ་འགོག་པར་ཞུགས།
ཕྱི་ལོའི་སྔོན་གྱི་མི་ལོ་ ༥༥༢ ལ་སྙ་ཆེན་ལི་ཤུ་སྟག་རིང་དང༌། ཁྱུང་པོ་སྟག་སྒྲ་དོན་གཙུག བྷེ་ཤོད་ཀྲམ། གཅོ་ཁྲི་གཙུག་བཅས་བོད་ཀྱི་བོན་པོ་རིག་པ་གསལ་བ་བཞི་ལ་བོད་ཀྱི་རྒྱལ་པོས་ཞང་ཞུང་དུ་བོན་འཚོལ་བར་བཏང་ནས་གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་དང་རྟག་གཟིགས་ཀྱི་མཁས་པ་གསུམ་ལ་སོགས་བླ་མ་མང་པོར་གཏུགས་ཤིང་བོན་གྱི་ཡང་བཅུད་ཁྲི་ཕྲག་མང་པོ་བསྣམས་ཏེ་ཏི་སེ་བརྒྱུད་བོད་ཡུལ་དབུས་སུ་ཕེབས་ནས་བོན་རྣམས་རྗེ་ལ་གཟིགས་སུ་ཕུལ་ཞིང་བོད་སྐད་དུ་བསྒྱུར་ནས་སློབ་རྒྱུད་བསྐྱངས་ཏེ་མཁས་པ་གྲུབ་ཆེན་བཅོ་བརྒྱད་སོགས་ལ་བརྒྱུད།
ཁྱད་པར་དུ་ཕྱི་ལོའི་སྔོན་གྱི་མི་ལོ་ ༡༩༤ ལ་བླ་ཆེན་དྲན་པ་ནམ་མཁས་ཀྱང་མཁས་པ་མི་བཞི་གཙོས་པའི་རྟག་གཟིགས་དང་བྲུ་ཤའི་མཁས་པ་མང་པོའི་ཞབས་ལ་གཏུགས་ནས་དེ་དག་གི་ཐུགས་བཅུད་བླངས་ཏེ། ཐོས་བསམ་ཕུལ་དུ་ཕྱིན་པར་མཛད་པས་ཕྱི་རོལ་མུ་སྟེགས་ཀྱིས་བོན་ལ་རྒོལ་བ་རྣམས་བཟློག་པར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་སྤེལ་ལོ། །
དེ་དག་བོད་ཀྱི་མི་སྣ་ཁ་ཤས་ཀྱིས་སྤྱོད་པ་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་སྲིད་ལུགས་གཉིས་ཟུང་དུ་སྦྲེལ་ཏེ་རྩ་བ་རྒྱལ་བུས་བཀའ་ཁྲིམས་སྩལ་བའི་མདོ་སོགས་ལ་གཞི་བཟུང༌། རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གིས་གཉའ་མནན། བོན་ཁྲིམས་དར་གྱི་མདུད་པས་དམ་དུ་བསྡམས་ནས་བོད་ཀྱི་རྒྱལ་པོ་ཐོག་མ་མི་ཡི་མགོན་པོ་ལྷ་ཡིས་བསྐོས་པ་བོད་རྒྱལ་གཉའ་ཁྲི་བཙན་པོ་༼ཕྱི་ལོའི་སྔོན་༡༡༣༦༽ནས་བཟུང་སྟེ་གནམ་གྱི་ཁྲི་བདུན་དང༌། བར་གྱི་ལྡིང་གཉིས། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ༌། རིག་པ་ཅན་གྱི་རྒྱལ་པོ་བཞི་བཅས་རྒྱལ་རབས་སོ་གཉིས་ཀྱི་རིང་ལ་མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ། ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང༌། ལས་སྤྱོད་དགེ་བར་སྤྱོད་པས་ལམ་རྒྱུད་གཙང༌། ཞེས་གྲགས་པ་ལྟར། བོད་རྒྱལ་དེ་དག་གི་རིང་ལ་ཐར་ལམ་འདྲེན་པའི་སྐུ་གཤེན་རེ་དང༌། སྐད་རིགས་སྒྱུར་བའི་ལོ་པཎ་རེ། བྱས་བཞག་མཛད་པའི་གསས་ཁང་རེ་བཞེངས་ཏེ། གཡུང་དྲུང་གི་བོན་རིན་པོ་ཆེ་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་ལ་བརྟེན་ནས་ཕུང་པོ་ལྷག་མེད་དུ་གཤེགས་པའི་འཇའ་ལུས་འཕོ་ཆེན་ཉེར་བཞི། གསང་བདག་གྲུབ་པའི་དབང་པོ་རྒྱལ་ཁམས་དང་གྲོང་ཁྱེར་མང་པོ་འདྲེན་ནུས་པའི་རིག་འཛིན་གྲུབ་ཆེན་བརྒྱད་ཅུ། གཞན་ཡང་རྫུ་འཕྲུལ་གྱི་རྩལ་དང་ལྡན་པའི་མཐུ་བོ་ཆེ་མི་དགུ་སོགས་བྱུང་ཞིང༌། འདུ་གནས་སུམ་ཅུ་རྩ་བདུན་སོགས་བོན་གྱི་འདུས་སྡེ་གྲངས་མང་འཕེལ་བར་མཛད། དེ་དག་གི་དུས་སུ་ཡང་རིག་པའི་གནས་ལྔ་ལ་བརྟེན་ནས། སེམས་ཅན་ཐབས་ཀྱིས་འདུལ་བ་དང༌། །ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། །ནད་ཀྱི་གདུང་བ་སྨན་གྱིས་གསོས། །གདོན་གྱི་གཙེས་པ་སྔགས་ཀྱིས་བཅོམ། །རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ་ཏེ་རྒྱལ་ཁམས་བདེ་ལ་བཀོད་ནས་སྐབས་དེར་གངས་ཅན་གྱི་ཞིང་འདིར་གཡུང་དྲུང་གི་བོན་ཁོ་ན་དར་ཞིང་རྒྱས་པར་བྱུང༌།
སྤྱིར་བོད་ཙམ་མིན་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་ཞིང་དུ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་རིང་ལ་རྒྱལ་ཁམས་མངའ་རིས་ཐམས་ཅད་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱིས་སྐྱོང་ཞིང་གནས་ནའང༌། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་༼ཕྱི་ལོ་༧༡༨ལ་འཁྲུངས།༽གྱི་སྐུ་ཚེའི་སྨད་དུ་བཙུན་མོ་དང་བློན་པོའི་ཕྲ་མའི་རྐྱེན་ལས་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་གཡོ་སྒྱུས་བཀྲོངས་ཤིང༌། གཡུང་དྲུང་གི་བོན་འདི་ཡང་ལན་གཅིག་བོད་དབུས་གཙང་གི་ཁུལ་དུ་བསྣུབས་པས་བོན་གཤེན་རྣམས་རེ་ཞིག་བྱེད་ཐབས་མ་རྙེད་ནས་གཏན་དུ་ནུབ་པར་མི་འགྱུར་བ་དང༌། ཕྱིས་སུ་དར་ཞིང་རྒྱས་པའི་སྐབས་ཡོང་བར་གཟིགས་ནས་ཟབ་གཏེར་ཕྱོགས་གང་སར་སྦས།
ཕྱིས་ཕྱི་ལོ་ ༩༡༣ ལོར་གཏེར་སྟོན་རྣམས་ཀྱིས་གཏེར་དྲངས་པ་དང༌། ཁྱད་པར་དུ་གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་ཆེན་ཀླུ་དགའ་༼༩༩༦།༡༠༣༥༽དང༌། གྱེར་མི་ཉི་འོད། རྨ་སྟོན་སྲོལ་འཛིན། དབྱིལ་སྟོན་ཁྱུང་རྒོད་རྩལ་སོགས་ཀྱིས་རིམ་བཞིན་ཟབ་གཏེར་བཞེས་པའི་ནང་ཚན་དམུ་རིགས་གཤེན་གྱི་གདུང་འཛིན་འཁྲུལ་མེད་སྤྲུལ་པའི་སྐུ་མཆོག་གཤཻན་ཆེན་ཀླུ་དགས་ཕྱི་ལོ་ ༡༠༡༧ ལོར་ལྷོ་འབྲིག་མཚམས་མཐའ་དཀར་ནས་བོན་གཏེར་བཞེས་པ་ནས་བོན་བསྟན་ཕྱི་དར་གྱི་དབུ་ཚུགས་པའི་གྲགས་སྙན་རྒྱ་ཆེར་ཁྱབ་ཅིང༌། ཁོང་གི་སློབ་མ་བཀའ་བབས་ཀྱི་བུ་ཆེན་བཞི་དང༌། རྒྱལ་མཚན་ཐོབ་པའི་མི་བཞི། ཉང་སྟོད་ཀྱི་དཔོན་བཞི། ཁ་ཐོར་ཉེར་གཅིག་སོགས་ཕྱོགས་ཀྱི་སློབ་བུ་མང་པོ་འདུས་སོ། །
དེ་དག་གི་རྒྱུད་འཛིན་གདུང་རྒྱུད་གྲགས་ཅན་བྲུ་ཞུ་སྤ་རྨེའུ་རྣམས་སུ་བྱུང་ཞིང་གདན་སའང་གཡས་རུ་དབེན་ས་ཁ་དང༌། ཞུ་དབང་ལྡན་ལྷུན་གྲུབ་སྒང༌། སྤ་ལ་ཕུག རྨེའུ་བཟང་པོ་རི་སོགས་གཞན་ཡང་བོད་ཡུལ་སྟོད་སྨད་གང་སར་གཡུང་དྲུང་བོན་གྱི་དགོན་སྡེ་བརྒྱ་ཕྲག་གསུམ་ལྷག་དར་རྒྱས་བྱུང༌། སྤྲུལ་སྐུ་གཤེན་ཆེན་པོའི་སློབ་མའི་མཆོག་གྱུར་བྲུ་ཆེན་ནམ་མཁའ་གཡུང་དྲུང་༼༩༩༤།༡༠༥༤༽མཆོག་གིས་ཕྱི་ལོ་༡༠༣༥ལོར་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་ལ་འགྲེལ་ཆེན་བཏབ་སྟེ་ཤིང་རྟའི་སྲོལ་འབྱེད་ཆེན་པོའི་སྙན་པ་ཡོངས་ལ་ཁྱབ། ཁོང་གི་གཅུང་པོ་པདྨ་རྒྱལ་མཚན་གྱི་སྲས་བྲུ་རྗེ་གཡུང་དྲུང་བླ་མའམ་བྲུ་བདག་ཉིད་རྗེ་བཙུན་གྱིས་ཕྱི་ལོ་ ༡༠༧༢ ལོར་གཙང་གཡས་རུ་དབེན་སའི་དགོན་སྡེ་ཕྱག་བཏབ་ཅིང་བོན་གྱི་བསྟན་པ་ལ་འཆད་ཉན་ཐོས་བརྩོན་སོགས་ཀྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཁྱད་པར་དུ་བྲུ་ཆེན་ནམ་མཁའ་གཡུང་དྲུང་ནས་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་བར་གཡས་རུའི་སྟོན་པ་བཅོ་བརྒྱད་དུ་གྲགས་པ་ཀུན་གྱིས་གབ་མཛོད་ས་གསུམ་ལ་འགྲེལ་ཆེན་རེ་མཛད་ནས་དུས་རབས་བཅུ་པའི་དཀྱིལ་བར་གཡས་རུའི་དགོན་ཆེན་དུ་འདུས་གྲྭ་སྟོང་དང་ཁྲི་རུ་འཕེལ་ཞིང་རྩོད་བྲལ་གྱི་མཁས་པ་མང་པོ་བྱོན།
དེའི་ནང་ནས་ཀྱང་རྗེ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ནི་མདོ་སྨད་རྒྱལ་རོང་ཡུལ་དུ་ ༡༣༥༦ ལོར་སྐུ་འཁྲུངས་ཤིང༌། ཕྱིས་སུ་དབུས་ཕྱོགས་སུ་ཕེབས་ནས་གཡས་རུའི་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་བོན་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་ལ་བརྩོན་པ་མཐར་ཕྱིན་མཛད་པས། སྟོན་པ་སངས་རྒྱས་ཉིད་སླར་ཡང་འཛམ་གླིང་དུ་བྱོན་པ་ལྟ་བུའི་བསྟན་པའི་གསལ་བྱེད་དུ་གྱུར། ལྷག་པར་དུ་གཡས་རུ་དབེན་ས་ཁ་ཆུ་ཡིས་འཇིག་སྟེ་ཤུལ་ཙམ་ལས་མ་ལྷག་པའི་སྐབས་སུ། བོན་སྐྱོང་རྣམས་ཀྱིས་རྗེ་ཉིད་ལ་སླར་ཡང་གཡུང་དྲུང་བོན་གྱི་ལྟེ་གནས་ཀྱི་དགོན་པ་ཞིག་གསར་བཞེངས་གནང་དགོས་པའི་ལུང་བསྟན་གྱིས་སྐུལ་མ་ཡང་ཡང་ཞུས་པ་དང༌། རྗེ་ཉིད་ཀྱིས་ཀྱང་དེ་ལྟ་བུའི་དགོན་པ་ཞིག་མེད་དུ་མི་རུང་བར་དགོངས་ནས་ཐུགས་སྲས་རིན་ཆེན་རྒྱལ་མཚན་དང་ལྷན་དུ་གཙང་ཐོབ་རྒྱལ་གྱི་གནས་སུ་ཕྱི་ལོ་༡༤༠༥ལོར་དགོན་པ་ཞིག་ཆགས་བཏབ་མཛད་དེ་བཀྲ་ཤིས་སྨན་རིའི་གླིང་ཞེས་མཚན་གསོལ། དགོན་གནས་དེའི་ཕྱི་ནང་གི་སྒྲིག་ལམ་རྣམས་འདུལ་བའི་བསླབ་བྱ་དང་བསྟུན་ཏེ་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་བཤད་སྒྲུབ་གཉིས་ཀྱི་བྱེད་སྒོ་ཡང་ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་ཀྱི་སྲོལ་རྒྱུན་བསྐྱངས། སྐབས་དེར་རྗེ་ཉིད་ཀྱིས་ཀྱང་འཕྲུལ་སྒྲོན་རྣམ་ལྔ་སོགས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མང་པོ་བརྩམས་ཏེ་སློབ་ཚོགས་བསྐྱངས་བ་དང༌། མཁས་པའི་མཚན་སྙན་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་སྟེ་སྐལ་ལྡན་གྱི་གདུལ་བྱ་མང་པོ་མ་བོས་ངང་གིས་འདུས་པར་གྱུར། དེ་ལ་བརྟེན་ནས་བཀྲ་ཤིས་སྨན་རིའི་གླིང་འདི་གཡུང་དྲུང་བོན་གྱི་དགོན་པ་ཀུན་གྱི་མ་དགོན་དུ་གྱུར་ཏེ་ཆོ་ག་ཕྱག་ལེན་དང་འཆད་ཉན་གྱི་སྲོལ་རྣམས་ཀྱང་འདིའི་ལུགས་བཞིན་སྤྱོད། དགོན་པ་འདི་དང་འདིའི་ཡན་ལག་ལྟ་བུར་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་གཙང་རུ་ལག་གི་སར་ ༡༨༣༤ ལོར་ཆགས་བཏབ་གནང་བའི་རབ་ལེགས་གཡུང་དྲུང་གླིང་དང༌། དེ་རྗེས་འགྲོ་མགོན་ཤེས་རབ་གཡུང་དྲུང་གིས་གཙང་བྲུད་ཀྱི་མཁར་སྡོང་གི་སར་ ༡༨༧༣ ལོར་ཆགས་བཏབ་གནང་བའི་མཁར་སྣ་བསམ་གཏན་གླིང་བཅས་དགོན་པ་འདི་གསུམ་ལ་གྲྭ་ས་གོང་འོག་བར་གསུམ་དུ་འབོད་པ་ཡིན།
གཞན་ཡང་རྗེ་མཉམ་མེད་ཆེན་པོའི་རྒྱལ་ཚབ་རིམ་པར་བྱོན་པ་རྣམས་ཀྱི་ནང་ནས་ད་ལྟའི་མཁན་རབས་སོ་བཞི་པ་ྋསྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་འདི་ཉིད་ཀྱི་བར་དུ་མཁས་པའི་སྙན་པ་ཕྱོགས་བཅུར་གྲགས་པའི་དམ་པ་མང་པོ་བྱོན་པར་མ་ཟད་དེ་དག་གིས་མཛད་པའི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཀྱང་ཤིན་ཏུ་མང༌།
རྗེས་སུ་༡༩༥༩ལོར་བོད་ཡུལ་སྤྱི་ལ་ཡུལ་དུས་འཕོ་འགྱུར་གྱི་དབང་གིས་སྐྱེས་ཆེན་བླ་སྤྲུལ་དུ་མ་ཞིག་རྒྱ་གར་དང་བལ་ཡུལ་འབྲུག་སོགས་སུ་ཕེབས་པའི་ནང་ནས་༧གདན་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་གི་མཁན་རབས་སོ་གཉིས་པ་ཤེས་རབ་བློ་གྲོས་མཆོག་དང་ཡོངས་འཛིན་སངས་རྒྱས་བསྟན་འཛིན། ྋསྐྱབས་རྗེ་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག ༧གདན་ས་འོག་མ་གཡུང་དྲུང་གླིང་གི་མཁན་རབས་བཅུ་བ་ཤེས་རབ་བསྟན་པའི་རྒྱལ་མཚན། སྨན་རིའི་མཁན་རབས་སོ་གསུམ་པ་ྋསྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སོགས་ཀྱིས་ཛ་དྲག་གི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་བོན་གྱི་སེར་སྐྱ་མི་དམངས་རྣམས་བསྡུ་རུབ་ཀྱིས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་དུ་བོན་གྱི་གཞིས་ཆགས་ཐོབ་རྒྱལ་གསར་པ་གསར་འཛུགས་གནང་སྟེ་བོད་དུ་རིག་གནས་གསར་བརྗེའི་སྐབས་ཉམས་ཆག་ཕྱིན་པའི་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང༌། ལྷག་པར་དུ་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་གི་བཤད་སྒྲུབ་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཡོང་བའི་སླད་དུ་དཔལ་གཤེན་བསྟན་སྨན་རིའི་གླིང་ཆགས་བཏབ་མཛད་དེ་ད་ལྟའི་བར་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གསུམ་ལ་འབད་བཞིན་པས་མ་ཚད་བོད་ཕྱི་ནང་སོགས་འཛམ་གླིང་རྒྱལ་ཁབ་དུ་མར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་བཞིན་པ་ལགས་སོ། །