གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་ཆུ་སྟག་ལོའི་བོད་ཟླ་༡པོའི་ཚེས་༡༡སྟེ། ཕྱི་ལོ་ ༢༠༢༢ཟླ་ ༣ཚེས་༡༣རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་ནས་
༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་འོག་གཤེན་གྱི་གར་འཆམ་ཆེན་མོ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་ཉིན་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་རི་ཎ་ཀ་ཤབ་Pachhad MLA Reena Kashyap ཉིད་གཙོས་ས་གནས་འགོ་འཛིན་དང་སྐུ་ཚབ་བཅས་གཤེན་གྱི་གར་འཆམ་ཆེན་མོར་ཕེབས་བཅར་ཞུས་ཡོད་པ་དང་།
དེ་ཡང་གོང་ཚེས་ཆུ་ཚོད་དགུ་པ་ནས་བོན་གཤེན་རྔ་ཐོགས་ཀྱིས་སྣེ་དྲངས་པའི་སྲིད་རྒྱལ་དུས་དྲུག་དང་། རྣམ་བརྒྱད། ཤ་འཆམ་གྲུབ་རྗེས་ཉུང་ཇ་མཆོད་ཡོད་ཅིང་། དེ་རྗེས་ཀེང་འཆམ། མ་རྒྱུད་ཀྱི་གར་འཆམ་གྲུབ་མཚམས་སྔ་དྲོའི་མཛད་རིམ་གྲུབ་ནས་ཉིན་གུང་གསོལ་ཚིགས་མཆོད་ཡོད་པ་རེད།
ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་གཤེན་རབ་དགུ་འཆམ། རྒྱལ་པོ་ཤེལ་ཁྲབ། རྒྱ་ནག་ཧ་ཤང་། ཨ་ཙ་ར། གཟེ་གྱད་སྤར་གསུམ། སྟག་གཡག་སེང་གསུམ་དང་། ཁྱུང་རྩེད་བཅས་གྲུབ་མཚམས་ཞང་ཞུང་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཆེ་བའི་ཤོན་རྩེད་འཁྲབ་ནས་ཉིན་འདིའི་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
གཤེན་གྱི་གར་འཆམ་ཆེན་མོའི་བྱུང་ཁུངས་ལོ་རྒྱུས་རྒྱས་པ་སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གིས་མཛད་པ་གཤམ་གསལ།
རྒྱལ་བ་གཤེན་གྱི་གར་འཆམ་ཆེན་མོའི་བྱུང་ཁུངས་ལོ་རྒྱུས།
བསྐྱེད་རིམ་དང་རྫོགས་རིམ་རྫོགས་པ་ཆེན་པོ་དང་གསུམ་དུ་བསྟན་པའི་ནང་ནས་དང་པོ་བསྐྱེད་པའི་རིམ་པ་ལ། དཀྱིལ་འཁོར་གཞི་ཡི་སྒྲུབ་པ་དྲུག་དང༌། ངོ་མཚར་ལམ་གྱི་སྒྲུབ་པ་དྲུག འབྲས་བུ་དབང་གི་སྒྲུབ་པ་དང་དྲུག་ཏུ་བསྟན་པ་ཡིན་ཞིང༌། དྲུག་གསུམ་བཅོ་བརྒྱད་ཀྱི་བསྐྱེད་རིམ་དེ་དག་གི་ནང་ཚན་ལམ་སྒྲུབ་དྲུག་གི་གྲངས་ཚན་བཞི་པ་ཕྱག་རྒྱ་སྐུ་བསྟོད་ཀྱི་རིམ་པ་ལས་འཕྲོས་ཏེ་སྔོན་འགྲོའི་སྟ་བོན་གྱི་རིམ་པས་གཞི་བཟུང་ཞིང་གསང་སྔགས་ཨ་དཀར་ཐེག་པའི་གཞུང་ལུགས་དང་འབྲེལ་ནས་ཕྱག་རྒྱ་གར་འཆམ་གྱི་གླེང་གཞི་ཁྱད་པར་ཅན་གྱི་ཁོག་དབུབ་སྟེ་འཆད་པར་འདོད་པ་ལ། གཞུང་གང་ལས་འཕྲོས་པའི་དབང་དུ་བྱས་ན། གསས་མཁར་རིན་པོ་ཆེ་སྤྱི་སྤྲུངས་ལས་གསལ་བ་ལྟར། བོན་གཏེར་གྱི་མཆོད་པ། མཉེན་ལྕུག་འཁྲིལ་ལྡེམ་ཁྲོ་བཞད་རྔམ། ཞེས་མཆོད་པའི་གར་དྲུག་གི་ཁོང་ལས་ཁྲོ་བཞད་རྔམ་པའི་གར་ལས་འཕྲོས། གཞུང་ཆེན་འགའ་ཞིག་ནས་ཁྲོ་བོ་རོལ་པའི་གར་དང༌། ཁྲོ་མོ་རྔམ་པའི་གར་ཞེས་ཀྱང་གསུངས། བྱུང་ཁུངས་ལོ་རྒྱུས་ཀྱི་རིམ་པའི་དབང་དུ་བྱས་ཏེ་བཤད་ན། མདོ་སྔགས་ཉི་ཟླ་ཟུང་འབྲེལ་གྱིས་བསྡུས་པའི་ཡེ་སྲིད་གཡུང་དྲུང་བོན་གྱི་བསྟན་པ་འདི་བསྟན་དང་འགྲོ་བའི་མགོན་དུ་ཕན་བདེའི་གསོས་སུ་བཞུགས་པ་ལ་མི་གནས་ཤིང་ཕྱི་ཡི་བར་དུ་གཅོད་པ་དམུ་དང་མཚམས།
ལྷ་དང་ཀླུ། དྲི་ཟ་དང་གནོད་སྦྱིན། གཉན་དང་སྲིན་པོ། བགེགས་དང་གཤིན་རྗེ། གྲུལ་བུམ་དང་བཙན་བཙུན། ཝེར་ཟེར་དང་ཆུད། ལྟོ་ཕྱེ་དང་མུ་སྟེགས་ཅན་ལ་སོགས་འདུལ་བའི་དོན་དུ། གནམ་གྱི་ལྷ་བོན་ལས་ས་ཡི་རྒྱལ་བོན་དུ་བྱོན་པའི། དབལ་བོན་སྟག་ལ་མེ་འབར་དང༌། གཤེན་གསང་བ་འདུས་པ་རྣམ་གཉིས་ཀྱིས། དྲེགས་པ་ཕོ་རིགས་རྣམས་འདུལ་བའི་དོན་དུ་ཁྲོ་བོ་གཙོ་མཆོག་དང༌། མོ་རིགས་རྣམས་འདུལ་བའི་དོན་དུ་ཡི་དམ་དབལ་གསས་རྔམ་པར་སྐུར་བཞེངས་ནས། བསྙེན་པའི་གཞི་མ་སྒོ་དགུས་གཞི་བཟུང༌། སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱིས་གཞུངས་བསྲངས། ལས་ཀྱི་མཆོང་ཆེན་སྡེ་དགུས་མཐའ་བསྒྱུར་ཏེ། ཡེ་ཤེས་ཀྱི་ཁྲོ་བོ་དྲུག་ཅུ་རྩ་གཅིག་རྩའི་དངས་མ་ལ་བཀོད། འཐོར་གསས་སུམ་བརྒྱ་དྲུག་ཅུ་གོ་རུ་བཀོད། རྔམ་པའི་གར་དང་བཟླས་བརྗོད་བསྔགས། སྐུ་འཁྲོས་པའི་སྒྲ་ལ་བསྭོ་དང༌། གསུང་འཁྲོས་པའི་སྒྲ་ལ་ཆ་དང༌། ཐུགས་འཁྲོས་པའི་སྒྲ་ལ་ཧ་ལའི་སྒྲ་ཆེན་རབ་ཏུ་བསྐུལ། བཅས་པ་འཇིག་བྱེད་སྣ་ཚོགས་ཀྱིས་བརྒྱན་པ། བཅོས་པ་དྲག་པོའི་ཚད་བཅུ་གཅིག་གིས་བསྡུས་པའི་དྲག་པོ་དབལ་གྱི་གཞལ་ཡང་ཁང་རབ་ཏུ་བསྐྱེད། འཕྲོ་འདུ་དྲུག་གི་ནང་ནས་གནམ་ལྕགས་ཞུན་མའི་འཕྲོ་འདུས། ལོག་པའི་སྟོབས་འཇོམས་ཏེ། མཆོད་ན་ཞི་བར་བྱས་པ་དང༌། བཀར་ན་ཁྱེར་བར་བྱས་པ། རྦད་ན་ཉན་པར་བྱས་པ། དྲེགས་པ་ཕོ་མོའི་སྲོག་གི་ཐིག་ལེ་ཐམས་ཅད་ཕྲོག་སྟེ་དུལ་བར་བྱས་པའོ། དེ་རྗེས་ཞང་ཞུང་བར་པའི་རྒྱལ་བ་མཉེས་པའི་ཚལ་དུ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས། གཞི་ཡེ་སངས་རྒྱས་པའི་རྒྱུད་ལ་ལོ་ལྔ་བཅུ། ལམ་མངོན་སངས་རྒྱས་པའི་རྒྱུད་ལ་ལོ་ལྔ་བཅུ། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལ་ལོ་ལྔ་བཅུ། བསྡོམས་པས་ལྔ་བཅུ་ཕྲག་གསུམ་རིང་ལ་གསས་མཁར་ཆེན་པོ་མ་རྒྱུད་ཀྱི་རྒྱུད་ཆེན་ རྣམ་གསུམ་ལ་ཐུགས་དམ་གྱི་ཉམས་ལེན་གནང་སྟེ་རྒྱལ་ཁམས་ཀྱི་འགྲོ་བ་ཐམས་ཅད་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུར་བརྙེས་པའི་སྔོན་འགྲོའི་སྟ་གོན་ལ་འཇུག་པའི་སྐབས། བགེགས་དང་ལོག་འདྲེན་རྣམས་ཀྱིས་བར་དུ་གཅོད་ཅིང་ཐོ་འཚམས་པ་ལ་བརྟེན། བསྐྱེད་རྫོགས་ཟུང་འཇུག་གི་ལམ་ནས་ཉོན་མོངས་པས་བསྐྱེད་དུ་མི་ཚུགས་པའི་གསང་མཆོག་མཐར་ཐུག་རྒྱལ་པོའི་སྐུ་རུ་བཞེངས་ནས། ས་འདུལ་བའི་ཕྱིར་ཁྲོ་བོ་རོལ་པའི་གར་བཞི་བཅུ་རྩ་་ལྔ་དང༌། ས་བཅག་པའི་ཕྱིར་ཁྲོ་མོ་རྔམ་པའི་གར་བཞི་བཅུ་རྩ་ལྔ་སོགས་ཀྱི་ཚོམ་རྔམ་གར་འཆམ་གྱི་ལས་ལ་བཞུགས་ཏེ། མཚན་མའི་བགེགས་རིགས་ཐམས་ཅད་རང་ས་རུ་ཞི་བར་བྱས་སོ། དེ་ནས་བོད་སྲིན་པོའི་རིགས་རྣམས་དབང་དུ་བསྡུས་པ་དང༌། བོད་ཀྱི་མི་ལས་གདུག་པ་ཆེ་བ་ཉང་པོ་དང་ཀོང་པོ་དག་པོ་གསུམ་དུ་བསྟན་པ་ལ། དེའི་ནང་ནས་གདུག་པ་ཆེ་བ་ཀོང་སྲིན་གདུག་པའི་མི་རྣམས་ཡིན་པར་གསུངས་པས། བདུད་སེམས་དགེ་ལ་བཀོལ་བའི་ཕྱིར་ཀོང་པོའི་ཡུལ་དུ་བྱོན། བདུད་དམག་གི་གཡུལ་ངོ་ཟློག་པའི་ཕྱིར། ཁྲོ་བོ་རོལ་པའི་གར་གྱིས། ཞབས་བགྲད། སྤྱན་ཟློག ཕྱག་གདེངས། བདུད་འདུལ་བའི་སྙིང་པོ་བཟླས། ཐུགས་རྗེ་ལྕགས་ཀྱུའི་འཕྲོ་འདུས་དམིགས་པ་གནས་ནས་འཛིན། བདུད་རྩི་རྒྱུན་མེད་ཀྱི་འཕྲོ་འདུས་ཉོན་མོངས་ཀྱི་བག་ཆགས་འཁྲུ་བར་མཛད། ལུ་གུ་རྒྱུད་ཀྱི་འཕྲོ་འདུས་ཐུགས་དམ་དབྱིངས་ནས་བསྐུལ་ཏེ། བདུད་ཀྱི་དམག་ཚོགས་རེ་རེ་ལ། ནམ་མཁའི་དཀྱིལ་ནས་ལྷའི་དམག་ཚོགས་བརྒྱ་བརྒྱ་བྱུང༌། བདུད་དམག་ཀྱི་གཡུལ་ངོ་བཟློག་ཅིང་ཀོང་པོའི་རོང་དུ་དེད། རྒྱ་ལག་ཐོད་རྗེ་གཡུལ་ཟིན་བྱས་པར་གྲགས་སོ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་རིང་རྒྱལ་བ་གཤེན་གྱི་གར་འཆམ་གྱི་སྲོལ་བཟང་ ཡོད་པའམ་ཡང་ན་གསར་གཏོད་ཀྱི་གཞི་བཟུང་ཅི་འདྲ་ཞིག་གནང་ཡོད་མེད་ཐ་གཅིག་ཏུ་ཁ་ ཚོན་ཆོད་པར་དཀའ་ན་ཡང༌། བོད་རྒྱལ་མུ་ཁྲི་ནས་བཟུང་བསྙེན་སྒྲུབ་ལས་སྦྱོར་ཚང་བའི་གསང་སྔགས་ཀྱི་ཆོ་གའི་ ཕྱག་ལེན་ཉམས་བཞེས་བསྟར་བ་ནས་བཟུང༌། གར་འཆམ་གྱི་རིམ་པ་རིམ་གྱིས་བརྒྱུད་དེ་མུ་ཆགས་སུ་གནས་ཡོད་པ་གོར་མ་ཆག་གོ།
རྒྱལ་བ་གཤེན་གྱི་གར་འཆམ་གྱི་ངོ་བོ།
གསང་སྔགས་ཀྱི་གཞུང་བཤད་དང་མཐུན་པར་རྒྱལ་བ་གཤེན་གྱི་གར་འཆམ་གྱི་ངོ་བོ་ནི། དམིགས་པའི་གནད་ལ་བདག་ཉིད་ཡི་དམ་གྱི་ལྷ་དང་བོན་སྐྱོང་སོགས་ཀྱི་ང་རྒྱལ་དང་མ་བྲལ་ཞིང་གསལ་སྣང་གི་རེག་པའི་ཚད་དུ་སླེབས་པ་དག་པ་དྲན་པའི་སྟོབས་ཀྱིས་ཐ་མལ་གྱི་སྣང་བ་གཞིལ་བ། རྫོགས་རིམ་གྱི་དབང་དུ་བྱས་ན། རྩ་རླུང་ཐིག་གསུམ་ལ་རང་དབང་འབྱོར་ཞིང་ཟུང་འཇུག་གྱི་ཕྱག་རྒྱ་མངོན་དུ་བརྙེས་པ། རྣམ་པའི་གནད་ལ་གང་གི་ངོ་བོར་བཞེངས་པའི་ཡི་དམ་དང་བོན་སྐྱོང་གི་ཆ་ལུགས་དང་ཡ་མ་བྲལ་བ་སྟེ། ཕྱི་ནང་གསང་བའི་བདུད་ཚོགས་རྣམས་ཟིལ་གྱིས་གནོན་པ་དང༌། ཁྱད་པར་དུ་རྟོགས་པས་བདག་བསྒྲལ་བ་དང་གྲུབ་པས་གཞན་བསྒྲལ་བའི་ལས་ལ་ཞུགས་པའི་ཞི་དྲག་ཅི་རིགས་ཀྱི་བསྡུས་པའི་ལུས་ཀྱི་སྟངས་སྟབས་ཞིག་ལ་འདོད་དེ།
རྩ་རྒྱུད་གསང་བ་བསེན་ཐུབ་ལས། རང་བཞིན་ཆ་ལུགས་ལྔ་རུ་བཞུགས་ནས་ནི། ཕྱག་རྒྱ་སྐུ་རྣམས་ཡེ་ཤེས་ལྷ་རུ་སྒོམ། བདག་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་ལས། ཕུང་པོ་རྩ་དང་ཡན་ལག་བཅའ་བ་རྣམས། སྒྱུ་འཕྲུལ་བྱེ་བ་ས་ཡ་ལུས་ལ་བཀོད། རྟགས་གསུམ་ཚང་ནས་དམིགས་པ་དབྱིངས་སུ་བསྟིམ། སེམས་བསྐྱེད་ཡིད་བཟུང་ལྷ་ཡི་ཏིང་འཛིན་ནི། ཆས་བཞག་རྟེན་གནས་ལྷའི་གཞི་མ་སྟེ། གནས་པ་མཚོན་ཕྱིར་དམིགས་པའི་ཕོ་བྲང་བཀོད། ཡིག་འབྲུ་བསྐྱེད་པ་ལྷའི་ས་བོན་ཏེ། ཡིག་འབྲུ་བརྒྱ་རྩ་སྐར་ཆེན་བཞིན་དུ་བཀྲམས། ཏིང་འཛིན་རྣམས་ནི་ལྷ་ཡི་ཞགས་པ་སྟེ། དམིགས་པ་མི་གཏོང་སོ་སོའི་གནས་སུ་བཟུང༌། སྙིང་པོ་རྣམས་ནི་ལྷ་ཡི་ཕེའུ་སྟེ། དབྱིངས་ནས་འགུགས་ཤིང་མཁའ་ལ་གསལ་ཀྱང་བཏབ། ཅེས་གསུངས་པ་ལྟར་རོ། ཡང་འགའ་ཞིག་ནས། གཞུང་བཤད་དང་མཐུན་པར་གར་ནི་ལག་པས་བསྒྱུར་བ་དང༌། བྲོ་ནི་རྐང་པས་བརྡུང་བ། ཞེས་ཀྱང་གསུངས། འཆམ་ཞེས་པ་ཡང༌། བོད་རྒྱ་ཚིག་མཛོད་ལས། དཔེར་ན་ཁ་འཆམ་པ་དང༌། གྲོས་འཆམ་པ་སྟེ། ཁ་མཐུན་པའམ་མཚུངས་པར་བསྒྱུར་བ་ལ་གོ་བས། ཞབས་ཕྱག་གི་སྟབས་རྣམས་མཚུངས་པར་བསྒྱུར་བ་ལ་འཆམ་ཞེས་གསུངས་པ་ཡང་ཕྱི་ལྟར་དེ་ ལྟར་ཡིན་དུ་ཆོག་ཀྱང༌། ནང་ལྟར་ན་བསྐྱེད་རྫོགས་ཟུང་འཇུག་དང་ཡ་མ་བྲལ་བར་ཞབས་ཕྱག་གི་སྟངས་སྟབས་མཚུངས་ པར་བསྒྱུར་བ་ལ་གོ་དགོས་སམ་སྙམ་མོ། དགོན་སྡེ་སོ་སོར་འཆམ་སྣ་མི་འདྲ་བ་དང་འཆམ་གྱི་སྲོལ་འབྱེད་མི་འདྲ་བས་གསར་ གཏོད་ལས་གྲུབ་པའི་འཆམ་སྲོལ་མི་འདྲ་བ་བརྗོད་ཀྱི་མི་ལང་བ་ཞིག་ཡོད་མོད་ཀྱང༌། བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར། འཆམ་ཆེན་གྱི་གཙོ་བོ། ཡེ་ཤེས་ཀྱི་དབལ་མོ་དང༌། དུས་དྲུག་སྤྲུལ་པའི་དབལ་མོ་དྲུག གསས་མཁར་མ་རྒྱུད་ཀྱི་གར་འཆམ། དབལ་ཕུར་ནག་པོའི་བསྒྲལ་བསྟབ། གཤེན་རབ་དགུ་འཆམ། གཟེ་གྱད་སྤར་མའི་གར་འཆམ་བཅས་འཆམ་སྲོལ་ཡོད་པའོ།
གར་འཆམ་གྱི་དགོས་ཆེད།
༢༠༠༤ ཡི་ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཚོགས་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་ཐེངས་ལྔ་པའི་སྐབས་སུ་ཁོ་བོས་བྲིས་པའི་གཤེན་གྱི་གར་འཆམ་སྐོར་ཞེས་པའི་རྩོམ་ གྱི་ནང་དོན་ལྟར་འགོད་པར་བྱ་བ་ལ། གཡས་སུ་བསྒྱུར་བ་ཐབས་ཀྱི་གར་ཞེས་པས། གསལ་ཆ་ཡབ་ལ་མཆོད་པ་འབུལ་བའི་བརྡ་དང༌། ཐ་མལ་གྱི་སྣང་ཞེན་ལས་ལྡོག་སྟེ་སྣང་སྲིད་སྣོད་བཅུད་ཐམས་ཅད་ལྷ་ཡི་རང་བཞིན་དུ་ འཆར་ཏེ། ཡེ་ཤེས་ཀྱི་རང་སྣང་ལ་རྒྱུན་ཆད་མེད་པར་ལོངས་སུ་སྤྱོད་པའི་དགོས་པ་དང༌།
གཡོན་དུ་བསྒྱུར་བ་ཤེས་རབ་གར་ཞེས་པས། སྟོང་ཆ་ཡུམ་ལ་མཆོད་པ་འབུལ་བའི་བརྡ་དང༌། རྟོག་འཛིན་བརྒྱད་དང་མངོན་ཞེན་དྲུག གཞན་ཡང་ཉོན་མོངས་དུག་ལྔ་དུག་གསུམ་ལ་སོགས་རང་སར་དེངས་ཏེ་གཟུང་འཛིན་གྱི་སྣང་ བ་ཐམས་ཅད་སླར་ཡང་ལྡང་བའི་སྐབས་མེད་པར་སྟོང་པའི་རང་མདངས་སམ་སྟོང་གཟུགས་ཀྱི་ ངོ་བོར་བཞེངས་ཏེ་སྟོང་ཆ་ཡུམ་གྱི་ཀློང་དང་འདུ་འབྲལ་མེད་པའི་དགོས་པ་དང༌། ཐུགས་ཀར་ཐབས་ཤེས་གཉིས་མེད་གར། ཞེས་པས། གསལ་སྟོང་ཟུང་འཇུག་ལ་མཆོད་པ་འབུལ་བའི་བརྡ་དང༌། ལྷན་སྐྱེས་མ་རིག་པའི་འཛིན་པ་རང་སར་དག་སྟེ། མཁའ་ལྡིང་གི་འདབ་གཤོག་ཟུང་དུ་འཇུག་པ་བཞིན། བསྐྱེད་རྫོགས་ཟུང་འཇུག་གིས་རྟག་ཆད་ཀྱི་མཚན་མ་རང་སར་དེངས་ཏེ། གསལ་བའི་ཆ་དང་བཅས་ཏེ་ཆད་ལྟ་ཟིལ་གྱིས་གནོན་པ་དང༌། སྟོང་པའི་ཆ་དང་བཅས་ཏེ་རྟག་ལྟ་ཟིལ་གྱིས་གནོན་པ། གཞན་ཡང་སྟོང་པའི་ཆ་དང་བཅས་ཏེ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང༌། གསལ་བའི་ཆ་དང་བཅས་ཏེ་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་དགོས་པ་ཡོད་དོ།
ཞབས་ཀྱི་འགྲོས་ཀྱིས་ཁམས་གསུམ་ས་དགུ་ཟིལ་གྱི་གནོན་ཞིང་གཡུང་དྲུང་ཐེག་པའི་ས་ བཅུར་འཛེགས་ཏེ། མཐར་ཐུག་བོན་ཉིད་བདེ་ཆེན་གྱི་ས་ནོན་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། འབྲིང་བསྐྱེད་རྫོགས་ཀྱི་ཉམས་ལེན་རྒྱུད་ལ་ལྡན་པའི་རྣལ་འབྱོར་ཕོ་མོ་རྣམས་ཚེ་ འདིའི་ལུས་རྒྱ་བྲལ་ནས་བོན་ཉིད་འོད་གསལ་གྱི་བར་དོའི་སྣང་བ་གཡོས་པའི་སྐབས། ཚོགས་བརྒྱད་ཀྱི་འཛིན་པ་གྲོལ་ཏེ། ཁྲོ་བོ་ཐམས་ཅད་ཡི་དམ་སྟེ་གསལ་ཆ་ཡབ་ཀྱི་ངོ་བོ་དང༌། ཁྲོ་མོ་ཐམས་ཅད་ཡུམ་སྟེ་སྟོང་ཆ་དབྱིངས་ཀྱི་ངོ་བོ་དང༌། མགོ་བརྙན་ཐམས་ཅད་བོན་སྐྱོང་སྟེ་བསྟན་སྲུང་དམ་ཅན་གྱི་ངོ་བོ། དེ་ལྟར་རྫོགས་སྐུའི་རང་མདངས་དུ་ངོ་ཤེས་ནས། སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་བར་དོ་དག་པ་རྫོགས་སྐུར་གྲུབ་པའི་དགོས་པ་ ཁྱད་པར་ཅན་ཡོད་དོ། དེར་མ་ཟད་གསང་སྔགས་ཀྱི་གར་འཆམ་འདི་ཉིད་མཇལ་བའི་སྐལ་པ་དང་ལྡན་པའི་སྐྱ་སེར་ ཕོ་མོ་སུ་ཡིན་རུང༌། རང་རྒྱུད་ལ་དད་པའི་ཞིང་ས་གཤིན་པོ་ཡོད་ན། ཀུན་ལ་སྙོམས་པ་ཉི་མ་ལྟ་བུའི་ཐུགས་རྗེ་ཡིས། བྱིན་རླབས་བདུད་རྩི་ཆུ་རྒྱུན་གྱིས་རབ་ཏུ་བརླན་ཏེ། རང་སེམས་དགེ་ལ་བཀོལ་བའི་མཐུན་རྐྱེན་དང༌། གནས་སྐབས་འགལ་རྐྱེན་གྱི་མཚན་མ་རང་སར་དེངས་ཤིང༌། ཀུན་གཞིར་བག་ཆགས་བཟང་པོ་འཇོག་པའི་སྟོབས་ཀྱིས། ལས་ཀྱི་འཕྲོ་མཐུད་དེ་མཆོག་ཆེན་རྒྱལ་བའི་གོ་འཕང་བརྙེས་པ་ལ་སོམ་གཉིས་ཀྱི་ འཆིང་ཐག་གྲོལ་བར་མཛོད་ཅིག་ཅེས་ཀྱང་བསྐུལ་ལོ།
གཟེ་གྱད་སྤར་གསུམ་གྱི་འབྱུང་ཁུངས་ལོ་རྒྱུས།
བྱུང་བའི་ཁུངས་བཙན་པ་དང་ལས་ཅན་ཡིད་ཆེས་བསྐྱེད་པར་བྱ་བའི་ཕྱིར། གླེང་གཞི་ཁྱད་པར་ཅན་ཕུན་ཚོགས་རྒྱུད་ཀྱི་དབང་དུ་བྱས་ན་འཆད་པར་འདོད་པ་ལ། དབལ་མོ་ཕྱི་ནང་གསང་གསུམ་གྱི་ཡང་སྙིང༌། ལོག་ལྟ་བོན་གཤེད་ཐམས་ཅད་ཀྱི་སྲོག་བདག བསྟན་དགྲ་གེ་ཤན་ཐམས་ཅད་ཀྱི་གཉའ་ནོན། གཡུང་དྲུང་བོན་བསྟན་སྐྱོང་བའི་སྲུང་མ། རྒྱུད་འཛིན་གཤེན་པོ་ཡོངས་ཀྱི་སྒྲུབ་སྡེ། བོན་སྐྱོང་ཕྱི་ནང་གསང་གསུམ་གྱི་རྩ་བ། རྩོད་ལྡན་དུས་ཀྱི་རྣལ་འབྱོར་ཡོངས་ཀྱི་སྒྲ་བླ། དྲེགས་པ་ཕོ་རྒྱུད་དང་མོ་རྒྱུད་ཐམས་ཅད་ཀྱི་གཙོ་མོ། མཁའ་འགྱིང་ཡབ་ཡུམ་རོལ་པའི་སྲས་མོ། སྟོང་གསུམ་གཡུལ་ལས་རྒྱལ་བའི་དཔལ་ལྡན། སྐུ་གསུམ་ཁྲོ་རྒྱལ་དགྱེས་པའི་སྦྱོར་ཡུམ། དུས་གསུམ་སྟོན་པ་ཡོངས་ཀྱི་བཀའ་ཉན། སངས་རྒྱས་བསྟན་འཛིན་གཤེན་པོའི་མཚོན་ཆ། མ་མོ་དགུ་ཁྲི་དགུ་འབུམ་གྱི་འ་མོ། བསྟན་སྲུང་དམ་ཅན་རྒྱ་མཚོའི་ནང་ནས་སྐུ་གསུམ་རྒྱལ་བའི་གོ་འཕང་མངོན་དུ་བརྙེས་ པའི་བསྟན་སྲུང་ཡོངས་ཀྱི་གཙོ་མོ། རང་རེ་བོན་འབངས་ཡོངས་ཀྱི་རྣམ་ཀུན་མཆོད་པའི་ཞིང་དུ་གྱུར་པའི་མ་མཆོག་སྲིད་ པའི་རྒྱལ་མོ་ཞེས།
ཡ་ཐོག་དང་མ་ཐོག རྩོད་ལྡན་དང་བསོད་རྒྱས། རྒྱལ་ཐེབས་དང་ལྔའི་དུས་ལ་བསྟན་དང་བསྟན་འཛིན༌། དེ་བཞིན་ཉམས་ཐག་སྐྱེ་རྒུའི་སྲོག་ལྡན་ཡོངས་ལ། མ་ལྟར་བྱམས་ཞིང་སྲིང་ལྟར་གདུང་བ་དང༌། གྲོགས་ལྟར་བརྩེ་བའི་ཚུལ་གྱིས་འཕྲིན་ལས་རྣམ་བཞིའི་འཇུག་པ་ཉི་ལྟར་སྙོམས་པའི་ ཡེ་ཤེས་ཀྱི་ལྷ་མོ་དེ་ཉིད་ཀྱི་བྱུང་རབས་ལོ་རྒྱུས་དང༌། མཐའ་ཡས་པའི་སྐྱེ་རྒུའི་དཔལ་དུ་གཞིར་བཞེངས་ཀྱི་སྒྱུ་འཕྲུལ་མཛད་དགོས་པའི་ རྒྱུ་མཚན་བཅས་གཉིས་སོ། མཆོག་གི་བྱུང་རབས་ཀྱི་ལོ་རྒྱུས་འདི་ལ། བཤད་སྲོལ་མི་འདྲ་བ་མཐའ་ཡས་པ་ཞིག་སྣང་ཀྱང༌། ད་ལན་འདིར་ཕུན་ཚོགས་བཀའ་ཡི་རྒྱུད་ཆེན་གསུམ་གྱི་དབང་དུ་བྱས་ཏེ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཞི་བ་གཡུང་དྲུང་ཡོངས་སུ་རྫོགས་པའི་འཕྲིན་ལས་ ཀྱི་གཞུང་དང། སྤྱི་སྤུངས་རིན་པོ་ཆེ་དྲྭ་བ་ཨ་དཀར་གསང་བ་སྔགས་ཀྱི་བཀའ་སྲུང་དྲྭ་བ་དམར་ནག་ གི་རྒྱུད། མ་གཅིག་སྲིད་པའི་རྒྱལ་མོ་ཡང་སྙིང་འདུས་པའི་སྤྱི་དོན་ཁོག་དབུབ་པའི་ལེའུ་ཡི་ བཤད་སྲོལ་དང་གསུམ་གྱིས་གཞུང་བསྲངས་ཏེ་འཇུག་པར་སྤྲོའོ། དེ་ལ་དང་པོ་ནི། བཟང་ཟ་དང་སྲིད་པའི་རྒྱལ་མོ།གནམ་ཕྱི་གུང་རྒྱལ། ཡུམ་ཆེན་ཐུགས་རྗེ་བྱམས་མ་ལ་སོགས་གཅིག་ཏུ་བྱས་ཏེ་སྲིད་ལུགས་དང་བྱུང་ཁུངས་ བསྟན་པ་ནི། དང་པོ་ཅིར་ཡང་མ་སྲིད་པའི་ནམ་མཁའ་སྟོང་པའི་ངང་ལས། འོད་ཀྱི་ཆོ་འཕྲུལ་ཅིར་ཡང་མཁྱེན་པར་སྲིད། འོད་ཀྱི་བཅུད་ལས་ཟེར་དང་ཡུད་དུ་སྲིད། ཟེར་དང་ཡུད་ལས་དྲོད་དང་མཉེན་དུ་སྲིད། དྲོད་དང་མཉེན་ལས་གཤེར་དང་རླན་དུ་སྲིད། གཤེར་དང་རླན་ལས་བག་དང་རྡུལ་ཙམ་དུ་སྲིད། བག་དང་རྡུལ་ཙམ་ལས་རིན་པོ་ཆེ་སྐྱེ་དགུའི་གཏན་གཞིར་སྲིད། ས་རིན་པོ་ཆེའི་དབུས་སུ་གཡུ་ཡི་རྒྱལ་མཚོ་གླིང་དགུ་པ་གཅིག་སྲིད། དེ་རླུང་གིས་བསྐྱོད་པ་ལས་ལྦུ་བ་གུར་ཙམ་ཞིག་སྲིད། ལྦུ་བ་དེའི་ནང་ནས་སྒོ་ང་འོད་ཀྱིས་བརྒྱན་པ་ཞིག་སྲིད་པ་ལས། སྒོ་ང་རྒྱ་མཚོའི་རླབས་ཀྱིས་བརྡོལ་བའི་ནང་ནས་དབྱལ་གྱི་མི་མོ་ཞིག་བྱུང་སྟེ་ རང་མིང་རང་གིས་གདགས་པས་བཟང་ཟ་རིང་བཙུན་དུ་བཏགས་སོ། ཡེ་སྲིད་ལྷ་ཡི་རྒྱལ་པོས་དབྱིངས་ནས་མཚན་གསོལ་བ། སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་མར་མཚན་གསོལ་ལོ། སྐུ་ལས་བསྐྱེད་པའི་སྲད་རྣམས་དང་གཤེན་པོ་རྣམས་ཀྱིས་མཚན་གསོལ་བ། ཡུམ་ཆེན་ཐུགས་རྗེ་བྱམས་མར་མཚན་གསོལ་ལོ། མི་ལ་སོགས་པའི་སེམས་ཅན་སླད་ནས་སྐྱེས་པ་རྣམས་ཀྱིས་མཚན་གསོལ་བ། ཕྱི་ཕྱི་གནམ་ཕྱི་གུང་རྒྱལ་དུ་མཚན་གསོལ་ལོ།
མདོར་ན་འདིའི་བཤད་ཚུལ་ནི། གསང་བ་སྔགས་ཀྱི་བསྟན་པའི་གཉེར་འཛིན་པ་དང༌། དབྱིངས་དང་ཡེ་ཤེས་ལས་སྤྲུལ་པའི་བདེར་གཤེགས་ཀྱི་སྲས་པོ་སྐྱེད་པར་བྱེད་པའི་ ཆེད་དུ་བྱོན་པ་དང༌། བྱོན་ཚུལ་ཡང་སྒོང་སྐྱེས་ཀྱི་ཚུལ་ལས་མ་འདས་སོ། གཉིས་པ་སྤྱི་སྤུངས་རིན་པོ་ཆེ་དྲྭ་བ་ཨ་དཀར་གསང་བ་སྔགས་ཀྱི་བཀའ་སྲུང་དྲྭ་བ་ དམར་ནག་གི་རྒྱུད་དོན་ལྟར་ན། བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང༌། ས་འོད་དཀར་ལ་ལྗོན་སྟེང་ན། རུ་བཞི་ལྷ་ཡི་ཕོ་བྲང་ཆེན་པོ་སྟེ། དབལ་གསས་སྐུ་ཡི་སྤྲུལ་པ་ཁྲོ་གསས་མཁའ་འགྱིང༌། གསུང་གི་སྤྲུལ་པ་དབལ་གསས་མཁའ་འགྱིང༌། ཡོན་ཏན་གྱི་སྤྲུལ་པ་རྔམ་གསས་མཁའ་འགྱིང༌། འཕྲིན་ལས་ཀྱི་སྤྲུལ་པ་གཏུམ་གསས་མཁའ་འགྱིང་དང་བཞིའི་སྲ་བརྟན་མི་འགྱུར་བའི་ གསས་མཁར་ཆེན་པོ་རང་བཞིན་གྱི་གནས་ཏེ། འདིར་ཡང་སྔོན་གྱི་དུས་ན། བསྐལ་སྲིད་ཆགས་འཇིག་མང་དུ་བྱུང་ངོ༌། དུས་རེ་ཤིག་ན། ཐམས་ཅད་ནམ་མཁའ་སྟོང་པའི་བག་ལ་གནས་ཙམ་ན། ཡེ་ཤེས་ལྷ་ཡི་ཐུགས་རྗེ་དང༌། སེམས་ཅན་སྤྱི་མཐུན་ལས་དབང་གིས། ནམ་མཁའ་སྟོང་ལྡན་ཕྱོ་སངས་ལས། འོད་རླུང་སྤྲུལ་པའི་འཁོར་ལོ་བྱུང༌། དེ་བསྐྱོད་ཅིང་བསྐུལ་བ་ལས། འབྱུང་བ་བཞི་ཁད་དང་རིམ་གྱིས་ཆགས་སོ། དེ་ཡང་འོད་གསལ་ལྷའི་སྤྲུལ་པ་ལས།
ལྷ་གར་རྟེན་གསུམ། དམུ་བདུད་འཚམས་གསུམ། ཕྱྭ་སྲིད་སྐོས་གསུམ། མི་སྨྲ་རྒྱལ་གསུམ། འདྲེ་སྲིན་བྱུར་གསུམ་རྣམས་བྱུང་ངོ༌། དེའི་དུས་ཙམ་ན། ལྷ་གར་རྟེན་གསུམ་ནི་བག་ལ་ཞ། དམུ་བདུད་འཚམས་གསུམ་ནི་མགོ་ལོ་རྒོད། ཕྱྭ་སྲིད་སྐོས་གསུམ་ནི་སོ་སོའི་ལས་ལ་གཡེང༌། འདྲེ་སྲིན་བྱུར་གསུམ་ནི་མི་ལ་འཇབ། མི་སྨྲ་གཤེན་གསུམ་ནི། ཤིན་ཏུ་ཉམ་ཐག། དེ་སུའི་ཐུགས་སུ་བསྙུངས་ན། འོག་མིན་གྱི་གནས་གསས་ཆེན་རུ་བཞི་བཞུགས་པའི་ཐུགས་སུ་བསྙུངས་ཏེ། གནས་གསས་དབྱིངས་རུམ་ཐུགས་ཀྱི་སྤྲུལ་པ་ལས། གཡུའི་བྱིལ་བུ་ལུག་རྫི་མོ་གཅིག་གནམ་ནས་ས་ལ་སྤྲུལ་ལོ། དེའི་ཞལ་ནས་ཧ་དང་ཧི་ཞེས་བརྗོད་པས། འབྱུང་བ་ལྔའི་སྙིང་པོ་ལས། གཞའ་དང་སྤྲིན་དུ་བྱུང་བ་དེའི་བཅུད་ལས་རིན་པོ་ཆེ་ཡི་སྒོ་ང་གཅིག་ཏུ་བྱུང༌། དེ་རྡོལ་བ་ལས་སྲིད་པ་འབྱུང་བ་སྲིད་པའི་རྒྱལ་མོ་བྱུང༌།གཉིས་པ་བློ་ལྡན་སྙན་ རྒྱུད་དུ་གྲགས་པའི་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་དོན་ལྟར་ན། སྲིད་རྒྱལ་དང་བཟང་ཟ་གཅིག་ཏུ་བྱས་ཏེ་བཤད་པ་ནི༌།
ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་དང༌། ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་གཉིས་ཀྱིས། འགྲོ་བ་སེམས་ཅན་གྱི་དོན་ལ་དགོངས་ནས། དུས་དང་བསྟུན་པའི་འོད་ཟེར་སྤྲོ་བར་མཛད་དེ། རི་རབ་རིའི་རྩེ་མོ། སུམ་ཅུ་རྩ་གསུམ་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཕྱོགས། དགའ་བ་མེ་ཏོག་མཛེས་པའི་ཚལ་གྱི་དབུས་སུ། སྔོན་གྱི་སྐལ་སྲིད་ཆགས་པའི་དང་པོ་ལ། ཀློང་དགུ་འབྱུང་བའི་སྙིང་པོ་ལས། གླིང་དགུ་འཁྱིལ་བའི་རྒྱ་མཚོར་སྲིད་དེ། དེའི་ནང་དུ་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱིས། ལྗགས་ཀྱི་མཆིལ་མ་ཐེབ་གཅིག་འཐོར་བ་ལ། ཤེལ་གྱི་སྦུ་བ་གུར་ཙམ་གཅིག་སྲིད། དེ་ལ་ལྷ་ཐམས་ཅད་འདུས་ནས་སྨོན་ལམ་བཏབ་པས། ཞག་གསུམ་དྲོས་བཞིའི་ནང་པར། ཟིལ་པའི་སྦུ་བ་སྒོང་ངར་འདྲིལ་ནས། གཡུ་སྒོང་འོད་ཀྱི་བརྒྱན་པ་གཅིག་ཏུ་སྲིད། དེ་རང་གི་རང་བརྡོལ་བ་ལས། དབྱལ་གྱི་མོ་བཙུན་བཟང་མོ་གཅིག་ཏུ་སྲིད་པ་དང༌། དེ་ལ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་བཟང་ཟ་རིང་བཙུན་དུ་མཚན་གསོལ། ལྷ་ཁམས་བདེ་ལ་འགོད་པའི་ཕྱིར་བྱོན་པ་དང་ཡབ་ཡུམ་གྱི་ཆོ་འབྲང་མངལ་སྐྱེས་ལྟར་ བཤད་དུ་མེད་པ་སྒོང་སྐྱེས་ཀྱི་ཚུལ་ཁོ་ནའོ།
གསུམ་པ་ཡང་སྙིང་སྤྱི་དོན་ཁོག་དབུབ་པའི་ལེའུ་ལྟར་ན། སྔོན་ཚེ་ལོ་སྟོང་པའི་སྟོན་པ་ས་སྟོང་དཔལ་འབྱོར་གྱི་བསྟན་པ་རྫོགས་ཤིང་འདས་ པའི་རྗེས། བརྒྱ་པའི་སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཞེས་བྱ་བ་དེ་འཇིག་རྟེན་མི་ ཡི་ཡུལ་དུ་བྱོན་པའི་སྔོན་གྱི་བསྟན་པ་གཉིས་ཀྱི་བར་མཚམས་སུ། རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཤར་གྲོང་ཁྱེར་ལྟ་ན་སྡུག་གི་ནང་རོལ་དེ་ཉེ་ན། མཚོ་མུ་ལེ་ལྡེང་ཞེས་བྱ་བའི་རྒྱ་མཚོ་ཆེན་པོ་རོ་བཅུད་དང་ལྡན་པ་དེ་ཡི་དཀྱིལ་ དུ། ལྗོན་ཤིང་ཡོངས་འདུས་ས་རྟོལ་ཞེས་བྱ་བ་དེ་ཡི་རི་རབ་ཀྱི་ཁ་ཁྱེར་གྱི་སྟེང་ནས། ལྷ་མིའི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང༌། མཚན་གྱི་རྣམ་གྲངས་གཞན་ཁ་ལེ་སྟོང་འབྱམས་སུ་གྲགས་པ་དེ་དཔག་ཚད་ལྔ་བཅུ་ཐུར་དུ་ ཟག་སྟེ་རི་རབ་ཀྱི་སྲོག་ཤིང་ལྟ་བུར་གནས་པ། དཔག་ཚད་བརྒྱ་གྱེན་དུ་སྐྱེས་ནས་བྱང་ནུབ་ཏུ་ཅུང་ཟད་ཡོལ་བ།
ཡལ་ག་ཆེན་པོ་སུམ་ཅུ་རྩ་གཉིས་ནི་དཔག་ཚད་ལྔ་བཅུར་ཁྱབ་པ། ལྷོ་ནུབ་ཏུ་བསིགས་པས་ཁང་བཟང་གི་ཕྱེད་ཆར་གདུགས་ཕུབ་པ་ལྟ་བུའི་བསིལ་ཡབ་བྱས་ ཤིང༌། ལོ་འདབས་ཆེན་པོ་རེ་ལ་གྱད་ཀྱི་རྩལ་འདོམ་རེ་ཡོད་པ། དྲི་ཞིམ་པོས་དཔག་ཚད་བརྒྱ་དང་བདུན་ཁྱབ་པ། ནད་ཐམས་ཅད་སེལ་ནུས་པའི་རོ་ལྡན་གྱི་ཁུ་བ། ཤུན་པ་ལས་ལྷ་དབང་གི་ཟ་འོག་གི་འགྱིང་བེར་འབྱུང་བ། འབྲས་བུ་རོ་བཅུད་དང་ལྡན་པ། ཅི་འདོད་ཡིད་བཞིན་དུ་འབྱུང་བ། རྩེ་ན་བྱ་རྒྱལ་ཁྱུང་ཆེན་གནས་པ༌། གཞན་ཡང་དཔྱད་མི་བཟོད་པའི་ཡོན་ཏན་ཀྱི་ཕུང་པོ་ཟད་མེད་དུ་མངའ་བའི་དགོས་འདོད་ དེ་ལྷ་ཁམས་ཀྱིས་བདག་ཏུ་བྱས་པ་ལ། ལྷ་མིན་གྱི་རྒྱལ་པོ་འགའ་དྷ་སླག་ཆེན་དང༌།
འགའ་དྷ་འབྲུག དབང་པོ་མགུལ་ཕྲེང༌། ཐག་བཟང་རིང་སྐྱེས། ཀེ་རན་ཀ་ཤུ་སོགས་ལྷ་མིན་གྱི་རྒྱལ་པོ་སྡེ་ལྔས་མ་བཟོད་ནས། སྡེ་ལྔའི་ཡང་རྗེར་གྱུར་པའི་འགའ་དྷ་སླག་ཆེན་གྱིས་ལྷ་མ་ཡིན་གྱིས་དཔུང་བསྐུལ་ ཏེ། ལྷ་ཁམས་བརླག་ལ་ཉེ་བའི་ཚེ། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། བདག་ཅག་ལྷ་ཁམས་བདེ་ལ་བཀོད་པ་དང༌། སངས་རྒྱས་བོན་གྱི་བསྟན་པ་འཛུགས་པ་དང༌། གཡུང་དྲུང་བསྟན་པའི་དབུ་འཕང་བསྟོད་པ་དང༌། ལྷ་མིན་བདུད་ཀྱི་གཡུལ་ངོ་ཟློག་པའི་ཕྱིར། ཐབས་ཐུགས་མ་འགག་འཕྲིན་ལས་རྣམ་བཞིའི་སྐོར། གང་ལ་གང་འདུལ་རྫུ་འཕྲུལ་མངོན་ཕྱུང་ལ། ད་ལྟ་ཐུགས་རྗེས་གཟིགས་པའི་སྤྱོན་ལ་གསོལ། ཞེས་གདུང་བའི་མཆི་མ་ཆར་དུ་སྙིལ་ནས་འོ་དོད་དྲག་ཏུ་བོས་པའི་ཚེ། འོག་མིན་འདའ་བ་མེད་པའི་ཕོ་བྲང༌། མཁའ་དབྱིངས་རྣམ་པར་དག་པའི་གཞལ་ཡས་ན། དབྱིངས་ཉིད་ཀྱི་མཁའ་འགྲོ་ཐུགས་རྗེ་བྱམས་མའི་སྙན་དུ་གསན་ཏེ། མཁའ་གསལ་འོད་ཀྱི་སྦུ་གུའི་རྒྱུད་ནས། བསྐལ་པ་མེ་ལྟར་འབར་བའི་གནས་མཆོག བོན་ཉིད་ཁྲོ་གཏུམ་འབར་བའི་གསས་མཁར་ན། ཁྲོ་རྒྱལ་གཙོ་མཆོག་མཁའ་འགྱིང་དང༌། ཡུམ་མཁའ་ལ་གདུག་མོ་གཉིས་བཞུགས་པའི་ཐུགས་རྒྱུད་བསྐུལ་བའི་ལུང་བསྟན། ཡབ་ཡུམ་དེ་གཉིས་ཀྱི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་དང༌།
གཡུང་དྲུང་བསྟན་པའི་དབུ་འཕང་བསྟོད་པ་དང༌། ལྷ་མིན་བདུད་ཀྱི་གཡུལ་ངོ་ཟློག་པ་དང༌། ལྷ་ཁམས་ཐམས་ཅད་བདེ་ལ་བཀོད་པའི་སླད་དུ། ཡུམ་སྲིད་པའི་རྒྱལ་མོ་དེ་ཉིད་སྐྱེ་འགག་གཉིས་མེད་ཀྱི་ཡི་གེ་ཛ་ལྗང་ནག་གཅིག་ ཏུ་བརྫུས་ཏེ། གཙོ་བོ་ཡབ་ཡུམ་གཉིས་ཀྱི་ཐུགས་རྗེས་ཐབས་ཀྱི་རོལ་པའི་མཁའ་གསང་དུ་བཞུགས་ཏེ། འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་དམར་ལ་སྣུམ་པ་ལྗང་ནག་འབར་བའི་འོད་ཟེར་དང་ལྡན་ པ་གཅིག་བྱུང་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས། རྣམ་རྒྱལ་ཁང་བཟང་གི་བྱང་ཤར། མཚོ་མུ་ལེ་ལྡེང་གི་འགྲམ། ཤིང་ཡོངས་འདུས་ས་བརྟོལ་གྱི་རྩ་བ། དུར་ཁྲོད་དྲག་རྩུབ་ཚལ་གྱི་གནས། ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས། ཀིང་ཆེན་རུས་པས་གཏམ་པའི་མཁར་ན་བབ། དེ་ལྷ་རྣམས་ཀྱི་མཐོང་ནས། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་ཚོར་ཏེ། བལྟས་པས་འོད་ཀྱི་ཐིག་ལེ་སྨུག་པོ་གཅིག་ལ། མེ་རླུང་དང་ཐོག་གི་བུ་ཡུག་རྒྱང་གྲགས་རེ་ཁྱབ་པ་གཅིག་མཐོང༌། ཞག་གསུམ་གྱི་གྲོས་གང་གདུགས་ཀྱི་སྔ་དྲོའི་བར་དུ། ཡུམ་ཤེས་རབ་ཕར་ཕྱིན་གྱི་ཐུགས་རྗེའི་ཀློང་ནས་འཚོས། དུས་བཞི་རྒྱལ་མོའི་སྐུའི་འཚོ་བ་མཛད། དེ་ནས་འོད་ཀྱི་ཐིག་ལེ་ཡང་བུད་མེད་ནག་མོ་མཐིང་གི་རལ་པ་ཅན། བ་ག་ནས་ཁྲག་འཛགས་པ། ཁྲག་གི་ཐིག་ལེ་རེ་ལ་དབལ་གྱི་ལས་མཁན་རེ་སྤྲུལ་པ། ཞལ་ནས་མ་ཛ་བྱོ་ཡི་སྒྲ་བསྒྲགས་ཤིང་མེ་རླུང་རབ་ཏུ་འཕྱོ་བ་ཞིག་བྱུང་ངོ༌། དེ་ལ་ལྷ་ཁམས་རྣམས་ཀྱིས་ཞུ་དོན་གསོལ་བ་བཞིན། ལྷ་མིན་གྱི་གཡུལ་ངོ་ཟློག་པའི་ཕྱིར་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་དང༌། མཁའ་ཀློང་དབྱིངས་ཀྱི་དབལ་མོ་དང་མ་མོ་བྱེ་བ་ས་ཡ། དྲེགས་པ་ལྷ་བརྒྱད་ལྷ་སྲིན་ཐམས་ཅད་ཉི་ཟེར་མ་ལ་འདུས་པ་ལྟར་ལྷ་སྲིན་སྡེ་བརྒྱད་ ཀྱི་ཚོགས་ཐམས་ཅད་བྲན་དུ་བཀོལ་ཏེ། ལྷ་མོ་ཆེན་མོ་ཉིད་ཀྱང་སྐུ་ཡི་ཆ་ལུགས་ནི། ཞལ་གསུམ་ཕྱག་དྲུག་སྲིན་མོ་ལྟར་འཁྲོས་ནས། ལྷ་དང་ལྷ་མིན་འཁྲུགས་པའི་དྲག་རྩུབ་ཚལ་དུ་བྱོན་ནས། ལྷ་མིན་གྱི་དམག་ཚོགས་སྡེ་ལྔའི་དཔུང་དང་བཅས་པ་དབང་དུ་བསྡུས། འགའ་དྷ་སླག་ཆེན་གྱིས་ཞིང་ཆེན་གྱི་སྟོད་གཡོག་ཕུལ། འགའ་དྷ་འབྲུག་གིས་སྟག་གི་ཤམ་ཐབས་ཕུལ། ཐང་བཟང་རིང་སྐྱེས་ཀྱིས་ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཕུལ། སྒྲ་གཅན་གྱིས་དུར་ཁྲོད་ཀྱི་རྒྱན་ཆ་ཕུལ། བདུད་ཁ་ཐུན་རག་ཤས་ཁྲག་བམ་དང་ཐོད་དབྱུག་ཕུལ། སྲིན་པོ་འདའ་ཤ་འགྲིལ་བས་སྲིན་གྱི་རལ་གྲི་ཕུལ། གཟའ་ཁྱབ་འཇུག་གིས་ཉི་ཟླའི་བརྒྱན་ཕུལ། བཙན་ཡ་བ་རྐྱ་གཅིག་གིས་བཙན་གྱི་ཤོད་བརྡེལ་ཕུལ། མ་མོ་སྲིད་པའི་བདག་གིས་མཚོན་གྱི་གྲུ་གུ་ཕུལ། གནོད་སྦྱིན་ཡག་ཤ་ཁོ་རེས་གླང་ཆེན་གྱི་ཀོ་རློན་ཕུལ། བགེགས་བྱི་ན་ཡ་གས་ཁ་ཏྲམ་རྩེ་གསུམ་ཕུལ། གཤིན་རྗེ་ཡ་མ་ར་ཛས་ཁྲག་གི་ཟོ་རིས་དང་ཐལ་ཆེན་གྱི་ཚོམ་བུ་ཕུལ།
དེ་ལྟར་རང་རང་གི་སྲོག་སྙིང་དང་གོ་མཚོན་སླག་པ་དང་བཅས་པ་ཕུལ་ནས་བསྟན་པ་སྲུང་ བའི་དམ་བཅའ་མཛད་དོ། ལྷ་དང་ལྷ་མིན་གཉིས་ཀྱི་འཁྲུགས་པ་བསྡུམས་ནས་ལྷ་མིན་གྱིགཡུལ་ངོ་ཟློག་པར་བྱས་སོ། ལྷ་རྣམས་ལྷ་མིན་ལས་རྒྱལ་ཏེ་དཔག་བསམ་གྱི་ཤིང་ཐོབ་པར་བྱེད་པའི་དགའ་རྟགས་སུ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསེར་གྱི་གཡུང་དྲུང་ཕུལ། ལྷ་ཚངས་པས་རྨ་བྱའི་ཕོད་ལྡེམ་ཕུལ། མ་ཧ་དེ་བས་རིན་ཆེན་སྣ་ལྔའི་ཆུད་ཕྱང་ཕུལ། ཁྱབ་འཇུག་གིས་གསེར་གྱི་སྙན་ཆ་ཕུལ། རྣམ་ཐོས་སྲས་ཀྱིས་རིན་པོ་ཆེའི་རྩེ་ཕྲན་ཕུལ། ཀླུ་དགའ་བོས་སྦྲུལ་རིགས་ལྔ་ཡི་རྒྱན་ཆ་ཕུལ། གར་མ་བི་ཤོས་རིན་པོ་ཆེ་སྣ་ཚོགས་ཀྱི་དྲེལ་རྒྱན་ཕུལ། ཀླུ་དུང་སྐྱོང་སོགས་ཀླུ་ཡི་རྗེ་བོ་རྣམས་ཀྱིས་གཡུ་ཡི་དྲིལ་ཆུང་འབུམ་ཕུལ། གཏུམ་རྗེ་གནམ་ལྕགས་ཀྱིས་ཁ་ལྕགས་ཕུལ། ནམ་མཁའི་ལྷ་བྲན་གྱིས་གསེར་གྱི་གཤང་ཆུང་ཕུལ། དེ་ལྟར་སྲིད་པ་གསུམ་ན་གཞན་གྱིས་འགྲན་གྱི་ཟླ་མེད་དུ་གྱུར་བས། མཚན་ཀྱང་མ་གཅིག་སྲིད་པའི་རྒྱལ་མོ་བཀའ་གསང་དབང་གི་ལྷ་མོ་ཞེས་ཀྱང་གསོལ་ལོ། ལྷ་མོ་འདི་ལ་སྐུ་གསུམ་དོན་ཚངས་སུ་གནས་པའི་དབང་དུ་བྱས་ན། བོན་སྐུ་ཀུན་ཏུ་བཟང་མོ། རྫོགས་སྐུ་དབུ་བརྒྱ་ཕྱག་སྟོང༌། སྤྲུལ་སྐུན་བདེ་འགྲོ་གསང་ཡུམ༌། སྲིད་གསུམ་འདུལ་བའི་དབང་དུ་བྱས་ན།་ བཀའ་ཡི་བྱ་ར་མ་གསུམ། སྟོང་ཁམས་འདུལ་བའི་དབང་དུ་བྱས་ན། སྲིད་རྒྱལ་དྲེའུ་དམར་ནག དུས་ཀྱི་དབང་དུ་བྱས་ན། དྲུས་དྲུག་སྤྲུལ་པའི་ཁྲོ་མོ་དྲུག སྦྱོར་ཡུམ་གྱི་དབང་དུ་བྱས་ན། གསས་མཁར་མཆོག་ལྔས་བསྡུས་པའི་ཡེ་ཤེས་ཀྱི་དབལ་མོ། མདོ་རུ་དྲིལ་ན། བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། གཞན་ཡང་རྒྱལ་བའི་ཡུམ་རྣམས་ནི། ངོ་བོ་ཉིད་ལས་མ་གཡོས་པས། བོན་སྐུ་ཁོ་ནར་གནས་པར་བྱེད། སེམས་ཅན་རྣམས་ཀྱི་དོན་བྱའི་ཕྱིར། རྒྱལ་བ་ལོངས་སྤྱོད་རྫོགས་པའི་ཚུལ། བྱམས་རིགས་ལྔ་བཞུགས་པར་སྟོན། ཤིན་ཏུ་འདུལ་ཀའི་འདོད་ཁམས་སུ། སེམས་དཔའི་མ་ཚོགས་དུ་མར་གྱུར། གཡུང་དྲུང་སེམས་དཔའི་སྣང་ངོ་ལ། ཁམས་བརྒྱད་ལ་ཡང་ཡུམ་བརྒྱད་སྤྲུལ། ལྷ་མིའི་དགེ་སྦྱོར་ཐམས་ཅད་ལ། སྲིད་པའི་རྒྱལ་མོ་བརྒྱད་དུ་སྟོན། དག་པ་དྲང་སྲོང་སྡེ་རྣམས་ལ། བཀྲ་ཤིས་ལྷ་མོ་གཙོ་འཁོར་དགུ ས་དང་ལམ་བགྲོད་སེམས་དཔའ་ལ། ཡེ་ཤེས་ལྷ་མོ་དགུ་རུ་མཛད། ཡེ་གཤེན་ཆེན་པོ་ཐམས་ཅད་ལ། བླ་མེད་བྱམས་མ་བཅུ་རུ་སྤྲུལ། བར་དུ་གཅོད་པ་ཟློག་པ་ལ། འཇིགས་པ་བརྒྱད་སྐྱོབས་བྱམས་མ་བརྒྱད། འགྲོ་དྲུག་འདུལ་བ་མ་དྲུག་སྟེ། སྐྱེ་རྒ་ན་འཆི་འགེགས་པ་ལ། སྒོ་བཞི་སྲུང་བའི་བྱམས་མ་བཞི། གཞན་ཡང་སྤྲུལ་པ་ཡང་སྤྲུལ་དུ། མ་མོ་བསམ་ཡས་སྲིད་གསུམ་སྐྱོང༌། སྨན་མོ་གྲངས་འདས་ཁྲིམས་སྡེ་ཚོགས། མཁའ་འགྲོ་དཔག་མེད་ལམ་གནས་བསྲུང༌། ལྷ་མོ་རབ་འབྱམས་ཡེ་གཤེན་མགོན། ཞེས་རྒྱལ་བའི་ལུང་གིས་བསྔགས་པ་ལྟར་རྒྱལ་མོ་འདི་ཡི་འཕྲིན་ལས་ཀྱི་ཆ་རུ་མ་ གཏོགས་པའི་ཡེ་ཤེས་ཀྱི་ལྷ་མོ་གང་ཡང་མི་སྲིད་པ་ལྟ་བུ་ཞིག་སྣང་ངོ༌། སྔ་དར་ཞང་བོད་ཀྱི་རིག་འཛིན་རྣམས་ཀྱིས་རྒྱལ་བའི་གསུང་རབ་ཟབ་མོ་གཏེར་ཏུ་བཅོལ་བའི་ཚེ། བསྟན་པའི་སྲོག་འཛིན་པའི་བདག་མོ་དང༌། ཕྱི་དར་དུས་ཀྱི་སྒྲོན་སྐལ་ཤར་བའི་ཚེ། གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་འབྲིང་མཚམས་པ་ཆེན་པོའི་ཐུགས་ཀྱི་མཛོད་ བསྐུལ་ཏེ་གཡུང་དྲུང་བསྟན་པའི་མེ་རོ་སླར་ཡང་སྐྱེ་རྒུའི་གསོས་སུ་འབྱིན་པའི་ དྲིན་ཅན༌། བྲུ་ཡི་གདན་ས་ཆེན་པོ་མིང་གི་ལྷག་མར་སྒྱུར་བའི་ཚེ་རྒྱལ་བ་མཉམ་མེད་ཆེན་པོར་ བོན་བསྟན་སླར་ཡང་གསོ་བའི་ལུང་བསྟན་དང་རྒྱལ་བསྟན་ཉིན་མོར་བྱེད་པའི་གྲོགས་ ཀྱི་གཙོ་བོ། རྒྱལ་བསྟན་སྤྱི་ལ་གོད་ཆགས་བྱུང་མཚམས་རྒྱལ་བ་སྨན་རི་བ་མཆོག་བསྟན་འགྲོའི་ གཙུག་རྒྱན་དུ་མངའ་གསོལ་ཏེ་བོན་འབངས་བདེ་ལ་སྦྱོར་བའི་མ་མ། ད་ལྟའི་ཆར་ཡང་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་མཚམས་ཀུན་ནས་ཡར་ངོའི་ཟླ་ལྟར་འཕེལ་ རྒྱས་སུ་ཕྱིན་ཏེ་བསྟན་འཛིན་ཡོངས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་མཐུན་ རྐྱེན་ཡང་མ་མཆོག་འདི་ཁོ་ན་ལགས་པས། རང་ཅག་བོན་འབངས་ཡོངས་ཀྱིས་སྒོ་གསུམ་གཡེལ་བ་མེད་པར་ཐུགས་དམ་ཀྱི་གཙོ་བོར་བཟུང་ནུས་ན། ནམ་ཡང་བསླུ་བ་མེད་པའི་ཟད་མེད་དངོས་གྲུབ་ཀྱི་མཆོག་སྦྱིན་པ་ལ་ཐེ་ཚོམ་ཅི་ཡང་མི་དགོས་ཞེས་ཅི་ནས་ཀྱང་བསྐུལ་ལོ། མཆོག་ལྔའི་རྒྱུད་གཞུང་སོགས་ལ་གཞིགས་ཏེ་རང་གི་གོ་ཐོག་ཏུ་འབྱོར་བ་ནི། མ་མཆོག་འདི་ཉིད་དང་དབལ་མོའི་ཚོགས་རྣམས་ཀྱང་གདོད་མ་ཉིད་ནས་སྐུ་གསུམ་རྒྱལ་ བའི་གོ་འཕངས་བརྙེས་ཟིན་པ་ལྟ་བུ་མ་ལགས་ཏེ། རྒྱུ་སེམས་ཅན་ལས་འབྲས་བུ་སངས་རྒྱས་རིམ་གྱིས་བསྒྲོད་ནས་མཆོག་ཆེན་རྒྱལ་བའི་ གོ་འཕང་བརྙེས་པ་ཞིག་ཏུ་སྣང༌། དཔེར་ན། བདག་ཅག་གི་སྟོན་པ་དང༌། ཏ་པི་ཧྲི་ཙ། སྒྲ་བླའི་རྒྱལ་མོ་བཞིན་ནོ། ཆེ་མཆོག་དབལ་གསས་རྔམ་པའི་དྲུང་དུ་རང་གི་སྲོག་སྙིང་ཕུལ་ནས་གཡུང་དྲུང་བོན་ བསྟན་སྲུང་བའི་གཉེར་བཞེས་པ་ནས་བཟུང་མཆོག་ཆེན་རྒྱལ་བའི་གོ་འཕང་བརྙེས་པར་ མངོན་ནོ། གཉིས་པ་གཞིར་བཞེངས་ཀྱི་སྒྱུ་འཕྲུལ་མཛད་དགོས་པའི་རྒྱུ་མཚན་ནི། དབུ་མ་བདེན་གཉིས་ལས། བོན་སྐུ་སྟོང་ཉིད་མཁའ་འདྲ་ལ། རྣམ་རྟོག་འབད་རྩོལ་མི་མངའ་ཡང༌། ཚོགས་བསགས་སྨོན་ལམ་དག་པ་དང༌། ལས་བཟང་བསགས་པའི་སྟོབས་གཉིས་ཀྱིས། དག་དང་མ་དག་འཁོར་རྣམས་ལ། ལོངས་སྐུ་སྤྲུལ་སྐུ་སྣང་བར་འགྱུར། ཞེས་ལུང་གིས་བསྔགས་པ་ལྟར། ཚད་མེད་རྣམ་བཞིའི་རྒྱུ་ཚོགས་གྲངས་ཚང་སྔོན་དུ་སོང་བ་དང། ཞི་བའི་མཐའ་ལ་མི་གནས་པའི་བླ་མེད་སེམས་བསྐྱེད་ཀྱི་དམ་བཅའ་བརྟན་པོ་སྔོན་དུ་ སོང་བའི་ཉེར་ལེན་ལ་བརྟེན་ནས། སྒྲུབ་གཤེན་གྱི་སྐུ་ཚེ་བསྲིང་བ་དང༌། མཐུན་རྐྱེན་གྱི་དགེ་ཚོགས་འབྱོར་བ། མི་མཐུན་པའི་འགལ་རྐྱེན་སེལ་བའི་ཕྱིར་བྱོན་པ་མ་ཟད༌། རྒྱལ་བའི་དགོངས་པ་བདེ་བླག་ཏུ་བཀྲོལ་བར་བྱེད་པའི་འཕྲུལ་ངག་གི་བོན་སྡེ་ཇི་ སྙིད་ཅིག་སྲིད་པ་དག་ཇི་སྲིད་འཁོར་བ་མ་སྟོང་གི་བར་མཐའ་ཡས་པའི་སྐྱེ་རྒུའི་ གསོས་སུ་བཞུགས་ཏེ་བསྟན་པའི་བླ་སྲོག་འཛིན་པ་འདི་ལྟ་བུ་མིན་པས་གཞན་གང་གིས་ཀྱང་མི་ནུས་པའི་ཕྱིར་རོ།
ཐ་ཚིག་གཡོ་མེད་བརྟན་པའི་རི་དབང་བཞིན།
ཕྱི་ནང་གསང་གསུམ་བརྒྱུད་པའི་རྩ་ལག་རྣམས།
དུས་ཀྱི་གཉན་འཕྲང་ཇི་ཙམ་རྒོད་ཀྱང་རུང༌།
འཛིན་སྐྱོང་སྤེལ་བའི་ཟླ་མེད་ཁྱེད་ལ་འདུད།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།
ད་ནི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་ཟློག་དབལ་མོ་སྲོག་གི་ཐིག་ལེའི་རྒྱུད་དོན་ལྟར། དབལ་མོ་ཉེར་བདུན་གྱི་བྱུང་རིམ་ལོ་རྒྱུས་ཅུང་ཙམ་འགོད་པར་བྱ་བ་ལ། དབལ་གསས་གསུང་གི་སྤྲུལ་པ་ལས། གནམ་གྱི་ལྷ་རྒོད་ཐོག་པ་དང༌། སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་མ་གཉིས། བར་ནང་སྒྲ་ཡི་ནང་དུ་ཐབས་དང་ཡིད་ཀྱི་རོལ་པ་ལས། སྲིད་པའི་སྒོ་ང་ཉི་ཤུ་རྩ་བདུན་བྱུང་ངོ༌། དེ་ནས་ནམ་མཁའ་བར་སྣང་ས་གཞིའི་ཀློང་དུ། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ལས་དབང་བསྐོར་ནས། རྫུ་འཕྲུལ་སྟོབས་ཀྱི་བརྡོལ་བ་ལས། དབལ་གྱི་སྤར་མ་ཉི་ཤུ་རྩ་བརྒྱད་བྱུང་སྟེ། སྲིད་པའི་སྒོ་ང་དང་པོ་དགུ་བརྟོལ་བ་ལས། ཐུགས་ལས་སྤྲུལ་པའི་གཟེ་མ་དགུ་རུ་བྱུང་སྟེ། ༡༽ ནམ་མཁའ་མཐོང་དྲུག་གི་དབུས་སུ། གནམ་གྱི་ལྷ་རྒོད་ཐོག་པས་དབང་བསྐུར་ནས། སྒྲ་རྒྱལ་འབྲུག་གི་སྒྲ་ལས་བརྡོལ་བ་ལས། བུད་མེད་སྔོན་མོ་འབྲུག་གི་མགོ་ཅན་བྱུང༌། ༢༽ བར་སྣང་རླུང་གི་འཁོར་ལོའི་དབྱིངས་སུ། ཡེ་གཤེན་རླུང་གི་འདབ་མ་ཅན་གྱི་དབང་བསྐུར་ནས། གཡོ་འགུལ་རླུང་གི་འདབ་མའི་སྒྲ་ལས་བརྡོལ་བ་ལས། བུད་མེད་ལྗང་ནག་སྦྲུལ་གྱི་མགོ་ཅན་བྱུང༌། ༣༽ བདུད་ཡུལ་མུན་པའི་གླིང་དུ། བདུད་ཆེན་རེ་ཏེ་འགོང་ཡག་གིས་དབང་བསྐུར་ནས། འཆི་བདག་འཁྲོས་པའི་སྒྲ་ལས་བརྡོལ་བ་ལས། བུད་མེད་ནག་མོ་སྐྱུང་ཀའི་མགོ་བོ་ཅན་བྱུང༌། ༤༽ རྣམ་རྒྱལ་ལྷའི་ཁང་བཟང་དུ། ལྷའི་དབང་པོ་བརྒྱ་བྱིན་གྱི་དབང་བསྐུར་ནས། རྩལ་ཆེན་སེང་གེའི་སྒྲ་ལས་བརྡོལ་བ་ལས། བུ་མེད་དཀར་མོ་སེང་གེའི་མགོ་བོ་ཅན་བྱུང༌། ༥༽ དབལ་ཡུལ་ཁ་བོ་གང་བཟང་དུ། དབལ་ཆེན་ཁྲི་འདུལ་ཐང་པོས་དབང་བསྐུར་ནས། དབལ་ཁང་གནམ་སྒོ་ཅན་གྱི་སྒྲ་ལས་བརྡོལ་པ་ཡི། བུ་མེད་དམར་པོ་དྲེད་ཀྱི་མགོ་བོ་ཅན་བྱུང༌། ༦༽ ཐིག་འདྲེན་ནམ་མཁའ་ཁང་སྒྲོམ་གྱི་དཀྱིལ་འཁོར་དུ། གདུག་པ་གཟའ་བརྒྱད་ཀྱིས་དབང་བསྐུར་ནས། རྒུ་ཚིག་སྐར་མའི་སྒྲ་ལས་བརྡོལ་བ་ལ། བུད་མེད་དམར་ནག་སྤྱན་ཀུའི་མགོ་བོ་ཅན་བྱུང༌། ༧༽ རི་རབ་ལྷུན་པོའི་ཁོང་སེང་དུ། ཚང་སྟང་མེ་ཡི་ལྷ་མོས་དབང་བསྐུར་ནས། མེ་དཔུང་འབར་བའི་སྒྲ་ལས་བརྡོལ་བ་ཡི། བུད་མེད་སྨུག་མོ་སྟག་གི་མགོ་ཅན་བྱུང༌། ༨༽ ཡོངས་འདུས་ཤིང་གི་རྩ་བ་ནས། གཤེན་ཁྲི་བཞི་ནམ་ཏིང་གིས་དབང་བསྐུར་ནས། རྔ་དང་གཤང་གི་སྒྲ་ལས་བརྡོལ་བ་ལས། བུད་མེད་སེར་ལྗང་ཁྱུང་གི་མགོ་བོ་ཅན་བྱུང༌། ༩༽ རྒྱ་མཚོ་འཁྱིལ་བའི་དབུས་སུ། ཆུ་སྲིན་མ་ཧེའི་དབང་བསྐུར་ནས། རྒྱ་མཚོ་འཁྱིལ་བའི་བརླབ་ལས་བརྡོལ་བ་ལ། བུད་མེད་སྔོ་ལྗང་ཆུ་སྲིན་མགོ་ཅན་བྱུང་ངོ༌། དེ་དག་ནི་དབལ་གྱི་གཟེ་མ་དགུའི་བྱུང་རིམ་མདོ་ཙམ་མོ། ཡང་སྲིད་པའི་སྒོ་ང་བར་མ་དགུ་བརྡོལ་བ་ལས། སྐུ་ལས་སྤྲུལ་པའི་ཀློང་གི་གྱད་མོ་དགུ་བྱུང་སྟེ། ༡༽ དབལ་ཡུལ་དགུ་ཁྲི་གོང་སང་དུ། དབལ་འབར་བ་ནག་པོས་དབང་བསྐུར་ནས། དབལ་གཡག་ངར་བའི་སྒྲ་ལས་བརྡོལ་བ་ཡིས། མི་ལུས་དམར་སེར་འབྲོང་གི་མགོ་ཅན་བྱུང༌། ༢༽ རྩ་གསུམ་ལྷའི་གནས་སུ། ལྷ་ཚངས་པ་འབུམ་ཁྲིའི་དབང་བསྐུར་ནས། ལྷ་རི་སྤོ་མཐོན་སྒྲ་ལས་བརྡོལ་བ་ལས། མི་ལུས་དཀར་མོ་བྱ་རྒོད་མགོ་ཅན་བྱུང༌། ༣༽ རིན་ཆེན་དྲང་མའི་གླིང་སྟོད་དུ། ཀླུ་གཙུག་ན་རིན་ཆེན་གྱིས་དབང་བསྐུར་ནས། ཀླུ་བདུད་ནག་པོའི་སྒྲ་ལས་བརྡོལ་བ་ལས། མི་ལུས་ནག་མོ་དོམ་གྱི་མགོ་ཅན་བྱུང༌། ༤༽ མ་བདུད་མ་ཡམས་ཀྱི་ཡུལ་དུ། མ་བདུད་ཆེན་མོའི་དབང་བསྐུར་ནས། ཟ་མཁན་མ་མོའི་སྒྲ་ལས་བརྡོལ་བ་ལས། མི་ལུས་སེར་མོ་གླང་གི་མགོ་ཅན་བྱུང༌། ༥༽ བཙན་ཡུལ་སུམ་པའི་གླིང་ཆེན་དུ། བཙན་རྗེ་ཉི་འོད་ཀུན་ཁྱབ་ཀྱིས་དབང་བསྐུར་ནས། རྒོ་དང་བཙན་གྱི་སྒྲ་ལས་བརྡོལ་བ་ལས། མི་ལུས་སྔོན་མོ་གཟིག་གི་མགོ་ཅན་བྱུང༌། ༦༽ བར་སྣང་འོད་ཀྱི་ཕོ་བྲང་ནས། ལྷ་མིན་ཐང་བཟང་རིང་སྐྱེས་ཀྱི་དབང་བསྐུར་ནས། ངར་ཆེན་འབྲུག་གི་སྒྲ་ལས་བརྡོལ་བ་ལས། བུད་མེད་སེར་ལྗང་འུག་པའི་མགོ་བོ་ཅན་བྱུང༌། ༧༽ རླུང་སྤྲིན་འཁྲིགས་པའི་དབུས་དཀྱིལ་དུ། ནམ་མཁའི་དབྱིངས་ཀྱི་རྒྱལ་པོས་དབང་བསྐུར་ནས། གསལ་འཁྱུག་ཀློག་གི་སྒྲ་ལས་བརྡོལ་བ་ལས། མི་ལུས་དམར་མོ་ཁྲ་ཡི་མགོ་བོ་ཅན་བྱུང༌། ༨༽ གར་ཆེན་གསས་ཀྱི་ཡུལ་དུ། སྟོབས་ཆེན་གར་གྱི་རྒྱལ་པོས་དབང་བསྐུར་ནས། ལྷ་ཆེན་གསའི་སྒྲ་ལས་བརྡོལ་བ་ལས། མི་ལུས་སྐྱ་བཀྲ་གསའི་མགོ་ཅན་བྱུང༌། ༩༽ སྲིད་པ་སྐོས་ཀྱི་ཡུལ་དུ། སྐོས་རྗེ་དྲངས་དཀར་གྱིས་དབང་བསྐུར་ནས། ཕྱག་མཚན་གཡས་ཀྱི་སྒྲ་ལས་བརྡོལ་བ་ལས། མི་ལུས་དམར་ནག་ཕག་རྒོད་ཀྱི་མགོ་བོ་ཅན་བྱུང༌། དེ་དག་ནི་གྱད་མོ་དགུ་ཡི་བྱུང་ཁུངས་ལོ་རྒྱུས་མདོ་ཙམ་བསྟན་པའོ། ཡང་སྲིད་པའི་སྒོ་ང་ཐ་མ་དགུ་བརྡོལ་པ་ལས། གསུང་ལས་སྤྲུལ་པའི་ལས་ཀྱི་བྱིན་ཏེ་དགུ་བྱུང་སྟེ། ༡༽ གནམ་གྱི་ཡ་བླ་རུ། གནམ་རྗེ་སྨོན་ཐང་གིས་དབང་བསྐུར་ནས། ལྷ་རླུང་འཕྱོ་བའི་བརླབ་ཀྱིས་བརྡོལ་བ་ལས། བུད་མེད་དཀར་མོ་ཡ་མཚན་ཅན་གཅིག་བྱུང༌། གནམ་གྱི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱ། ༢༽ ས་ག་དོག་དྲུག་ཏུ། ས་བླ་མགོན་བུམ་གྱིས་དབང་བསྐུར་ནས། གསེར་རྡོ་ལེགས་པའི་སྒྲ་ལས་བརྡོལ་བ་ལས། བུད་མེད་ནག་མོ་གསེར་གྱི་རལ་པ་ཅན་གཅིག་བྱུང༌། ས་བདག་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱ། ༣༽ བདུད་ཡུལ་ནག་པོ་དགུ་སུལ་དུ། བདུད་ཀྱི་རྗེ་བོ་རི་བོ་འགོང་ཡག་གིས་དབང་བསྐུར་ནས། བདུད་བྲག་ནག་པོའི་སྒྲ་ལས་བརྡོལ་བ་ལས། བུད་མེད་ནག་མོ་བསེའི་གདོང་དགུ་མ་གཅིག་བྱུང༌། བདུད་ཀྱི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱ། ༤༽ དམུ་ཡུལ་སྟང་འབྲང་སྟེང་འབྲིང་དུ། དམུ་རྗེ་བཙུན་ཐོག་སྐྱོལ་པོས་དབང་བསྐུར་ནས། དམུ་བྲག་ཤོལ་མོའི་ངོས་ལ་བརྡོལ་བ་ལས། བུད་མེད་སྨུག་མོ་མཐིང་གི་རལ་པ་ཅན་གཅིག་བྱུང༌། དམུ་ཡི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱ། ༥༽ ཀླུ་ཡུལ་ན་ར་གསེང་སྔོན་དུ། ཀླུ་ཡི་རྒྱལ་པོ་བ་རུ་རྒྱལ་བས་དབང་བསྐུར་ནས། ཀླུ་གླང་རུ་དཀར་སྒྲ་ལས་བརྡོལ་བ་ལས། བུད་མེད་དཀར་མོ་སྐར་མའི་གདོང་དྲུག་མ་གཅིག་བྱུང༌། དབལ་མོ་ལས་ཐིག་ལས། བུད་མེད་སྔོན་མོ་སྐར་མའི་གདོང་དྲུག་མ། ཞེས་ཀྱང་གསུངས། ཀླུང་ཡི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱའོ། ༦༽ གཉན་ཡུལ་ཕོ་མ་གསེར་སྟེང་དུ། གཉན་སུམ་གཏོད་དེ་རྒྱལ་བས་དབང་བསྐུར་ནས། གསེར་གྱི་ཕ་བོང་གི་སྒྲ་ལས་བརྡོལ་པ་ལས། བུད་མེད་དཀར་མོ་གཡུ་ཡི་ཞལ་གཉིས་མ་གཅིག་བྱུང༌། དབལ་མོ་ལས་ཐིག་ལས༌། སེར་མོ་གཡུའི་རལ་པ་ཅན། ཞེས་གསུངས། གཉན་གྱི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱ། ༧༽ སྲིན་ཡུལ་ནག་པོ་དགུ་སུལ་དུ། སྲིན་གྱི་རྒྱལ་པོ་ལང་ཀ་མགྲིན་བཅུས་དབང་བསྐུར་ནས། སྲིན་རྡོ་ཁྲ་བོའི་ལོག་ལ་བརྡོལ་བ་ལས། བུད་མེད་དམར་མོ་འཇིགས་པའི་མགོ་དགུ་མ་གཅིག་བྱུང༌། དབལ་མོ་ལས་ཐིག་ལས། བུད་མེད་ནག་མོ་འཇིགས་པའི་མགོ་དགུ་མ། ཞེས་ཀྱང་གསུངས། སྲིན་གྱི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱའོ། ༨༽ ཕྱ་ཡུལ་སྣང་དང་གཡུ་རྩེ་རུ། ཕྱ་བཙུན་དིང་གི་རྗེ་ཡིས་དབང་བསྐུར་ནས། ཕྱ་མཁར་སྟེག་པའི་སྒྲ་ལས་བརྡོལ་བ་ལས། བུད་མེད་སྔོ་ལྗང་སྤྲུལ་པའི་དབུ་གཉིས་མ་གཅིག་བྱུང༌། ཕྱྭ་ཡི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱ། ༩༽ འཆི་བདག་བགེགས་ཀྱི་ཡུལ་དུ། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་གས་དབང་བསྐུར་ནས། བྲག་དམར་ཟངས་ཡག་གི་ངོས་ལ་བརྡོལ་བ་ལས། བུད་མེད་དམར་ནག་ལྕགས་ཀྱི་རལ་པ་ཅན་གཅིག་བྱུང༌། བགེགས་ཀྱི་བྱིན་ཏེ་ཆེན་མོ་ཞེས་ཀྱང་བྱའོ། དེ་དག་ནི་དབལ་གྱི་བྱིན་ཏེ་ཆེན་མོ་དགུ་ཡི་བྱུང་རིམ་ལོ་རྒྱུས་མདོ་ཙམ་མོ། བསྡོམས་པས་སྤར་མ་ཉི་ཤུ་རྩ་བདུན་ལ། རྫུ་འཕྲུལ་མཐུ་ཡི་དབང་ཆགས་པས། ཤིན་ཏུ་མི་སྲུན་དྲག་ཤུལ་ཆེ་བ། རབ་ཏུ་འཇིགས་ཤིང་གཏུམ་པར་གྱུར་ཏེ། འཇིག་རྟེན་མ་མོ་རྣམས་ཀྱིས་ཞེན་བཏབ་ནས། ལྷ་ལ་འགྲན་ཚོལ་བ་དང༌། གསས་ལ་དོ་བརྡོ་བ་དང༌། གཤེན་ལ་རྫུ་འཕྲུལ་གྱི་སྟོབས་འགྱེད་ཅིང༌། ཉམས་སོད་ཀྱི་ཆོ་འཕྲུལ་སྟོན་པ་ལ། དེ་སུ་ཡི་ཐུགས་སུ་བསྙུངས་ན། དབལ་བོན་སྟག་ལ་མེ་འབར་གྱི་ཐུགས་སུ་བསྙུངས་ཏེ། ལས་ཀྱི་སྤར་མ་རྣམས་དབང་དུ་བསྡུ་བར་དགོངས་ནས། ཐུགས་ཞི་བའི་ངང་ལས་སྐུ་འབར་བ་ཁྲོ་བོ་རུ་སྤྲུལ་ཏེ། དབལ་གསས་རྔམ་པ་དབུ་དགུ་ཕྱག་བཅོ་བརྒྱད་པ། ཞབས་བཞི་འདོར་ཐབས་སུ་བསྒྲད་པ། གཡས་པ་བརྒྱད་ན་རལ་ཀྱུ། གཡོན་པ་བརྒྱད་ན་གཟེ་ཞགས་འཛིན་པ། ཐ་མ་གཉིས་ན་སྟོང་ཁམས་སྲིད་གསུམ་བསྣམས་པ། ཐུགས་གསང་བའི་མཛོད་ཁང་ནས། ཁྲོ་བོ་མཁའ་འགྱིང་རྒྱན་རྫོགས་སུ་བཞུགས་པ། དབུ་ལ་ལྷ་ཆེན་བརྒྱད་ཀྱི་ཆུན་པོས་བཅུས་པ། སྦྲུལ་ཆེན་རིགས་ལྔས་སྐུ་ལ་བརྒྱན་པ། དབུ་ཐོག་ཏུ་སྤྲུལ་པའི་བྱ་ཁྱུང་སུམ་བརྒྱ་དྲུག་ཅུ་འཇུམ་པ། སྐུ་ལ་གདུག་པའི་དབལ་ཆས་རྫོགས་པ། མི་བཟད་གནམ་གྱི་ལྷ་རྒོད་ཐོག་པ་དང༌། སྲིད་པའི་རྒྱལ་མོ་ཕོ་ཉར་འགྱེད་པ། བ་སྤུ་བུ་ག་ནས་ཁྲོ་མཆོག་བྱེ་བ་ས་ཡར་འགྱེད་པ། ཞལ་གྱི་ཁ་རླངས་ལས་དབལ་མོ་ཉི་ཁྲི་ལོག་ཏུ་སྤྲོས་པ། བ་སྤུའི་རྩེ་མོ་ལས། གདུགས་པའི་མཚོན་ཆ་སྐར་ལྟར་དུ་འཁྲུགས་པ། ཞལ་ནས་བསྭོ་ཆ་ཧ་ལའི་སྒྲ་སྒྲོགས་པས། གནམ་རི་ས་བྲག་འགུལ་ཞིང༌། རྒྱ་མཚོ་དང་རྩི་ཤིང་ནགས་ཚལ་འཁྲུགས་པ། དེ་ལྟ་བུར་སྤྲུལ་ཏེ། ཡུམ་ཆེན་མོ་འབྱུང་བའི་དངས་མ་ལ་བསྡུས། ཡེ་ཤེས་ཀྱི་ཡུམ་བཅུའི་ཤེས་རབ་ཀྱི་ཐབས་ལ་བསྟན། ལས་ཀྱི་སྤར་མ་ཉི་ཤུ་རྩ་བདུན་ཞབས་འོག་ཏུ་གཟིར། དམག་དཔོན་མ་དགུ་གདུག་པའི་ཐུན་གྱིས་བསྣུན་ཏེ། ཞལ་ནས་བསྭོ་ཆ་ཧ་ལའི་སྒྲ་བསྒྲགས་པས། སྲིད་པའི་དབལ་མོ་ཐམས་ཅད་དབང་དུ་བསྡུད་དོ། ཁྲོ་བོ་ཆེན་པོས་མ་མོའི་སྲོག་ཁྲག་སྲིད་པའི་རླུང་སྦུབ་ཀྱིས་དྲངས་ཏེ་གསོལ་བས། བཀྲག་དང་གཟི་མདངས་ཉམས་པར་གྱུར་པ་ལ། ཡུམ་ཆེན་མོས་གསོལ་པ། ཀྱེ་མ་དབལ་ཆེན་ཁྲོ་རྒྱལ་གཙོ། འདས་པའི་དབྱིངས་སུ་ཐབས་རོལ་པའི། རྫུ་འཕྲུལ་ལས་ཀྱི་སྤར་མའི་ཚོགས། དྲག་པོའི་སྟོབས་ཀྱིས་གཟིར་བ། སྲོག་གི་སྙིང་པོ་བདག་འབུལ་གྱིས། སྔགས་ཀྱི་འོད་ཟེར་བསྡུ་རུ་གསོལ། ཞེས་གསུངས། བཀའ་ཉན་གསུང་སྡོད་ཀྱིས། གང་བཅོལ་བཀའ་ལ་གདགས་སུ་གསོལ། ཞེས་གསུངས༌། གཙོ་བོའི་ཞལ་ནས། ཧ་ཧ་ཧེ་ཧེ། ཞེས་གསུངས་ནས། མདངས་དང་ཐིག་ལེའི་ཕྱེད་ཙམ་ཕར་རླུང་སྒོར་བཀྲམ་པས། ཡེ་ཤེས་དང་རྫུ་འཕྲུལ་གྱི་སྟོབས་དང་ལྡན་ཏེ། ཡུམ་ཆེན་མོའི་འཁོར་དུ་འཁོད་དོ། ཞེས་གསུངས་པ་དག་ལ་དཔྱད་ན། དབལ་མོ་ཉེར་བདུན་ཀུན་ཀྱང་དང་པོ་འཁོར་བའི་ས་ལ་གནས་པའི་སྲིད་པའི་མ་མོ་སྟེ། ལས་ཀྱི་སྤར་མ་ཞིག་ལས་སྔོན་ནས་ཡེ་ཤེས་ཀྱི་སྐུ་མཆོག་བརྙེས་པ་ལྟ་བུ་ཞིག་མ་ མཐོང༌། ཆེ་མཆོག་དབལ་གསས་ཀྱིས་ལས་ཀྱི་སྤར་མ་ཉི་ཤུ་རྩ་བདུན་ཞབས་འོག་ཏུ་གཟིར་ཏེ། མདངས་དང་ཐིག་ལེའི་དངོས་གྲུབ་སྦྱིན་པ་ནས་བཟུང༌། ཡེ་ཤེས་དང་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པར་གསུངས་པས། མཆོག་ཐུན་གྱི་དངོས་གྲུབ་དེ་ཙམ་ནས་མངོན་དུ་གྱུར་པ་གསལ་ལོ། དབལ་མོ་ཉེར་བདུན་སོ་སོའི་ཕྱག་མཚན་བསྟན་པ་ལ། གཟེ་མ་དགུ་ཡི་དང་པོ་སྔོན་མོ་འབྲུག་གི་མགོ་ཅན། ཕྱག་མཚན་ཆུ་སྲིན་ལག་གཡས་གཡོབ་པ། ལྗང་ནག་སྦྲུལ་གྱི་མགོ་ཅན། ཕྱག་མཚན་ཁྱུང་གི་གཤོག་པ། ནག་མོ་སྐྱུང་ཀའི་མགོ་ཅན། ཕྱག་མཚན་ཟངས་ཀྱི་སྤར་ཤད། དཀར་མོ་སེང་གེའི་མགོ་ཅན། ཕྱག་མཚན་མཚལ་ཐོད་དམར་པོ། དམར་མོ་དྲེད་ཀྱི་མགོ་ཅན། ཕྱག་མཚན་ལྕགས་ཀྱི་རལ་པ་སྤྲུག་ཅིང་ཕྲག་ལ་འགེལ་བ་དང་གནམ་ལྕགས་རལ་ཀྱུ་བསྣམས་པ། དམར་ནག་སྤྱང་ཀུའི་མགོ་ཅན། ཕྱག་མཚན་ཁྲ་ཡི་གཤོག་པ། སྨུག་ནག་སྟག་གི་མགོ་ཅན། ཕྱག་མཚན་དྲེད་ཀྱི་གཡང་གཞི། སེར་ལྗང་ཁྱུང་གི་མགོ་ཅན། ཕྱག་མཚན་ཕོ་དགུ་མོ་དགུ་སྦས་ཀྱིན་བསྐུངས་ནས་འགྱེད། སྔོ་ལྗང་ཆུ་སྲིན་མགོ་ཅན། ཕྱག་མཚན་རླུང་གི་གཡབ་མོ། གྱད་མོ་དགུ་ཡི་དང་པོ་འགྱིང་མ་འབྲོང་གི་མགོ་ཅན། ཕྱག་མཚན་འབྲོང་གི་རུ་གཡུག དཀར་མོ་བྱ་རྒོད་མགོ་ཅན། ཕྱག་མཚན་རྒོད་ཀྱི་རྗེ་ཕུར། མི་བཟད་དོམ་གྱི་མགོ་ཅན། ཕྱག་མཚན་དོམ་གྱི་གཏུམ་ཚུལ་འཇིག་པ་དགྲ་ལ་སྟོན། སྟོབས་ལྡན་གླང་པོའི་མགོ་ཅན། ཕྱག་མཚན་ས་ལ་འཕང་རྡོ་བླང་ཞིང་དགྲ་ལ་འཕེན་པ་དང་ས་སྲིན་གཡང་གཞི་བརྡེབ་པ། སྔོན་མོ་གཟིག་གི་མགོ་ཅན། ཕྱག་མཚན་བཙན་ཞགས་ཁྲ་བོ། སེར་ལྗང་འུག་པའི་མགོ་ཅན། ཕྱག་མཚན་དམིགས་བསལ་མེད་གད་རྒྱང་ཧ་ཧ་རྒོད་ཅིང་རྐན་སྒྲ་བརྡེབས་པ། དམར་མོ་མགྱོགས་བྱེད་ཁྲ་ཡི་མགོ་བོ་ཅན། ཕྱག་མཚན་དམིགས་བསལ་མེད་ཁྲ་ཡི་དཔུང་ཟུར་དགྲ་ལ་བརྡེག་པའི་ཚུལ། སྐྱ་བཀྲ་གསའ་ཡི་མགོ་བོ་ཅན། ཕྱག་མཚན་དྲེད་ཀྱི་ལག་པ། དམར་ནག་ཕག་རྒོད་མགོ་བོ་ཅན། ཕྱག་མཚན་སྔོན་དམར་དྲུ་གུ། བྱིན་ཏེ་དགུ་ཡི་དང་པོ་གནམ་གྱི་བྱིན་ཏེ་ཆེན་མོ། ཕྱག་མཚན་ལྷ་ཡི་བ་དན་དཀར་པོ། ས་ཡི་བྱིན་ཏེ་ཆེན་མོ། ཕྱག་མཚན་རླུང་གི་ཞགས་པ། བདུད་ཀྱི་བྱིན་ཏེ་ཆེན་མོ། ཕྱག་མཚན་བདུད་མདའ་ཤོར་བ་སྟོང་ནག དམུ་ཡི་བྱིན་ཏེ་ཆེན་མོ། ཕྱག་མཚན་མཚོན་གྱི་དྲུ་གུ ཀླུ་ཡི་བྱིན་ཏེ་ཆེན་མོ། ཕྱག་མཚན་ཆུ་སྲིན་གདུག་པའི་གཡང་གཞི། གཉན་གྱི་བྱིན་ཏེ་ཆེན་མོ། ཕྱག་མཚན་གཉན་གྱི་ཤེལ་སྒོང་དཀར་ནག སྲིན་གྱི་བྱིན་ཏེ་ཆེན་མོ། ཕྱག་མཚན་སྲིན་གྱི་བྱུར་ཐག་ནག་པོ། ཕྱ་ཡི་བྱིན་ཏེ་ཆེན་མོ། ཕྱག་མཚན་གཤེན་ལ་དམུ་ཐག་འདོགས་པ། བགེགས་ཀྱི་བྱིན་ཏེན་ཆེན་མོ། ཕྱག་མཚན་གདུག་པའི་འཁོར་ལོ་བསྐོར་བའོ།
སྲིད་རྒྱལ་དུས་དྲུག་གི་བྱུང་རིམ་ལོ་རྒྱུས།
བཀའ་ཕུན་སུམ་ཚོགས་པ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ ཏུ་འབར་བའི་མདོ། ཁྲོ་བོ་རྣམ་པར་འཇོམས་པའི་གཟུངས་ཀྱི་དགོངས་དོན་ལྟར་འཆད་པར་འདོད་པ་ལ། སྔོན་ཚེ་བསྐལ་པའི་དང་པོ་དཔལ་དང་ལྡན་པའི་ཞིང་ཁམས་སུ། སངས་རྒྱས་ནམ་མཁའི་མདོག་ཅན་གྱིས། སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་སྐྱོང་བའི་ཕྱིར། བཀའ་ཡི་སྲུང་མར་བསྟན་པ། སྲིད་པ་གསུམ་ལ་མངའ་མཛད་པའི། སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་པ་ཞེས་བྱ་བ་བྱུང༌། ལྷ་མིན་གྱི་གཡུལ་ངོ་ཟློག་ཅིང་ལྷ་ཁམས་བདེ་ལ་བཀོད་པར་བརྟེན། ལྷ་ཆེན་ཚངས་པས་རྨ་བྱའི་གདུགས་ཕུལ་བར་གསུངས་པས། ཡེ་ཤེས་ཀྱི་དབལ་མོ་རྨ་བྱའི་ཐུལ་པ་ཅན་ཡང་གྲགས་སོ། དབལ་མོ་དེ་ཡི་སྤྲུལ་པའི་ཁྱད་པར། ཉི་ཤར་དང་ཉིན་ཕྱེད། ཕྱི་འཕྲེད་དང་ནམ་སྲོད། ནམ་གུང་དང་ཐོ་རངས་བཅས་སུ་ཡེ་ཤེས་ཀྱི་དབལ་མོ་སྡེ་དྲུག་ཏུ་སྤྲུལ་པས། སྲིད་རྒྱལ་དུས་དྲུག་ཅེས་འབོད་པ་ཡང་འདི་ཉིད་དོ། ༡༽ ཐོ་རངས་དཀར་མོའི་ཆས་སུ་ཞུགས། དཀར་མོ་དགུ་ཁྲི་དབལ་གྱི་སྤར་མ་འགྱེད། ཅེས་གསུངས་པ་ལྟར། མ་གཅིག་སྲིད་པའི་རྒྱལ་མོ་ཡི་ཀུན་གསལ་སྤྱན་ལས་སྤྲུལ་པའི་དཀར་མོ་སྲིད་པའི་ རྒྱལ་མོ་ནི། ཞལ་གསུམ་ཕྱག་དྲུག་མཁའ་ལྡིང་ལ་བཅིབས་པ། ཕྱག་གཡས་པ་གསུམ་ན་མི་འགྱུར་བའི་གཡུང་དྲུང་བསྣམས་པ། གཡོན་པ་གསུམ་ན་བྷན་དྷ་ཐོད་ཁྲག་བསྣམས་པ། གཡང་གཞི་སྟག་ཤམས་སྦྲུལ་གྱིས་བརྒྱན་པ། དཀར་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། སྔོན་ཚེ་ནམ་མཁའི་མདོག་ཅན་གྱིས། ཐོད་རང་སྲུང་མར་བསྐོས་པའོ། ༢༽ ཉི་ཤར་སེར་མོའི་ཆས་སུ་ཞུགས། སེར་མོ་དགུ་ཁྲི་དབལ་གྱི་སྤར་མ་འགྱེད། ཅེས་གསུངས་པ་ལྟར། མ་གཅིག་སྲིད་པའི་རྒྱལ་མོ་ཡི་ཀུན་གསན་སྙན་ལས་སྤྲུལ་པའི་སེར་མོ་སྲིད་པའི་ རྒྱལ་མོ་ནི། ཞལ་གསུམ་ཕྱག་དྲུག་གཡུ་འབྲུག་ལ་བཅིབས་པ། ཕྱག་གཡས་པ་གསུམ་ན་ཙན་དན་གྱི་བིང་ཆེན་བསྣམས་པ། གཡོན་པ་གསུམ་ན་བན་དྷ་ཐོད་ཁྲག་ཐོག་པ། གཡང་གཞི་སྟག་ཤམས་སྦྲུལ་གྱིས་བརྒྱན་པ། སེར་མོ་འབུམ་གྱི་འཁོར་དང་བཅས་པ། སྔོན་ཚེ་ནམ་མཁའི་མདོག་ཅན་གྱིས། ཉི་ཤར་སྲུང་མར་བསྐོས་པའོ། ༣༽ ཉིན་ཕྱེད་དམར་མོའི་ཆས་སུ་ཞུགས། དམར་མོ་དགུ་ཁྲི་དབལ་གྱི་སྤར་མ་འགྱེད། ཅེས་གསུངས་པ་ལྟར། མ་གཅིག་སྲིད་པའི་རྒྱལ་མོ་ཡི་ཀུན་ཚོར་ཤངས་ལས་སྤྲུལ་པའི་དམར་མོ་སྲིད་པའི་ རྒྱལ་མོ་ནི། ཞལ་གསུམ་ཕྱག་དྲུག་གླང་པོ་ལ་བཅིབས་པ། ཕྱག་གཡས་པ་གསུམ་ན་ཙན་དན་གྱི་སྡོང་པོ་བསྣམས་པ། གཡོན་པ་གསུམ་ན་བྷན་དྷ་ཐོད་ཁྲག་བསྣམས་པ། གཡང་གཞི་སྟག་ཤམས་སྦྲུལ་གྱིས་བརྒྱན་པ། དམར་མོ་འབུམ་གྱིས་འཁོར་གྱིས་བསྐོར་བ། སྔོན་ཚེ་ནམ་མཁའི་མདོག་ཅན་གྱིས། ཉིན་ཕྱེད་སྲུང་མར་བསྐོས་པའོ། ༤༽ ཕྱི་འཕྲེད་སྨུག་མོའི་ཆས་སུ་ཞུགས། སྨུག་མོ་དགུ་ཁྲི་དབལ་གྱི་སྤར་མ་འགྱེད། ཅེས་གསུངས་པ་ལྟར། མ་གཅིག་སྲིད་པའི་རྒྱལ་མོའི་ཀུན་གྲོལ་ལྗགས་ལས་སྤྲུལ་པའི་སྨུག་མོ་སྲིད་པའི་ རྒྱལ་མོ་ནི། ཞལ་གསུམ་ཕྱག་དྲུག་ཙོས་མོ་ལ་བཅིབས་པ། ཕྱག་གཡས་པ་གསུམ་ན་ཤེས་རབ་རལ་ཀྱུ་བསྣམས་པ། གཡོན་པ་གསུམ་ན་བྷན་དྷ་ཐོད་ཁྲག་ཐོགས་པ། གཡང་གཞི་སྟག་ཤམས་སྦྲུལ་གྱིས་བརྒྱན་པ། སྨུག་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། སྔོན་ཚེ་ནམ་མཁའི་མདོག་ཅན་གྱིས། ཕྱི་འཕྲེད་སྲུང་མར་བསྐོས་པའོ། ༥༽ སྤྱི་སྤུངས་ཀྱི་གཞུང་ལས། སྲོད་ལ་ནག་མོའི་ཆས་སུ་བཞུགས། ནག་མོ་དགུ་ཁྲི་དབལ་གྱི་སྤར་མ་འགྱེད་ཅེས་གསུངས་འདུག་ཀྱང༌། འདིར་འདུས་པ་རིན་པོ་ཆེ་ཡི་རྒྱུད་ལས་གསལ་བ་ལྟར་ན། སྲོད་ལ་སྔོན་པོ་ཞེས་འཁོད་འདུག་པས་གཞུང་སོ་སོའི་བཤད་སྲོལ་མི་འདྲ་བ་གཉིས་ཙམ་ བྱུང་འདུག མ་གཅིག་སྲིད་པའི་རྒྱལ་མོ་ཡི་མི་འགྱུར་གཡུང་དྲུང་གི་སྐུ་ལས་སྤྲུལ་པའི་སྔོན་ མོ་སྲིད་པའི་རྒྱལ་མོ་ནི། ཞལ་གསུམ་ཕྱག་དྲུག་ཁྱུང་ལ་བཅིབས་པ། ཕྱག་གཡས་པ་གསུམ་ན་འཛིན་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ། གཡོན་པ་གསུམ་ན་བྷན་དྷ་ཐོད་ཁྲག་ཐོགས་པ། གཡང་གཞི་སྟག་ཤམས་སྦྲུལ་གྱིས་བརྒྱན་པ། སྔོན་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། སྔོན་ཚེ་ནམ་མཁའི་མདོག་ཅན་གྱིས། སྲོད་ཀྱི་སྲུང་མར་བསྐོས་པའོ། ༦༽ སྤྱི་སྤུངས་ཀྱི་གཞུང་ལས། ནམ་གུང་སྔོན་མོའི་ཆས་སུ་ཞུགས། སྔོན་མོ་དགུ་ཁྲི་དབལ་གྱི་སྤར་མ་འགྱེད། ཅེས་གསུངས་འདུག་ཀྱང༌། འདིར་འདུས་པ་རིན་པ་ཆེ་ཡི་རྒྱུད་ཀྱི་དགོངས་དོན་ལྟར་ན། ནམ་གུང་ནག་མོའི་ཆས་སུ་བཞུགས་པར་གསལ་བས། དེ་དང་བསྟུན་ཏེ་འགོད་པ་ལ། མ་གཅིག་སྲིད་པའི་རྒྱལ་མོ་ཡི་མཉམ་ཉིད་ཐུགས་ལས་སྤྲུལ་པའི་ནག་མོ་སྲིད་པའི་ རྒྱལ་མོ་ནི། ཞལ་གསུམ་ཕྱག་དྲུག་དུར་བྱ་ལ་བཅིབས་པ། ཕྱག་གཡས་པ་གསུམ་ན་པྲ་ཕུད་འབར་བ་བསྣམས་པ། གཡོན་པ་གསུམ་ན་བྷན་དྷ་ཐོད་ཁྲག་ཐོགས་པ། གཡང་གཞི་སྟག་ཤམ་སྦྲུལ་གྱིས་བརྒྱན་པ། ནག་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། སྔོན་ཚེ་ནམ་མཁའི་མདོག་ཅན་གྱིས། ནམ་གུང་སྲུང་མར་བསྐོས་པའོ། སྐུ་མདོག་མི་འདྲ་བ་སྣ་དྲུག་སོ་སོར་བསྟན་པའི་དགོས་པ་ཡང༌། ཇི་སྐད་དུ། སྐུ་མདོག་ཕྱག་མཚན་གདན་ཁྲི་བསྟན་པ་ཡང༌། སེམས་ཅན་རྣམས་དང་མཐུན་པར་བསྟན་ན་དྲང་ཕྱིར་རོ། ཞེས་ལུང་གིས་བསྔགས་པ་ཇི་བཞིན། འགྲོ་དྲུག་དགེ་ལ་བསྐོལ་བའི་ཕྱིར་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་དྲང་ དགོས་པར་ཤེས་པའི་དོན་ཆེད་ཡིན་པར་སེམས་ཏེ། བདག་ཅག་གི་སྟོན་པ་མུ་སྟེགས་ཀྱི་སྟོན་པ་ཤ་རའི་ར་ཙར་སྤྲུལ་ནས་མུ་སྟེགས་ཀྱི་ སྡེ་ཚོགས་དབང་དུ་བསྡུས་པ་དང༌། ཡུམ་ཆེན་དུག་འདུལ་རེ་ཤག་ནག་མོ་ཀླུ་བདུད་ནག་པོའི་ཡུམ་གྱི་ཆས་དུ་ཞུགས་ནས་ཀླུ་ ཁམས་དབང་དུ་བསྡུས་པ་ལྟ་བུའོ། དེ་བཞིན་དུ་ཡེ་ཤེས་ཀྱི་དབལ་མོ་སྡེ་དྲུག་ཀྱང་དུས་དྲུག་ལ་གནས་པའི་ཡོད་ཁམས་ དཀར་པོ་དགེ་ལ་ཕྱོགས་པ་དང་མེད་ཁམས་ནག་ཕྱོགས་ཀྱི་རིགས་རྣམས་གདུལ་བར་བྱ་བའི་ ཕྱིར། དུས་དྲུག་གི་རང་མདངས་དང་བསྟུན་ཏེ་སྐུ་མདོག་དེ་ལྟར་བསྟན་པ་མངོན་ནོ། ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ་ལས། སྲོད་ལ་ནག་མོ་མུན་པ་རང་ཁ་ཡི་མདོག་སྟེ། ནག་མོ་དགུ་ཁྲི་དག་པ་སྟེ་རྟགས་ལ་ཡང་བྱུང་བས་གཙོ་འཁོར་དུས་གསུམ་མཐུན་པའི་ ཕྱིར། ནམ་གུང་སྔོ་བ་དང་ཐོ་རངས་དཀར་བ་ནི། ཉི་ཟེར་དང་འདྲེས་པའི་རིམ་པ་ལྟར་ཏེ། གཞན་ནས་སྔོ་རིང་སོགས་བཤད་པ་ལྟར་ཏེ། སེར་མོ་ནི་ཉི་མ་རང་མདོག་ལ་དམར་བ་དང་སྨུག་པ་མུན་ཟེར་དང་འདྲེས་ཆའོ། ཞེས་གསུངས་པ་ལྟར་རིག་པར་བྱའོ། སྔ་རབས་རྒན་པོ་འགའ་ཡི་ངག་སྒྲོས་ལས་གོ་ཐོས་བྱུང་བ་ལྟར་ན། དམུ་གཤེན་ཉི་མ་རྒྱལ་མཚན་དེ་ཉིད་ཀྱིས་ཙོ་རོ་སྔགས་པ་འདུལ་བའི་ཕྱིར་བོན་སྐྱོང་ ལས་ལ་རྦད་པའི་ཚེ། དྲུས་དྲུག་སྤྲུལ་པའི་དབལ་མོ་དྲུག་ཤ་བ་དྲག་དུ་སྤྲུལ་ནས་རྩེད་འཇོའི་ཚུལ་བསྟན་ པས་སྔགས་པའི་མ་ཡུམ་དེ་ལ་གཡེང་བའི་སྐབས། སྲིད་རྒྱལ་ཉིད་ཡུམ་གྱི་ཆས་སུ་སྤྲུལ་ནས་ནང་དུ་ཞུགས་ཏེ་སྲོག་སྙིང་དྲངས་ཏེ་ བསྒྲལ་བའི་ལོ་རྒྱུས་ཀྱང་སྣང་ངོ༌།
གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་གར་འཆམ།
མ་རྒྱུད་ཐུགས་རྗེ་ཉི་མའི་གར་འཆམ་འདི་ཉིད་ཀྱི་བྱུང་ཁུངས་ལོ་རྒྱུས་དང༌། བརྒྱད་དུ་གྲངས་ངེས་པའི་འཆམ་པོ་བ་དེ་རྣམས་གང་ཞིག་གི་མཚོན་དོན་ཡིན་པར་བསྟན་པ་དང༌། དེ་དག་གི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་བཅས་གྲངས་ཚན་གསུམ་གྱི་ཁོངས་སུ་དྲིལ་ཏེ་འཆད་པར་སྤྲོ་བ་ལ། དང་པོ་ཡིད་ཆེས་པར་བྱེད་པའི་ལོ་རྒྱུས་འཆད་པ་ལ། རྒྱལ་རིགས་ཀྱི་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས། དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལམ་གྱི་བྱ་ར་མ་དྲུག་དངོས་སུ་བྱོན་ཏེ། རིགས་ཀྱི་བུ་ཁྱེད་ཀྱིས་མ་རྒྱུད་ཀྱི་གདམས་པ་ཤེས་སམ་གསུངས་པས། བདག་གི་མཁས་པ་ཆེན་པོ་དྲུག་ལ་གཏུགས་པས་མཁས་ལགས་བྱས་པས། མདུན་གྱི་རྒྱ་མཚོ་ལས་ཆུ་ཡོལ་ཆེན་གང་བཅུས་ནས་རྩིའི་ཉག་མས་གཅིག་བླང་ནས་ལག་ཏུ་གཏད་ནས། མ་རྒྱུད་ཀྱི་བོན་ནི་རྒྱ་མཚོ་དང་འདྲ། སློབ་དཔོན་ལ་ཡོད་པ་ནི་ཐོད་པ་གང་པོ་འདི་དང་འདྲ། ཁྱོས་ཤེས་པ་ནི་རྩི་མཆོག་འདི་དང་འདྲ། ཕྱོགས་ཙམ་ཡང་ད་རུང་མ་རྟོགས་པ་ཡིན་ཞེས་གསུངས་པ་དང་། ཤིན་ཏུ་ཐུགས་མུག་ནས་ཕྱག་འཚལ་ཏེ། ད་ཅི་ལྟར་བྱས་ན་ངས་མཐར་ཐུག་པ་རྟོགས། ཞེས་གསོལ་པས། བསླབ་པའི་ཕུག་ནི་བཟང་ཟ་རིང་བཙུན་ཡིན་ཏེ། མ་རྒྱུད་ཀྱི་མངའ་བདག་ལགས་སོ། བསྒོམ་པའི་གནས་ནི་རྒྱལ་བའི་མཉེས་ཚལ་ཡིན་ཏེ། མཁའ་འགྲོའི་སྙིང་གཏེར་ལགས་སོ། གདམས་ངག་གི་རྩ་བ་ནི་སངས་རྒྱས་རྒྱུད་གསུམ་ཡིན་ཏེ། མ་རྒྱུད་ཀྱི་ཡང་སྙིང་ལགས་སོ། ཞེས་གསུངས་སོ། དེ་ནས་མི་ལུས་བསལ་ལེགས་ཉིད་ཀྱང་བྱ་ཁྱུང་སུམ་གྲུས་པ་གཅིག་ཏུ་སྐུ་སྤྲུལ་ནས། མཁའ་འགྲོ་རྣམས་གཤེགས་པའི་རྗེས་ལ་སོང་པས། དགའ་ལྡན་ལྷའི་གནས་ན། རིན་པོ་ཆེ་གཡུ་སྟེང་གི་ཚལ། རྩེ་དྲུག་ལྷུན་གྱི་སྒང་། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་ཕྱིན་པས། གསང་མཆོག་གསང་བའི་དཀྱིལ་འཁོར་དུ། ཡུམ་བཟང་ཟ་ནི་ཀྱེ་མ་འོད་མཚོའི་ཆ་བྱད་དུ་བཞུགས་ཏེ། དེ་ཡང་གསང་མཆོག་སངས་རྒྱས་རྒྱུད་གསུམ་པའི་དཀྱིལ་འཁོར་འབྱམས་ཡས་པ་ནམ་མཁའི་མཐའ་ལ་ཐུག་པ་འོད་དང་གཞལ་ཡས་གྲུབ་པ་ནི་མངོན་སུམ་པར་ཤར་བ་ལ། ལྷ་སུམ་བརྒྱ་དྲུག་ཅུ་གསལ་ལ་རགས་པ། གདན་ལས་འདོམ་རེ་ཡོངས་སུ་འཕགས་པར་བཞུགས་པ། ཚངས་རིས་ཀྱི་རྒྱལ་པོ་བཞི་དང་། དཔལ་མགོན་དབལ་བོན་སྟོབས་པོ་ཆེ་རྣམས་ཀྱིས་བར་ཆོད་སྲུང་། མཁའ་འགྱིང་དཀར་པོ་རིགས་ལྔས་ནི་སྟོན་པ་མཛད། བཟང་ཟ་རིང་བཙུན་ཀྱེ་མར་བཞེངས་པས་ནི་དབང་གི་སློབ་དཔོན་མཛད། བདེ་ཆེན་སངས་རྒྱས་ཡུམ་བཞིས་ལས་ཀྱི་སློབ་དཔོན་མཛད། རོལ་པའི་ཚོགས་བདག་མ་ལས་སོགས་པ་གནས་ཉི་ཤུ་རྩ་བཞིའི་སྲུང་མ་རྣམས་ཀྱིས་ཚོགས་ཀྱི་ཡོ་བྱད་སྦྱར། གྲུབ་པ་བསྙེམས་པའི་ལྷ་དང་རིག་འཛིན་བསམ་དུ་མེད་པས་བྱིན་ཕབ་ནས་དབང་གཞི་གནད་དང་བཅས་པ་རྫོགས་པར་བསྐུར་ནས། སངས་རྒྱས་རྒྱུད་གསུམ་པ་ལེའུ་རྩིས་བྱང་དང་བཅས་པ་དབུགས་གང་གི་ནང་དུ་ཚར་གྱི་གསུངས་ནས། མཐིང་གི་བྱང་བུ་ལ་གསེར་གྱི་ཡི་གེ་བྲིས་པ་ཕྱག་ཏུ་གཏད་དེ། ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་གསུངས། གསང་བའི་མཁའ་འགྲོ་མཆོག་གིས་དངོས་སུ་ཞུས། མ་རྒྱུད་མངའ་བདག་ང་ལ་ཡོངས་སུ་བརྒྱུད།ལུང་ལྡན་རྒྱལ་སྲས་ཁྱོད་ལ་རབ་ཏུ་གཏད། གསང་སྔགས་རྒྱལ་པོ་རྒྱུད་སྡེ་ཀུན་གྱི་མཆོག། ཉི་མའི་སྙིང་པོ་ཁྱོད་ཀྱིས་འཛིན་པར་གྱིས། མང་པོར་སྣང་བ་འཆིང་བུའི་ནོར་བུའི་སྟེ། འདོད་པ་དགུ་འགྱུར་མ་ཡིན་གཞན་ལ་མེད། ནམ་མཁའ་རང་བཞིན་སྣང་བའི་མགྲིན་གཅིག་པོ། སྐྱེས་བུ་ཐུགས་ལ་ཤར་རམ་མའི་ངག། བུ་ལ་སྦྱིན་གྱིས་སྤྲོས་པ་ཆོད་ལ་སྒོམས། སངས་རྒྱས་གཞི་གྲོལ་ལམ་འབྱེད་འབྲས་བུ་ཐོབ། ཅེས་གསུངས་སོ། དེ་ནས་སངས་རྒྱས་རྒྱུད་གསུམ་པའི་དོན་གཏན་ཚིགས་མ་ནོར་བར་ཐུགས་ལ་ཁྲེམས་པར་བྱས་ནས། སླར་མི་ཡུལ་དུ་འོང་བ་དང་། རྒྱལ་བ་མཉེས་ཚལ་བྱ་བ་ལྗོངས་ཡོངས་སུ་རིང་བ་གཅིག་ལ་རི་ཆེན་པོ་ལྔ་ཡོད་པར་བཞུད་དེ་བསྒོམས་པས། དེ་ཡང་རི་བོ་ཆེ་དབུ་མ་ཡི་གསང་བ་མཆོག་གི་རི་བོ་ལ་གླིང་བཞིའི་མགྱོགས་མ་ལྷའི་མཁའ་འགྲོ་མ་གླིང་བཞི་ལ་དབང་བསྒྱུར་བ་གནས། ཤར་ཁུ་བྱུག་རོལ་བའི་རི་བོ་ལ་དཀར་མོ་མཆེ་གཙིགས་དྲི་ཟའི་མཁའ་འགྲོ་མ་གནས། བྱང་རྒྱལ་པོ་ཀུན་སྤྱོད་ཀྱི་རི་བོ་ལ་ ནག་མོ་སྡེར་ཆེན་གནོད་སྦྱིན་གྱི་མཁའ་འགྲོ་མ་གནས། ནུབ་ཡེ་ཤེས་མངོན་འགྱུར་གྱི་རི་བོ་ལ་དམར་མོ་གཡག་ཐོད་ཀླུའི་མཁའ་འགྲོ་མ་གནས། ལྷོ་གཡུང་དྲུང་བརྟན་པའི་རི་བོ་ལ་མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་མཁའ་འགྲོ་མ་གནས། གཞན་ཡང་ལྷ་འདྲེ་ཤིན་ཏུ་གཏུམ་པས་གོམ་པས་འདོར་མི་ཕོད་པ། མཁའ་འགྲོ་གནས་པ་ལ་མཐའ་ཀུན་ཏུ་རོ་བསྐྱེལ་བ། བདུད་ཡག་ཤ་མི་སྙན་སྨྲ་བ་བསྒྲལ་བའི་དུར་ཁྲོད་ཆེན་པོ་ཡིན་པས། རི་དབུ་མ་ལ་ཤེལ་གྱི་མཆོད་རྟེན་དང་གསང་བའི་བྲག་ཕུག་སུས་མ་བྱས་པ་རང་འབྱུང་དུ་ཡོད་པ་ལ། མཁའ་འགྱིང་དཀར་པོ་ཕྱག་བཞི་པའི་སྐུ་རང་འབྱུང་དུ་དོད་པ་གཅིག་ཡོད་པ་ལ་བཞུད་པས། མཁའ་འགྲོ་མ་རྣམས་ཀྱིས་འཇིག་རྟེན་གྱི་ལྷ་འདྲེ་དང་། གནས་ཆེན་ཉི་ཤུ་རྩ་བཞིའི་མཁའ་འགྲོ་ཐམས་ཅད་བསྐུལ་ནས་དམག་དྲངས་པས། ཐོག་གི་ཆར་པ་དང་། མཚོན་གྱི་ཆར་པ་དང་། ཁྲག་གི་སྐྱི་འདང་དང་། མེའི་རྨ་འདང་དང་། ནད་ཀྱི་བུ་ཡུག་དང་། མི་སྙན་པའི་སྒྲ་དང་བཅས་པ་དཔག་ཏུ་མེད་པའི་དམག་ཚོགས་ཀྱིས་འཇིག་རྟེན་ཐམས་ཅད་གཡོ་བ་ཙམ་དུ་བྱུང་བས། འཁོར་བའི་ཚོགས་མང་པོ་བསྒྲལ་བར་བྱས་སོ། བསམ་ལེགས་ཉིད་ནམ་མཁའ་ལ་འཕུར་ཏེ་དཔག་ཚད་གསུམ་གྱི་སྟེང་ནས། གསང་མཆོག་རྒྱལ་པོའི་སྐུ་རུ་རྣམ་པར་སྤྲུལ་ནས། མཐའ་གནོན་རྒྱལ་བའི་གཤེན་བརྒྱད་དང་བཅས་པས། བར་སྣང་ལ་ཁྲོ་བོ་རོལ་པའི་གར་བཞི་བཅུ་རྩ་ལྔ། ཁྲོ་མོ་རྔམ་པའི་བྲོ་བཞི་བཅུ་རྩ་ལྔ། རྟུལ་ཤུགས་མཁའ་འགྲོའི་གླུ་བཞི་བཅུ་རྩ་ལྔ་བྱས་ནས་བཏུལ་བས། མཁའ་འགྲོ་དང་ལྷ་འདྲེའི་དམག་དང་ཆོ་འཕྲུལ་ཐམས་ཅད་ས་ལ་ལྷུང་སྟེ་རོ་ལྟར་མྱོས་པར་གྱུར་ནས། སྲོག་འབུལ་བ་དང་། དམ་བཅའ་བ་དང་། བཀའ་སྲུང་བྱེད་པའི་ཁས་བླངས་ནས་དབང་དུ་ཡང་དག་པར་བསྡུས་པས། གཙོ་མོ་ཕྱོགས་སྐྱོང་མཁའ་འགྲོ་ལྔས་དབང་བསྒྱུར་ཏེ་ལྷ་ཐམས་ཅད་བྲན་དུ་བཀོལ་བས། དབུས་ཀྱི་རི་ལ་སའི་ལྷ་མོ་སྐུ་སྟོད་ས་ལས་འཕགས་ཏེ་སའི་དངོས་གྲུབ་ཕུལ་ལོ། ཤར་གྱི་རི་ལ་དྲི་ཟ་ཟུར་ཕུད་རྒྱལ་པོ་མངོན་པར་བྱུང་ནས་ལས་ཀྱི་དངོས་གྲུབ་ཕུལ་ལོ། བྱང་གི་རི་ལ་གནོད་སྦྱིན་གང་བ་བཟང་པོ་མངོན་པར་བྱུང་སྟེ་ནོར་གྱི་དངོས་གྲུབ་ཕུལ་ལོ། ནུབ་ཀྱི་རི་ལ་ཀླུ་རྒྱལ་འཁོར་བཟང་མངོན་པར་བྱུང་སྟེ་ཟས་ཀྱི་དངོས་གྲུབ་ཕུལ་ལོ། ལྷོའི་རི་ལ་གཤིན་རྗེ་ཡ་མ་ར་ཙ་མངོན་པར་བྱུང་སྟེ་བསྟན་པའི་དངོས་གྲུབ་ཕུལ་ལོ། གཞན་ཡང་ལྷ་འདྲེ་ཐམས་ཅད་ཀྱིས་རང་རང་གི་སྟོབས་ལས་བྱུང་བའི་དངོས་གྲུབ་ཐམས་ཅད་ཕུལ་ཏེ། རྒྱལ་བ་ཉིད་ལ་བསྒྲུབ་པའི་གནས་སུ་འབུལ་གྱིས། བསྟན་པ་སྲུང་བར་ཁས་བླང་པ་དང་། སླར་ས་ལ་ཕབ་སྟེ། དབུས་ཀྱི་གསང་བ་མཆོག་གི་རི་བོ། རྩེ་མོ་ཤེལ་བྲག་དགུང་ལ་ཐུག་པ་ལ་རྒོད་པོས་མི་ཐོན་པ་ཡོད་པ་ལ་དགོངས་པ་ལ་གཤེགས་སོ། ཞེས་གསུངས་པ་ལྟར་རོ། གཉིས་པ་བརྒྱད་དུ་གྲངས་ངེས་པའི་འཆམ་པོ་བ་དེ་རྣམས་ནི། མཐའ་གནོན་རྒྱལ་བའི་གཤེན་བརྒྱད་ཀྱི་མཚོན་དོན་ཏེ། མཐའ་འདུལ་གྱི་དབལ་བོན་ཆེན་པོ་བརྒྱད་ཀྱང་བྱའོ། མཐའ་ཡི་དུར་ཁྲོད་ཆེན་པོའི་གནས་བརྒྱད་ལ་བཞུགས་པའི་བར་སྣང་གི་གཡེན་ཁམས་འདུལ་བའི་མཐའ་འདུལ་གྱི་དབལ་བོན་ཆེན་པོ་བརྒྱད་ནི། ཁྲོ་གཏུམ་གདང་བཀྲ་ཕན་སྐྱོང་། ཁྲོ་གཏུམ་ངས་པོ་ཤག་ཆེན། ཁྲོ་གཏུམ་གུག་ཏང་རྒྱལ་བ། ཁྲོ་གཏུམ་ལེགས་ཞུར་འོད་པོ། ཁྲོ་གཏུམ་ཚེས་པ་གཟི་བརྗིད། ཁྲོ་གཏུམ་དལ་ཀ་ཀུན་འདུལ། ཁྲོ་གཏུམ་རྐྱང་བོན་རོམ་པོ། ཁྲོ་གཏུམ་ཀུན་སྐྱོབས་དཔའ་བོ་དང་བརྒྱད་དོ། གསུམ་པ་མཐའ་འདུལ་གྱི་དབལ་བོན་དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་ནི་འདི་ལྟར་ཏེ། ༡༽དང་པོ་ཁྲོ་གཏུམ་གདང་བཀྲ་ཕན་སྐྱོང་ནི། སྐུ་མདོག་སྨུག་མདངས། ཕྱག་མཚན་གཡས་ན་ཟ་མ་ཏོག་དང་གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་གཟའ་སྐར་གྱི་གདུག་པ་འདུལ་ཞིང་། ཤར་ཕྱོགས་ཀྱི་དུར་ཁྲོད་མ་ཚོགས་འཇིགས་པའི་ཁ་གནོན་དུ་བཞུགས་སོ། ༢༽གཉིས་པ་ཁྲོ་གཏུམ་ངས་པོ་ཤག་ཆེན་ནི། སྐུ་མདོག་དམར་མདངས། ཕྱག་མཚན་གཡས་ན་བ་དན་དང་གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་རླུང་ལྷའི་གདུག་པ་འདུལ་ཞིང་། བྱང་ཕྱོགས་དུར་ཁྲོད་མ་ཚོགས་འཇིགས་པའི་ཁ་གནོན་དུ་བཞུགས་སོ། ༣༽གསུམ་པ་ཁྲོ་གཏུམ་གུག་ཏང་རྒྱལ་བ་ནི། སྐུ་མདོག་དུད་སྐྱ། ཕྱག་མཚན་གཡས་ན་བུམ་པ་དང་། གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་འཇའ་འོད་ཆོ་འཕྲུལ་གྱི་གདུག་པ་འདུལ་ཞིང་། ནུབ་ཕྱོགས་ཀྱི་དུར་ཁྲོད་དམག་ཚོགས་འཇིགས་པའི་ཁ་གནོན་མཛད་ཅིང་བཞུགས་སོ། ༤༽བཞི་པ་ཁྲོ་གཏུམ་ལེགས་ཞུར་འོད་པོ་ནི། སྐུ་མདོག་མཐིང་སྐྱ། ཕྱག་མཚན་གཡས་ན་ནོར་བུ་དང་གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་ཉི་མའི་རླུང་བདུད་ཀྱི་གདུག་པ་འདུལ་ཞིང་། ལྷོ་ཕྱོགས་ཀྱི་དུར་ཁྲོད་མ་ཚོགས་འཇིགས་པའི་ཁ་གནོན་མཛད་ཅིང་བཞུགས་སོ། ༥༽ལྔ་པ་ཁྲོ་གཏུམ་ཚེས་པ་གཟི་བརྗིད་ནི། སྐུ་མདོག་དཀར་གསལ། ཕྱག་མཚན་གཡས་ན་རལ་གྲི་དང་། གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་ཟླ་བའི་ཉ་བདུད་ཀྱི་གདུག་པ་འདུལ་ཞིང་། ལྷོ་ཤར་ཀྱི་དུར་ཁྲོད་དམག་ཚོགས་འཇིགས་པའི་ཁ་གནོན་མཛད་ཅིང་བཞུགས་སོ། ༦༽དྲུག་པ་ཁྲོ་གཏུམ་དལ་ཀ་ཀུན་འདུལ་ནི། སྐུ་མདོག་སེར་སྐྱ། ཕྱག་མཚན་གཡས་ན་ཞགས་པ་དང་གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་ཚ་རེག་གི་གདུག་པ་འདུལ་ཞིང་། བྱང་ཤར་དུར་ཁྲོད་དམག་ཚོགས་འཇིགས་པའི་ཁ་གནོན་དུ་བཞུགས་སོ། ༧༽བདུན་པ་ཁྲོ་གཏུམ་རྐྱང་བོན་རོམ་པོ་ནི། སྐུ་མདོག་དམར་སྐྱ། ཕྱག་མཚན་གཡས་ན་ཙོ་དམར་དང་གཡོན་ན་ཐོད་ཁྲག་འཛིན་པ། གཡེན་ཁམས་ལོ་ཁམས་ཀྱི་གདུག་པ་འདུལ་ཞིང་། བྱང་ནུབ་ཀྱི་དུར་ཁྲོད་དམག་ཚོགས་འཇིགས་པའི་ཁ་གནོན་མཛད་ཅིང་བཞུགས་སོ། ༨༽བརྒྱད་པ་ཁྲོ་གཏུམ་ཀུན་སྐྱོབས་དཔའ་བོ་ནི། སྐུ་མདོག་སྨུག་མདངས། ཕྱག་མཚན་གཡས་ན་གྲི་ཁུག་དང་གཡོན་ན་ཐོད་ཁྲག་འཛིན་པ། ཀུན་སྐྱོབས་བྱིན་ཆེན་མཐུ་ལྡན་དཔའ་བོ་གསས། ལྷོ་ནུབ་ཀྱི་དུར་ཁྲོད་དམག་ཚོགས་འཇིགས་པའི་ཁ་གནོན་མཛད་ཅིང་བཞུགས་སོ། དེ་དག་ནི་མཐའ་ཡི་དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི་བར་སྣང་གི་གཡེན་འདུལ་དབལ་བོན་ཆེན་པོ་བརྒྱད་དུ་གྲགས་པ་དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གྱི་བཀོད་པའོ། དེ་ལྟར་གསས་མཁར་མ་རྒྱུད་གར་འཆམ་གྱི། མཚོན་དོན་དབལ་བོན་ཆེན་པོ་རྣམ་བརྒྱད་ཀྱི། སྐུ་མདོག་ཕྱག་མཚན་སྤྲུལ་པའི་དོན་ཆེད་བཅས། གཞུང་དོན་བཞིན་དུ་བྲིས་པའི་ཁུལ་བྱས་ཀྱང་། གཟུ་ལུམ་ར་ཆོད་ཏོམ་འཆོལ་དབང་སོང་ནས། ཉེས་པའི་དྲི་མས་གཞུང་དོན་སླད་པ་ཡི། འགལ་འཁྲུལ་སྐྱོན་གྱི་ཕུང་པོས་གཏམས་གྱུར་ན། དབྱིངས་ནས་བརྩེ་གཟིགས་མཆོག་ལྔའི་ལྷ་ཚོགས་དང་། རྒྱུད་ཀྱི་བདག་མོ་རྒྱལ་ཡུམ་བཟང་ཟའི་དྲུང་། ཟོལ་མེད་སེམས་ཀྱི་སྟོབས་བཞིའི་དཔུང་དང་བཅས། བཟོད་གསོལ་དྲག་པོས་བཤགས་གསོལ་བཏབ་ལགས་ན། རྣམ་སྨིན་ཕུང་པོ་རང་སར་དེངས་ནས་ཀྱང་། གསས་མཁར་རྒྱུད་དོན་རྟོགས་པའི་རྒྱུར་གྱུར་ཅིག
གཤེན་རབ་དགུ་འཆམ།
མ་མཆོག་སྲིད་རྒྱལ་གྱི་བྱུང་རིམ་ལོ་རྒྱུས་རྒྱས་སྤྲོས་མི་དགོས་པར་གོང་ཞུས་ ལྟར་འཐུས་པར་བྱས་ན་སྙམས། སྤྱིར་དམུ་རྒྱལ་གཤེན་གྱི་བསྟན་སྲུང༌། ཡང་སྒོས་རྒྱལ་བ་སྨན་རི་བའི་བསྟན་དང་བསྟན་འཛིན་ཡོངས་ཀྱི་མགོན་མཛད་ཆེན་པོ་མི་ བདུད་འབྱམས་པ་ཁྲག་མགོའི་བྱུང་ཁུངས་ཀྱི་ལོ་རྒྱུས་དྲ་བ་དམར་ནག་གི་རྒྱུད་དོན་ ལྟར་འཆད་པ་ལ། བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང༌། ས་འོད་དཀར་ལ་ལྗོན་སྟེང་ན། རུ་བཞི་ལྷ་ཡི་ཕོ་བྲང་ཆེན་པོ་སྟེ། དབལ་གསས་སྐུ་ཡི་སྤྲུལ་པ་ཁྲོ་གསས་མཁའ་འགྱིང༌། གསུང་གི་སྤྲུལ་པ་དབལ་གསས་མཁའ་འགྱིང༌། ཡོན་ཏན་གྱི་སྤྲུལ་པ་རྔམ་གསས་མཁའ་འགྱིང༌། འཕྲིན་ལས་ཀྱི་སྤྲུལ་པ་གཏུམ་གསས་མཁའ་འགྱིང་དང་བཞིའི་སྲ་བརྟན་མི་འགྱུར་བའི་ གསས་མཁར་ཆེན་པོ་རང་བཞིན་གྱི་གནས་ཏེ། འདིར་ཡང་སྔོན་གྱི་དུས་ན། བསྐལ་སྲིད་ཆགས་འཇིག་མང་དུ་བྱུང་ངོ༌། དུས་རེ་ཤིག་ན། ཐམས་ཅད་ནམ་མཁའ་སྟོང་པའི་བག་ལ་གནས་ཙམ་ན། ཡེ་ཤེས་ལྷ་ཡི་ཐུགས་རྗེ་དང༌། སེམས་ཅན་སྤྱི་མཐུན་ལས་དབང་གིས། ནམ་མཁའ་སྟོང་ལྡན་ཕྱོ་སངས་ལས། འོད་རླུང་སྤྲུལ་པའི་འཁོར་ལོ་བྱུང༌། དེ་བསྐྱོད་ཅིང་བསྐུལ་བ་ལས། འབྱུང་བ་བཞི་ཁད་དང་རིམ་གྱིས་ཆགས་སོ། དེ་ཡང་འོད་གསལ་ལྷའི་སྤྲུལ་པ་ལས། ལྷ་གར་རྟེན་གསུམ། དམུ་བདུད་འཚམས་གསུམ། ཕྱྭ་སྲིད་སྐོས་གསུམ། མི་སྨྲ་རྒྱལ་གསུམ། འདྲེ་སྲིན་བྱུར་གསུམ་རྣམས་བྱུང་ངོ༌། དེའི་དུས་ཙམ་ན། ལྷ་གར་རྟེན་གསུམ་ནི་བག་ལ་ཞ། དམུ་བདུད་འཚམས་གསུམ་ནི་མགོ་ལོ་རྒོད། ཕྱྭ་སྲིད་སྐོས་གསུམ་ནི་སོ་སོའི་ལས་ལ་གཡེང༌། འདྲེ་སྲིན་བྱུར་གསུམ་ནི་མི་ལ་འཇབ། མི་སྨྲ་གཤེན་གསུམ་ནི། ཤིན་ཏུ་ཉམ་ཐག། དེ་སུའི་ཐུགས་སུ་བསྙུངས་ན། འོག་མིན་གྱི་གནས་གསས་ཆེན་རུ་བཞི་བཞུགས་པའི་ཐུགས་སུ་བསྙུངས་ཏེ། གནས་གསས་དབྱིངས་རུམ་ཐུགས་ཀྱི་སྤྲུལ་པ་ལས། གཡུའི་བྱིལ་བུ་ལུག་རྫི་མོ་གཅིག་གནམ་ནས་ས་ལ་སྤྲུལ་ལོ། དེའི་ཞལ་ནས་ཧ་དང་ཧི་ཞེས་བརྗོད་པས། འབྱུང་བ་ལྔའི་སྙིང་པོ་ལས། གཞའ་དང་སྤྲིན་དུ་བྱུང་བ་དེའི་བཅུད་ལས་རིན་པོ་ཆེ་ཡི་སྒོ་ང་གཅིག་ཏུ་བྱུང༌། དེ་རྡོལ་བ་ལས་སྲིད་པ་འབྱུང་བ་སྲིད་པའི་རྒྱལ་མོ་བྱུང༌། དེའི་ཐུགས་ཀྱི་སྤྲུལ་པ་ལས། རིན་པོ་ཆེའི་ཁུ་འཕང་བཞི་རུ་བྱུང་ངོ༌། རུ་བཞི་ལྷའི་ཐུགས་ཁ་ནས་འོད་ཀྱི་ཡི་གེ་ཧ་བཞི་བྱུང༌། དེ་ཁུ་འཕང་བཞི་ལ་ཐིམ་པས་རིན་པོ་ཆེའི་སྒོ་ང་བཞི་རུ་གྱུར། སྒོ་ང་དེ་བཞི་བརྡོལ་བ་ལས། གཅིག་ནས་སྲིད་པའི་རྒྱལ་པོ་ཡེ་འདྲོག་བྱུང༌། སྒོང་གཅིག་བརྡོལ་བ་ལས། སྟག་བདུད་གེ་ཏ་བྱུང༌། གཅིག་ནས་གྱེར་སྲིད་པའི་རྒྱལ་པོ་བྱུང༌། གཅིག་ལས་བཙན་གྱི་རྒྱལ་པོ་ཧུར་པ་གསོད་རྐྱེན་བྱུང་ངོ༌། སྟག་བདུད་གེ་ཏའི་རྒྱུད་ལས་བྱུང་བའི་གེ་ཏ་ཁྲི་འདུལ་ཐང་པོ་དང༌། ན་ལྕམ་མགྲིན་རིང་མ་གཉིས་བཤོས་པ་ལས། མི་བདུད་འབྱམས་པ་ཁྲག་མགོ་བྱུང་ངོ༌། དེས་མི་ཡི་སྲོག་ལ་བདུད་དུ་བྱེད། ཕྱུགས་ལ་གཅན་དུ་བྱེད། ཡོད་ཁམས་ཀུན་ལ་གནོད་ཅིང་འཚེ་བར་བྱེད་པའི་གཞི་བླངས་སོ། རུ་བཞི་ལྷའི་སྤྲུལ་པ་ལྷ་བོ་ལྷ་སྲས་ཀྱིས་གཉེར་དུ་གཏད་ནས། བོན་དང་གཤེན་གྱི་སྒྲ་བླར་བསྐོས་སོ། ཧྲིས་པ་གྱེར་མེད་ཀྱིས་དབལ་གསས་རྔམ་པའི་སྐུ་རུ་བཞེངས་ཏེ། བཀའ་སྒོ་དམ་བརྡར་མཛད༌། དམ་ཟས་དམ་ཆུ་བྱིན་ནས། གསུངས་པ། འགྲེང་མི་ལ་མི་བདུད། བདུད་ན་གཤེན་གྱི་དགྲ་ཁམས་ཆམ་ལ་ཕོབས་ཤིག དུད་ཕྱུགས་ལ་མ་གཅན། གཅན་ན་གཤེན་གྱི་དགྲ་ནོར་ཕྱག་མས་ཐོབ་ཅིག འགྲོ་བ་གཞན་ལ་ཧུར་པ་ཡང་མ་བྱེད། ཡེ་འགྲོག་ཡང་མ་སློང༌། ཞེས་གསུངས་ནས། བསྟན་པ་སྲུང་བའི་དཔལ་མགོན་དུ་མངའ་གསོལ་ལོ། སྔོན་གྱི་དུས་ན་སངས་རྒྱས་དང་སེམས་དཔའ་རྣམས་ཀྱི་བཀའ་དང་དམ་ལ་གནས་ཤིང༌། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མིག་སྙིང་སྲོག་གསུམ་ལྟ་བུ་བསྲུང་བར་ མཛད་པ་ནི། རྒྱུད་ལུང་མཐའ་དག་ལས་གསལ་བ་ལྟར་ཡིན་ལ། ཁྱད་པར་དུ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་དེ་ཉིད་ཀྱི་སྐྱེ་བ་དགུ་ཡི་སྲུང་མར་ མཛད་པར་གྲགས་ལ། དཔལ་གཤེན་བསྟན་སྨན་རི་བའི་བསྟན་དང་བསྟན་འཛིན་རྣམས་ཀྱི་འཕྲིན་ལས་འབད་མེད་དུ་ སྒྲུབ་པའི་དམ་བཅས་ནས་བསྟན་པའི་སྲུང་མ་གཙོ་བོར་བསྐོས་པའོ། ཡུམ་གྱི་བཀའ་ཉན་ལས་བྱེད་ཕོ་ཉ་བཞིའི་ནང་ཚན་ཡུམ་གྱི་གཡོན་ནས་དམག་གི་རུ་འདྲེན་ གྱི་ཚུལ་དུ་གནས་པའི་གཤེན་གྱི་སྒྲ་ལྷ་ཆེན་པོ་འདིའི་སྐུ་མདོག་ནི་འཇིགས་རུང་ རྔམ་པ་མུན་པའི་མདོག་ཅན། ནག་པོ་དར་ནག་གི་ཅོད་པཎ་ཅན། སྐུ་ལ་འབྲོང་གི་གཡང་གཞི། ཕྱག་མཚན་གཡས་ན་གནམ་ལྕགས་སྟ་མོ། ཕྱག་མཚན་གཡོན་ན། དར་ནག་རུ་མཚོན་རྒྱལ་མཚན༌། ཆུ་བདུད་སྐྱོག་ཆེན་རྒྱབ་ན་འཁུར་བ། བྱ་བདུད་ཁྲ་ཆེན་ཀླད་ན་ལྡིང་བ། ཉ་བདུད་སྲམ་ཆེན་འོག་ན་བཞོན་པ། རྩ་བདུད་ཟོར་བ་ཁ་ནས་འཕེན་པ། རྡོ་བདུད་རྒྱོགས་ཆེན་ཐུགས་ལས་འཕེན་པ། འདི་ལ་དགོས་ཆེད་དང་བསྟུན་པའི་དབང་གིས། སེང་ཞོན་དང༌། སྲམ་ཞོན། དྲེད་ཞོན་རྟ་ཞོན་བཅས་སོ་སོ་ནས་འདུག་པས་གཅིག་ཏུ་མ་ངེས་པར་སྣང་ངོ༌། དྲྭ་བ་གསང་མདོས་དང་མི་བདུད་ཐུགས་སྒྲུབ་ལྟར་ན། མི་བདུད་འབྱམས་པ་ཁྲག་མགོ་ནི། སྐུ་མདོག་མཐིང་ནག་འཇིགས་པ་ལ། རལ་པ་ཁྲག་གི་ཟར་བུ་དྲིལ་བ། སྐུ་ལ་དབལ་གྱི་མེ་རི་འབར་བ། ཞལ་གཉིས་ཕྱག་བཞི་ནག་པོ་བདུད་ཀྱི་ཞལ། སྤྱན་དྲུག་འཇིགས་བྱེད་འབར་བ་གྱེན་དུ་གཟིགས། ཡས་ཀྱི་མཆེ་བ་ཆུ་གྲི་སོ་དང་འདྲ། མས་ཀྱི་མཆེ་བ་སྤྲུ་གྲི་གཏམ་པ་འདྲ། ཞལ་ནས་དྲག་པོ་དབལ་གྱི་དུག་སེར་འབེབས། ཕྱག་གཡས་ཀྱི་དང་པོ་ན་སྟ་མོ་བསྣམས་པ། གཡོན་གྱི་དང་པོ་ན་འཛིན་བྱེད་ལྕགས་ཀྱུ་བསྣམས་པ། གཡས་ཀྱི་ཐ་མ་ཞིང་ཆེན་གཡང་གཞི་བརྡེབས་པ། གཡོན་གྱི་ཐ་མ་ཤེ་ཐུན་ཞལ་དུ་གསོལ་བ། ཞབས་བཞི་རྐྱང་བསྐུམ་སྡེ་བརྒྱད་གདན་དུ་གཟིར་བའོ། འཁོར་གྱི་དབང་དུ་བྱས་ན། གཡས་སུ་དྲལ་པོ་བཞི། གཡོན་དུ་ལྕམ་མོ་བཞི། འཁོར་དྲེགས་པ་རྐྱ་བརྒྱད། རོལ་པོ་རྐྱ་ལྔ༌། གེ་ཏ་བཞི་བཅུ། རོལ་མོ་བདུན་ཅུ། སྒོ་སྲུང་ལྕགས་བདུད་ནག་པོ། ལས་མཁན་ཤན་པ་གྲི་ཐོགས། ཡང་སྤྲུལ་བྱ་ནག་དབང་རྒྱལ། ཆེ་བཙན་དམག་དཔོན་རྒྱལ་པོ་ལ་སོགས་བརྗོད་ཀྱི་མི་ལང་བ་ཞིག་གོ
བཙན་རྒོད་ཧུར་པ་གསོད་རྐྱེན།
དྲ་བ་དམར་ནག་གི་རྒྱུད་དོན་ལྟར། གསས་ཆེན་རུས་བཞིའི་ཐུགས་ཁ་ནས་འོད་ཀྱི་ཡི་གེ་ཧ་བཞི་བྱུང་བ། སྲིད་རྒྱལ་ཐུགས་སྤྲུལ་རིན་པོ་ཆེའི་ཁུ་འཕང་བཞི་ལ་ཐིམ་པས། རིན་པོ་ཆེའི་སྒོ་ང་བཞི་རུ་གྱུར་པའི་ནང་ཚན། ཐ་མ་དེ་ཉིད་བརྡོལ་བ་ལས། བཙན་སྲིད་ཀྱི་རྒྱལ་པོ་ཧུར་པ་གསོད་རྐྱེན་བྱུང་ངོ༌། དེས་འགྲོ་བ་གཞན་གྱི་སྲོག་དང་དབུགས་ལ་ཧུར་ཐུམ་བྱེད་པ་དང༌། ཡེ་འགྲོག་དང་ཐོབ་ཤོར་སློང་བས། ཆེ་མཆོག་དབལ་གསས་ཀྱིས་མཐུ་སྟོབས་དྲག་པོའི་རྩལ་བསྐྱེད་དེ། དབང་དུ་བསྡུས་ནས་བསྟན་པའི་སྲུང་མར་བསྐོས་སོ། ཡེ་སྲིད་གཡུང་དྲུང་བོན་གྱི་སྒྲ་བླ་ཆེན་པོ་བསྟན་སྲུང་དྲ་བ་དམར་པོ་འདི་ནི། སྔོན་དུས་བསྐལ་པའི་ཐོག་མ་ལ། ན་རོ་དབང་གི་གཤེན་གསུམ་གྱིས་བསྟེན་ཅིང་བསྒྲུབས། དེ་ནས་ཝེར་གེ་སྟག་ལོ་གཤེན་གསུམ་གྱིས་བསྙེན་ཅིང་བསྒྲུབས། དེ་ནས་ཕ་ངལ་ཡང་གསང་གཤེན་གསུམ་གྱིས་བསྒྲུབས་ཅིང་མངགས། དེ་ནས་གུ་རིབ་གཤེན་གསུམ་གྱིས་མངག་ཅིང་སྦད་དེ། ཉེས་པ་ཡང་ལྡེབས་ལ་མ་ཤོར། མ་ཉེས་པ་རྣམས་ཀྱང་སྟབས་ལ་མ་བཅད། ཉི་འོག་ཀུན་ཏུ་ཁྱབ་པར་བྱུང་སྟེ། རྒྱལ་ཁམས་ཡོངས་ཀྱིས་མཚན་གསོལ་བ། ཉི་འོག་ཀུན་ཁྱབ་ཀྱི་རྒྱལ་པོ་ཧུར་པ་གསོད་རྐྱེན་དུ་བཏགས་སོ། ཡུམ་སྲས་སྡེ་ལྔའི་ནང་ཚན་ཡུམ་གྱི་བཀའ་ཉན་ལས་བྱེད་ཕོ་ཉ་བཞི་པ་བཙན་རྒོད་ཧུར་པ་ གསོད་རྐྱེན་ནི། སྐུ་མདོག་རིན་ཆེན་ཟང་འོད་འབར་བ། འགྱིང་བརྗིད་མཐིང་བེར་དམར་ཁྲ་གསོལ་བ། ལེ་བརྒན་འབར་བའི་འཛུམ་ཐོད་བཅིང་བ། སྟག་རལ་སྐྱེ་ཆས་རྐེད་ལ་སྐོར་བ། ཕྱག་གཡས་དབལ་དར་དམར་པོའི་རུ་མཚོན་ཕྱར་བ། གཡོན་པས་བཙན་ཞགས་དམར་པོ་བསྣམས་པ། ཆིབས་སུ་གྲོ་སྨུག་འགབ་ནག་བཅིབས་པ་བཅས་སོ། བོན་སྐྱོང་གཞན་རྣམས་ལ་སྒྲུབ་གཞུང་དང་ལས་ཚོགས༌། ཚོགས་འཁོར་གྱི་རིམ་པ་སོགས་མང་དུ་སྣང་ཡང༌། བསྟན་སྐྱོང་གཙོ་བོ་འདི་ལ་དེ་ལྟ་བུ་མཇལ་ཡུལ་དུ་མ་གྱུར་པས། དཔེ་དཀོན་དུ་སོང་བའམ་ཡང་ན་གནང་དེང་གི་མཁས་གྲུབ་གང་གིས་དགོས་ཆེད་དུ་མ་གཟིགས་ པ་གང་ཡིན་ཆ་མ་འཚལ བསྟན་སྲུང་དམ་ཅན་རྒྱ་མཚོའི་ནང་ནས་བསྟན་སྐྱོང་སྲིད་པའི་རྒྱལ་མོ་དང༌། མི་བདུད་འབྱམས་པ་ཁྲག་མགོ་ བཙན་རྒོད་ཧུར་པ་གསོད་རྐྱེན་དང་གསུམ་ནི། བསྟན་སྐྱོང་གཙོ་བོ་རྣམ་གསུམ་ཞེས། ཡ་ཐོག་བསྐལ་པའི་དང་པོ་སྟོན་པ་གཤེན་རབ་མི་བོ་དང༌། གཉན་བོན་ཐང་ཐང་ཁྲོལ་བ༌། བདུན་བོན་ཁ་སྟ་འགྲེང་ཡུག བཙན་བོན་དུམ་པ་མཚལ་ལྕགས་དང་བཅས་པའི་གཤེན་བོན་དེ་རྣམས་ཀྱི་སྒྲ་བླ་ཡིན་པ་མ་ ཟད། བར་གྱི་སྲིད་པ་དབུ་མ་ལ་ཞང་ཞུང་ཧྲིས་པ་གྱེར་མེད། ཝེར་གེ་སྟག་ལོ་གཤེན་གསུམ༌། ཕ་ངལ་ཡང་གསང་གཤེན་གསུམ༌། ཡ་ངལ་ཀུ་རུབ་གཤེན་གསུམ། སྣ་རོ་དབང་གི་གཤེན་གསུམ་བཅས་ཀྱི་སྒྲ་བླ་དང༌། དུས་ཀྱི་སྲིད་པ་ཐ་མ་ལ་སྙིགས་དུས་ཀྱི་འདྲེན་པ་ཡོངས་ཀྱི་ཐུ་བོ་རྒྱལ་བ་མཉམ་ མེད་ཆེན་པོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་མཐུ་སྟོབས་ནུས་པ་གཅིག་ ཏུ་བསྒྲིལ་བའི་དཔུང་གཉེན་གྱི་མཆོག་ཏུ་གྱུར་པའོ།
བསྟན་སྲུང་ཨ་བསྭེ་བྲག་བཙན་གཡུང་དྲུང་དགྲ་འདུལ་རྩལ།
འཛམ་གླིང་ཉི་མའི་དབུས་དཀྱིལ་གྱི་གངས་དཀར་ཏི་སེའི་བྱང་ཤར་ཕྱོགས། བལ་མོན་བོད་ཀྱི་སོ་མཚམས་འཕྱོ་བ་བཙན་གྱི་ཡུལ། དུག་མཚོ་མེར་བའི་འགྲམ་ཤེད། རིན་ཆེན་བྲག་དམར་ཟང་ཡག་ལ། བསྐལ་པའི་མེ་འབར། ཆུད་ཀྱི་ཆུ་འབྲུག མི་བཙན་དང་ཆུ་བཙན་རླུང་བཙན་ས་བཙན་གྲི་བཙན་བཅས་བཙན་དམག་འབུམ་སྡེ་ཉིལ་ཞིང་ དཀྲིགས་པའི་བྲག་གི་ཐེམ་པ་ན། རིན་ཆེན་བསེ་མཁར་སྨུག་པོའི་དབུས། ཡབ་ཨ་བསེ་རྒྱལ་བ་དང༌། ཡུམ་ས་སྲིན་མ་མོ་གཉིས་ཐབས་ཀྱི་རྫུ་འཕྲུལ་བརྡེབས་པ་ལས་སྤྲུལ་པའི་སྲས། ཟངས་ཀྱི་སྒོ་ང་གཅིག་ཏུ་བྱུང༌། བཙན་བོན་རོལ་པོ་མཐུ་ཆེན་གྱིས་ཁྱུང་གི་རྔ་མགོས་སྒཽ་ང་བརྟོལ་བ་ལས། སྒོ་ང་དེའི་ནང་ཤེད་ན། འཇིགས་པའི་མི་དམར་མདུང་ཙམ་ཞིག་ལ༌། རལ་པ་མེ་རི་འོད་དུ་འཁྱིལ་བ། དབུ་ལ་བསེ་ཡི་རྨོག་ཞུ་གསོལ་བ། བཙན་གྱི་ལྡེམ་འཕྲུ་དམར་པོ་བཙུགས་པ། སྐུ་ལ་དར་དམར་བེར་ཆེན་གསོལ་བ། རིན་ཆེན་ལྕགས་ཀྱི་གོང་ལག་བཏགས་པ། གཅག་ཟན་སྟག་གི་ཆ་ག་ཅན། སྦྲུལ་ནག་གཏམས་པའི་སྐུ་རེག་བཅིངས་བ། སྟག་རལ་གཡས་ནས་འོད་ཀྱང་འཁྱུག་པ། གཟིགས་ཤུབ་གཡོན་ནས་ཟེར་ཀྱང་འཕྲོ་བ། རལ་ཀྱུ་ངར་ཆེན་གློག་དམར་འགྱུ་བ། ཕྱག་མཚན་གཡས་ན་སྦྲུལ་ཞགས་དམར་པོ་བསྣམས་པ། གཡོན་ན་བྲག་བྱ་འུག་པ་འཛིན་པ། ཞབས་ལ་བསེ་ལྷམ་ལྕགས་མཐིལ་མནབ་པ། སྦྲུལ་དམར་ཆུན་པོས་སྐུ་ལ་བརྒྱན་པ། བྲ་ནག་རྟིང་དཀར་ཆིབས་སུ་བཅིབས་པ། སྤྱང་ཁུ་སྔོན་པོ་སྔུན་ནས་རྒྱུགས་པ། ཟངས་ཀྱི་ཝ་མོ་རྗེས་སུ་འབྲེང་བ། བཙན་གླག་འུག་པ་ཀླད་ན་ལྡིང་བ། དེ་ལྟར་སྟོང་ཁམས་ཉུལ་ཞིང་གླིང་བཞི་བསྐོར་བ་ཞིག་བྱུང་ངོ༌། བྲག་བཙན་འདི་ཉིད་དབང་དུ་བསྡུས་ཤིང་བསྟན་པ་སྲུང་བའི་ལས་ལ་བཀོལ་བའི་ཆེད། སྔོན་གྱི་བསྐལ་པ་དང་པོར་རི་རབ་ལྷུན་པོའི་ཕྱི་རོལ། ཉ་མེད་འོད་ཆགས་མཚོ་འགྲམ་གྱི་ནམ་མཁའ་མཛོད་ཀྱི་བྲག་ཕུག་ཏུ། འཆི་མེད་གཙུག་ཕུད་ཀྱི་ཐུགས་སྲས་གཤེན་གསང་བ་འདུས་པ་ཡིས། དབལ་གསས་རྔམ་པའི་སྐུར་བཞེངས་ནས། དྲེགས་པ་བཙན་ཁམས་དམ་ལ་བཏགས་པའི་དུས། རང་གི་སྲོག་སྙིང་ཕུལ་ཏེ་བསྟན་པ་སྲུང་བར་ཁས་བླངས། མཚན་ཡང་ལྷ་བཙན་ནེ་ཝེར་རྒྱལ་ཞེས་སུ་གྲགས། དབལ་གསས་ཐུགས་ཀྱི་བཀའ་སྡོད་ལགས་སོ། དེ་ནས་སྟོན་པ་གཤེན་རབ་མི་བོ་དང༌། བཙན་བོན་རོལ་པོ་མཐུ་ཆེན་གྱི་སྤྱན་སྔར་བསྟན་སྲུང་ཁས་བླང་དམ་བཅའ་ཕུལ་བས། མཚན་ཡང་ཐོག་མེད་དགྲ་འདུལ་རྩལ་དུ་གསོལ། གཤེན་རབ་སྐུ་ཡི་བཀའ་སྡོད་ལགས་སོ། བར་གྱི་བསྐལ་པ་དབུས་མ་ལ། གནམ་མཚོ་ཕྱུག་མོའི་དོ་རིང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དྲུང༌། བསྟན་པ་སྲུང་བའི་གཡར་དམ་བཅའ་བས། མཚན་ཡང་ཨ་བསྭེ་མྱུར་མགྱོགས་རྩལ་དུ་གྲགས༌། སྟོང་རྒྱུང་གསུང་གི་བཀའ་སྡོད་ལགས་སོ། དུས་ཀྱི་བསྐལ་པ་ཐ་མ་ལ། སྐྱིད་མཁར་སྔོ་ཕུག་གི་སྒྲུབ་གནས་སུ། ཞུ་ཡས་ལེགས་པོའི་བཀའ་ཉན་ཞིང་སྒྲུབ་རྒྱུད་བསྟན་པ་སྲུང་བའི་གཉེར་བཞེས་པའོ། དུས་མཐར་རྒྱལ་ཁྱུང་མི་ཡི་དབང་པོ་བཙན་རྒྱལ་གྲགས་པ་ཡབ་སྲས་དང༌། སྙིགས་མའི་སྔགས་འཆང་དབལ་འབར་སྟག་སླག་ལགས་སོགས་ཀྱིས་ལས་ཀྱི་སྲུང་མར་བསྟེན་པ་ ནས་བཟུང༌། དབྲ་རིགས་ཁྱུང་པོའི་ཕོ་ལྷ་རུ་གྲགས་པའོ། །
འཛམ་སྔོན།
འདི་ལ་མངལ་སྐྱེས་དང་དྲོད་སྐྱེས་སྒོང་སྐྱེས་ཀྱི་ཚུལ་དུ་བཤད་པ་མ་མཐོང་བས་ རྫུས་སྐྱེས་སུ་ངེས་སམ་སྙམས།་ བདག་ཅག་གི་སྟོན་པས་སྔོན་བསགས་བསོད་ནམས་ཕུང་པོའི་དཔལ་ལས་རྒྱལ་བསྟན་རིན་པོ་ ཆེ་ཞབས་ནས་འདེགས་པའི་ཆ་རྐྱེན་དུ། གསས་མཁར་ཤམ་པོ་ལྷ་རྩེའི་བྱང་ཕྱོགས་སུ་དམུ་རྒྱལ་གཤེན་གྱི་དཀོར་མཛོད་ལ་དབང་ བསྒྱུར་ཞིང་རང་འབྱུང་རྫུས་སྐྱེས་ཀྱི་ཚུལ་དུ་བཞུགས་པའོ། ཡང་ན་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་གི་ནང་ཚན་དམུ་རྒྱལ་གཤེན་གྱི་གདུང་ འཛིན་ཡབ་རྒྱལ་བོན་ཐོད་དཀར་དེ་ཉིད་ཀྱིས་སྔོན་བསགས་སྨོན་ལམ་གྱི་མཐུ་བཙན་པ་ལས་ གྲུབ་པར་མངོན་ཏེ། མཛད་མདོ་འབྲིང་པོ་ལས། ང་ནི་ནོར་གྱི་ལྷ་ཨར་ཡ་འཛམ་བྷ་ལ་བྱ་བ་ཡིན་ཏེ། སྲིད་པ་གསུམ་གྱི་ནོར་འབྱིན། བསྐལ་པ་གསུམ་གྱི་དབང་བསྐུར། འབྱུང་བ་བཞིའི་གཏེར་བསྲུང་བ་ཞིག་ལགས་ན། རྒྱལ་པོའི་བཀའ་ཡིས་བཅད་ན་བདག་ལ་དབང་མ་མཆིས། བདག་ཀྱང་རྒྱལ་པོའི་སྨོན་ལམ་མཐུ་ཡི་སྐུ་རྐྱེན་ཡིན། ཞེས་གསུངས་སོ། ནོར་ལྷ་འཛམ་བྷ་ལྷ་འདི་ལ༌། ཞི་བའི་དབང་དུ་བྱས་ན་དཀར་པོ་དང༌། རྒྱས་པའི་དབང་དུ་བྱས་ན་སྔོན་པོ། དབང་གི་དབང་དུ་བྱས་ན་སེར་པོ། དྲག་པོའི་དབང་དུ་བྱས་ན་ནག་པོ་ཞེས་ལྷ་བོན་ཡོངས་སུ་དག་པས་སྒྲུབ་ཐབས་བཞི་རུ་ གསུངས་འདུག་ཀྱང༌། ད་ལན་འདིར་རྒྱས་པའི་དབང་དུ་བྱས་པའི་ནོར་སྲུང་ཆེན་པོ་དེ་ཉིད་ཀྱི་སྐུ་མདོག་ མཐིང་སྔོན་ནམ་མཁའི་གཟི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་གྱིས་གཤེན་ལ་གཟིགས་པའི་ཚུལ། དབུ་ལ་ཤེལ་གྱི་རྨོག་ཞུ་དཀར་པོ། ཉི་ཟླ་ནོར་བུའི་ཐོར་གཙུག་ལྡེམ་ལྡེམ་དུ་གཡོ་བ། སྐུ་ལ་བེར་སྔོན་བསེ་ཁྲབ་ཤོལ་མོ་ལ། སྣ་ཚོགས་དར་གྱི་འཕུར་ཤམ་ལྷབ་ལྷུབ་ཏུ་གཡོ་བ། རྐེད་ལ་སྟག་རལ་གཟིག་ཤུབ་ཁྲ་བོ་ལ། རིན་ཆེན་སྣ་ཚོགས་ཀྱི་རྒྱན་ཆ་འདོགས་པ། ཡིད་བཞིན་ནོར་བུའི་དོ་ཤལ་མགུལ་དུ་འཆང་བ། ཕྱག་གཡས་ན་གསེར་གྱི་རལ་གྲི་མཁའ་ལ་ཕྱར་བ། ཕྱག་གཡོན་ནེའུ་ལེའི་རྐྱལ་པ་གློ་ལ་འཛིན་པ། ཆིབས་སུ་རྟ་མཆོག་རིན་ཆེན་གཡུ་སྔོན་བཅིབས་པ། ལྕགས་ཀྱི་བྱ་ཁྲ་ཕྲག་པ་གཡས་གཡོན་ན་ལྡིང་བ། ཀླད་ན་བྱ་ཁྲ་འཕུར་ལྡིང་བརྩེན་པ། མདུན་ན་སྟག་གཉིས་མཆོང་སྟབས་བྱས་པ། རྒྱབ་ན་སེང་གཉིས་རྒྱུག་འདྲོལ་བྱས་པ། འཁོར་དུ་མི་སྔོན་རྟ་སྔོན་ཞོན་པ་འབུམ་གྱིས་བསྐོར་བ་བཅས་སོ། སྔོན་ཚེ་སངས་རྒྱས་སྤྱན་སྔར་ཁས་བླངས་པ་ཇི་བཞིན། སྣང་སྲིད་འབྱུང་བའི་ཚེ་བཀྲག་མདངས་གསུམ་བསྡུས་ནས། སྒྲུབ་གཤེན་གྱི་ཕྱྭ་ཚེ་བསྲིངས་བ་དང༌། ཟད་མེད་གཏེར་གྱི་དངོས་གྲུབ་ཀྱིས་རྒྱལ་བསྟན་ཡུན་དུ་འཚོ་བའི་ཆ་རྐྱེན་དུ་ བཞུགས་པ་ལགས་སོ། གཞན་ཡང་ནོར་ལྷ་ཆེ་བརྒྱད་སོགས་ཀྱི་བཤད་པ་མང་དུ་མཆིས་པས་ཡིག་ཚོགས་མང་བས་དོགས་ ནས་འདིར་མ་བྲིས་སོ།
རྒྱལ་ཆེན་ཤེལ་ཁྲབ།
ཁུངས་བཙུན་པའི་ཕྱིར་སྔོན་བྱུང་ལོ་རྒྱུས་ཀྱི་ཁོག་དབུབ་སྟེ་འཆད་པ་ལ། སྔོན་གྱི་བསྐལ་པ་དང་པོ་ལ། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རི་རབ་རི་ཡི་རྩེ་མོ་རུ། དབལ་གསས་རྔམ་པར་སྤྲུལ་ནས་འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་ བཏགས་ནས་སྲོགསྙིང་ཕུལ་བའི་དུས་སུ། རྒྱལ་ཆེན་ཤེལ་ཁྲབ་ཅན་ནི་སྟོབས་ཆེ་ལ་རྩལ་དྲག་པ་ཞིག་བྱུང་བས། གཡུང་དྲུང་བོན་ཕྱི་ནང་གསང་གསུམ་གྱི་བསྟན་པ་སྲུང་བའི་དབང་བསྐུར་ཞིང༌། གསང་མཚན་ཤར་ཕྱོགས་རྒྱལ་པོ་ཤེལ་དཀར་འོད་དུ་གསོལ། དེ་ནས་བླ་ཆེན་ཡབ་སྲས་ཡན་ཆད་གཡུང་དྲུང་བོན་ཕྱི་ནང་གསང་གསུམ་གྱི་བསྟན་པ་སྲོག་ ལྟར་བསྲུངས་ཤིང་སྒྲུབ་གཤེན་ཀུན་གྱིས་གང་བཅོལ་ལས་རྣམས་གྲུབ་པར་མཛད་དོ། མཚན་ཡང་ཤར་ཕྱོགས་ཡ་ཅོ་རྒྱལ་པོར་གསོལ། བོད་རྒྱལ་ཁྲི་སྲོང་རིང་གཡུང་དྲུང་བོན་གྱི་བསྟན་པ་ཅུང་ཟད་བསྣུབས་པར་གྱུར་ པའི་སྐབས། རྒྱ་གར་གཙུག་ལག་ན་ལེན་ཏྲ་ཡི་སྲུང་མ་མཛད། དེ་རྗེས་བསམ་ཡས་སུ་དྲངས་ཏེ་བསམ་ཡས་ཀྱི་དཀོར་བདག་ཏུ་མངའ་གསོལ། དེ་ནས་རིག་འཛིན་གོང་མ་རྣམས་ཀྱི་སྨོན་ལམ་བཟང་པོའི་སྟོབས་ཀྱིས་བོན་བསྟན་ཕྱི་ དར་གྱི་སྒྲོན་བསྐལ་ཤར་བའི་ཚེ། བྲུ་བདག་ཉིད་རྗེ་བཙུན་སྟེ་བྲུ་རྗེ་གཡུང་དྲུང་བླ་མས་དམ་རྫས་དམ་ཆུ་བླུད་དེ་ གཡས་རུ་དབེན་ས་ཁའི་བསྟན་སྐྱོང་གི་སྲུང་མ་མཛད་དོ། གསང་མཚན་རྒྱལ་ཆེན་ཤེལ་ཁྲབ་འབར་བ་ཞེས་གསོལ། དུས་མིན་འབྱུང་བའི་འགལ་རྐྱེན་གྱི་དབང་དུ་གྱུར་པའི་ཚེས། གསང་མཆོག་ཐུགས་སྤྲུལ་དམུ་རྒྱལ་ཉི་མ་རྒྱལ་མཚན་གྱིས་ལས་ཀྱི་སྲུང་མར་བསྟེན་པ་ རེད་ཅེས་སྔ་རབས་རྒན་པོ་དག་གི་ངག་རྒྱུན་ལས་གོ་ཐོས་བྱུང༌། དེ་རྗེས་རྗེ་འགྲོ་བའི་མགོན་པོ་སྤྱན་གཅིག་པའི་དྲུང་ནས་གདན་ས་སྨན་རི་བའི་ བསྟན་དང་བསྟན་འཛིན་ཡོངས་ཀྱི་མགོན་མཛད་ཀྱི་གཉེར་བཞེས་པ་ནས་བཟུང༌། ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་བོན་གྱི་བསྟན་པ་སྲུང་སྟེ་གང་བཅོལ་འཕྲིན་ལས་ ཐམས་ཅད་གྲུབ་པར་མཛད་དོ། གཞན་ཡང་བསྟན་འཛིན་སྐྱེས་བུ་ཀུན་ལ་སྡོང་གྲོགས་རྒྱ་ཆེན་པོར་མཛད་ཅིང༌། ཁྱད་པར་དུ་མཉམ་མེད་འགྲོ་བའི་མགོན་པོ་ཤེས་རབ་རྒྱལ་མཚན་གྱི་རྗེས་སུ་འཇུག་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་བསྟན་དགྲ་ ཐམས་ཅད་ཚར་གཅོད་ཅིང་བསམ་དོན་རྣམས་མྱུར་དུ་འགྲུབ་པར་མཛད་པ་རྗེ་རིན་པོ་ཆེའི་ སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པའོ། འདི་ལ་ཡང་ཡབ་དང་ཡུམ་གྱི་ལོ་རྒྱུས་ཁོ་བོས་མཐོང་ཐོས་ཀྱི་རྒྱུད་ལུང་གང་ལ་ཡང་མ་ གསལ། རྒྱལ་པ་ཆེན་པོ་འདི་ཡི་བཞུགས་པའི་གནས་ནི། དབུས་ཀྱི་རི་རྒྱལ་ལྷུན་པོའི་ཤར་ཕྱོགས་རི་བོ་མ་ལ་ཡ་ཡི་རྩེ་མོ་ན། དུང་མཁར་དཀར་པོའི་ནང་ཤེད། གནམ་རྟ་གྱི་ལིང་གྲོ་དཀར་གྱི་ཁྲི་སྟེང་དུ། རྒྱལ་ཕྲན་འབུམ་སྡེ་མང་པོའི་དབུས་ན་བརྗིད་དེ་བཞུགས། རྒྱལ་པ་ཆེན་པོ་ཤེལ་ཁྲབ་ཅན་སྐུ་མདོག་དཀར་པོ་དུང་འོད་འཁྱིལ་བ། སྐུ་ལ་ཤེལ་ཁྲབ་འོད་འཕྲོ་གསོལ་བ། དབུ་ལ་ཤེལ་རྨོག་དཀར་པོ་གསོལ་ཞིང་འཕྲུ་ལ་དར་དཀར་གྱི་ཅོད་པཎ་དང་རྒོད་བེར་ བཙུགས་པ། ཞབས་ལ་གསེར་ལྷམ་གསོལ་བ། སྟག་རལ་གཡས་ལ་གཟིག་ཤུབ་གཡོན་ན་བཀྲ་བ། ངར་མ་རྣོ་གཅོད་རལ་གྲི་གློ་ལ་བཏགས་ཤིང༌། བསེ་ཕུབ་དམར་པོ་རྒྱབ་ན་གསོལ་བ། ཕྱག་གཡས་དམ་ལྡན་གཤེན་ལ་རྟགས་བསྟུན་མཛད་པ། ཕྱག་གཡོན་རྒྱུད་མེད་གཞུ་དང་བཙན་མདུང་དམར་པོ་བསྣམས་པའོ། རྒྱལ་པོ་ཆེན་པོའ་མདུན་དུ་ཡུམ་ཆེན་ཀླུ་མོ་འོད་འབར་མ། བཀའ་ཉན་ལས་བྱེད་ཕོ་ཉ་བཞི་སྟེ། རྒྱལ་པོ་ཆེན་པོའི་སྔོན་དུ་དམག་གི་རུ་འདྲེན་གྱི་ཚུལ་དུ་ཕོ་ཉ་གཟའ་བདུད་ཆེན་ པོ་ཁྱབ་འཇུག་ར་ཧུ་ལ། རྒྱལ་ཆེན་གཡས་ཕྱོགས་ཀྱི་དམག་གི་རུ་འདྲེན་པ་སྲོག་བདག་རྒྱལ་པོ་ཆེན་པོ་མཐུ་ རྩལ་ཅན། རྒྱལ་ཆེན་གཡོན་ཕྱོགས་ཀྱི་དམག་གི་རུ་འདྲེན་པ་ཀླུ་བཙན་རྡོ་རྗེ་དཔུང་འཇོམས་ རྩལ། རྒྱལ་ཆེན་རྒྱབ་ཕྱོགས་ཀྱི་དམག་གི་རུ་འདྲེན་པ་དམག་དཔོན་ཆེན་པོ། དེ་བཞིན་ལས་མཁན་ཤན་པ་དང་བཀའ་བློན་ཕོ་ཉ་ལྷ་མ་སྲིན་སྡེ་བརྒྱད་གྱི་དཔུང་བྱེ་བ་ འབུམ་སྡེ་དང་བཅས་པའོ།
རྒྱལ་པོ་ཆེན་པོ་ཉི་པང་སད།
སྙན་རྒྱུད་བོན་གྱི་བཀའ་སྐྱོང་རྒྱལ་པོ་ཉི་པང་སད་ཀྱི་བསྐང་བའི་དབུས་ཕྱོགས་ ལས་གསལ་བ་ལྟར། རྒྱལ་པོ་འདི་ཉིད་ཀྱི་བྱུང་རབས་ལོ་རྒྱུས་གླེང་བ་ལ། ཡབ་གནམ་ལྷ་ཐོག་གི་རྗེ། མཚན་གཞན་གནམ་རྗེ་སྨོན་ཐང༌། ལྷ་རྒོད་ཐོག་པ་དང་གནམ་ཕྱི་གུང་རྒྱལ་གཉིས་ཡིད་ཀྱི་བཤོས་པ་ལས་བྱུང་བའི་ཡུམ་ས་ ཀླུ་མ་མོ། མཚན་གཞན་གནམ་གྱི་བྱིན་ཏེ་ལྷ་མོ་ཐང༌། ཡབ་ཡུམ་དེ་གཉིས་ཀྱི་ཐབས་ཤེས་སྤྲུལ་པ་ལས། དུང་སྒོང་དཀར་པོ་གཅིག་ཏུ་སྲིད། དུང་སྒོང་བརྡོལ་བའི་ནང་ཤེད་ནས། རྒྱལ་པ་ཆེན་པོ་སྡེ་ལྔ་བྱུང་ངོ༌། རྒྱལ་པོ་ཆེན་པོ་སྡེ་ལྔ་ནི། གཅེན་པོ་རྒྱལ་པོ་ཉི་པང་སད། ཡ་ཇོ་རྒྱལ་པོ་མཐུ་རྩལ་ཅན། ཤེལ་འགྱིང་དཀར་པོ་དཀོར་གྱི་བདག ཝེར་རོ་རྒྱལ་པོ་དཀོར་གྱི་བདག ཚངས་པ་དུང་གི་ཐོར་ཚུགས་ཅན་དང་ལྔའོ། སྔོན་གྱི་བསྐལ་པ་དང་པོ་ལ། ཝེར་རོ་རྒྱལ་པོ་འདི་ཉིད། སྟོན་པ་གཤེན་རབ་མི་བོའི་དྲུང༌། བསྟན་པ་སྲུང་བར་དམ་དུ་བཅས་པས། ལི་བྱིན་ཧར་དུ་མཚན་ཡང་གསོལ། དེ་ནས་གསང་བ་འདུས་པ་ཡི། གེ་ཁོད་གཉེན་ལུང་ཡང་དབེན་དུ། དབལ་གསས་རྔམ་པའི་སྐུར་སྤྲུལ་ནས། སྐུ་རྫོགས་དྲག་པོའི་ཏིང་འཛིན་གྱིས། སྒྲུབ་གཤེན་གྱེར་གྱི་བསྟན་པ་བསྲུང་བར་ཞལ་གྱི་བཞེས། སྣང་སྲིད་ཕོ་རིགས་ཀུན་གྱི་རྗེ་བོར་གྱུར་པའི་རྒྱལ་ཆེན་འདི་ནི། རྗུ་འཕྲུལ་གྱི་ལྷ་ཆེན་ཀུ་བྱི་མང་རྐེ་དེ་ཉིད་སྤྲུལ་པའི་ལྷ་ཆེན་དབལ་ཆེན་གེ་ ཁོད་དུ་སྐུ་སྤྲུལ་ནས་སྡེ་བརྒྱད་ལྷ་སྲིན་དབང་དུ་བསྡུས་པའི་དུས། རྒྱལ་པོ་འོང་དུ་མ་འདོད་པ་ལ། ཛྭ་དམར་དྲག་པོའི་སྔགས་ཀྱི་གཟིར་ནས། འོད་ཟེར་ལྕགས་ཀྱུས་སྲོག་སྙིང་བཀུག་པས། རང་དབང་མེད་པར་མདུན་དུ་འོང་ནས་རང་སྲོག་གསང་བའི་སྙིང་པར་ཕུལ་ནས་བསྟན་པ་སྲུང་ བའི་དམ་འབུལ་ཞུས། མཚན་ཡང་ཉི་པང་སད་དུ་གསོལ། དུས་ཀྱི་བསྐལ་པ་ཐ་མ་སྤྱི་ལོའི་དུས་རབས་བརྒྱད་པ་བོད་རྒྱལ་ཁྲི་སྲོང་ལྡེའུ་ བཙན་རིང་གྱེར་སྤུངས་སྣང་བཞེར་ལོད་པོ་ཡིས།་ སྙན་རྒྱུད་ཟབ་མོ་འདི་ནུབ་ཏུ་ཕངས་ནས་དུས་མིན་འགལ་རྐྱེན་གྱི་དབང་དུ་མ་ཤོར་ བའི་ཆེད་བཀའ་སྲུང་ཞིག་བཙལ་ནས། ཤངས་ཀྱི་གད་པ་གྲོད་ཤོལ་དུ། བཙོའི་སྒྲུབ་པ་མཛད་དེ། སྲིད་པའི་ཕོ་རིགས་ཐམས་ཅད་དབང་དུ་བསྡུས། དེ་དུས་སྣང་སྲིད་ཀྱི་སྡེ་བརྒྱད་ཕོ་རིགས་ཡོངས་ལས་ཤིན་ཏུ་གཏུམ་ལ་དྲག་རྩལ་ཆེ་ བ་དབང་ཆེན་གྱི་རྒྱལ་པོ་ཉི་པང་སད་ཀྱིས་སྲོག་སྙིང་ཕུལ་ཏེ། གྱེར་སྤྲུངས་རྣམས་ཀྱིས་མ་བསྒྲུབས་པར་ལས་བྱེད་ཅིང༌། བསྟན་པ་སྲུང་བར་ཁས་བླངས་སོ། རྒྱལ་ཆེན་འདི་ཡི་སྐུ་མདོག་དང་ཆ་བྱད་ནི། ཤེལ་གྱི་མི་དཀར་མདུང་ཙམ་ལ་གཡུ་ཡི་སྨིན་མ་ཁྱུག་པ། གཟི་མཆིང་གི་སྤྱན་མིག དུང་གི་སྙན་ཆ། གཡུ་ཡི་དབུ་སྐྲ། ཤེལ་གྱི་ཞལ་མདོག སྐུ་ལ་དར་དཀར་གྱི་མཇོལ་བེར་ལ་གཞའ་ཚོན་སྣ་ལྔའི་ཆ་གས་བརྒྱན་པ། དབུ་ལ་དུང་གི་རྨོག་ཞུ། ཞབས་ལ་གསེར་གྱི་ལྷམ་བུ། སྟག་རལ་གཡས་ལ་གཟིག་ཤུབ་གཡོན་ན་བཀྲ། ཆིབས་སུ་རྟ་དཀར་ཕུན་དམར་བཅིབས་པ། འཇལ་ཚོན་གྱི་སྟན་བསྡད་བྱས་པ། གསེར་གྱི་སྲབ། གཡུ་ཡི་ཐུར། གསེར་སྒ་སེར་པོ། གཡུ་ཡི་གོང་སྨད། བསེ་ཡི་ཡོབ་གདན། ཤེལ་གྱི་ཡོབ་ཆེན། ཕྱག་གཡས་ཤེལ་གྱི་འགྱིང་དཀར་གྱིས་སྲིད་པ་གསུམ་པོ་སྐོས་ལ་འདེབས་པ། ཕྱག་གཡོན་ཡིད་བཞིན་ནོར་བུ་བསྣམས་པའོ། བཀའ་བློན་ཆེན་པོ་བཞི་དང༌། རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པའོ།
རྟ་སྒོ་དགེ་རྒན།
གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཡིད་བཞིན་ནོར་ བུའི་གཏེར་ལས་གསལ་བ་ལྟར་བཀོད་པ་ལ། དང་པོ་ཆགས་པའི་ཚུལ་ལ་སྲིད་པ་རང་འབྱུང་གི་རྒྱུ་ཡེ་ཡོད་ནམ་མཁའི་འོད་ལས། གངས་དང་མཚོ་རུ་སྲིད། དེ་ལ་མཚོ་འོད་ཁ་དང་མདངས་འོད་ཀློང༌། མཁའ་དང་ཀློང་ལ་ཡེ་སྲིད་ལྷ་ཡི་རིགས། འོད་དམར་ཉུང་འབྲུ་ཙམ་ཞིག་བབས་པ་ཡི། མཚོ་ཡི་སྒྲ་དང་གངས་ཀྱི་མདངས་གཉིས་འཚོགས་པ་ལས། བསེ་ཡི་སྒོ་ང་གཅིག་ཏུ་སྲིད། སྒོ་ང་རང་བརྡོལ་འོད་ཀྱི་མིའུ་ཐུང་བརྒྱད་དུ་བྱུང༌། གཅེན་པོ་རྟ་སྒོ་ལྷ་བཙན་དགེ་རྒན་དཀའ་ཐུབ་རྗེ། དེ་འོག་ཇོ་བོ་ལྷ་བཙན་འབུམ་མེར་དམུ་ཡི་རྗེ། དེ་འོག་ངོ་དམར་ལྷ་བཙན་མཚལ་ཐིག་ཤན་པའི་རྗེ། དེ་འོག་གང་ལུང་ལྷ་བཙན་མཆོག་དཀར་ལྷ་ཡི་རྗེ། དེ་འོག་ཀྱང་ཁུང་ལྷ་བཙན་དབྱུག་པ་ཡུལ་སའི་རྗེ། དེ་འོག་ཁྲི་མུན་ལྷ་བཙན་ཟོར་ར་བདུད་ཀྱི་རྗེ། དེ་འོག་དཔའ་བའི་ལྷ་བཙན་རྔ་ཁུར་གཉན་གྱི་རྗེ། དེ་འོག་མ་མོའི་ལྷ་བཙན་ཨུར་སྐྱུ་ཀླུ་ཡི་རྗེ་དང་བརྒྱད་དོ། དེ་དག་གི་ནང་ནས་རྟ་སྒོ་ལྷ་བཙན་དཀའ་ཐུབ་དགེ་རྒན་ཞེས་སུ་གྲགས་པ་འདི་ཉིད། སྔོན་ཚེ་བསྐལ་བཟང་གཤེན་གྱི་བསྟན་པའི་དུས། བླ་མ་བཙན་བོན་དུམ་པ་མཚལ་ལྕགས་ཀྱི་དྲུང༌། སྔགས་ཀྱི་ལུང་འབོགས་དགེ་བསྙེན་སྡོམ་པ་ནོད། དེ་རྗེས་རྫོགས་པའི་སངས་རྒྱས་འཛམ་བུའི་ལྗོངས་འདིར་ཞབས་ཀྱིས་བཅགས་ཏེ། གཡེན་ཁམས་སུམ་ཅུ་དམ་བཏགས་སྲོག་སྙིང་ཕུལ། མ་འོངས་སངས་རྒྱས་བསྟན་པ་མ་རྫོགས་བར། འཛམ་གླིང་ཞིང་སྐྱོང་སྲིད་པའི་ལྷ་རུ་བསྐོས་སོ། དེའི་ཚེ་རྟ་སྒོ་དགེ་རྒན་ཡང༌། སྐད་ཅིག་སངས་རྒྱས་ཐོབ་པའི་ལུང་ཞུས་ཀྱང༌། དེ་ལྟར་རྒྱལ་བའི་ཞལ་ལུང་འདི་ལྟར་སྣང༌། ང་ཡི་བསྟན་པ་ཇི་སྲིད་གནས་བར་དུ། དེ་སྲིད་ཞིང་སྐྱོང་འགྲོ་ལ་གནོད་འཚེ་སྤོང༌། སླར་ཡང་འོག་མིན་བདེ་ཆེན་ཞིང་མཆོག་ཏུ། རྫོགས་པའི་སངས་རྒྱས་དངོས་སུ་ཐོབ་ངེས་སོ། དེ་ལྟར་ལུང་ཟིན་གྱི་བསྟན་སྲུང༌། སྒོས་ཞང་ཞུང་བར་པའི་ཞིང་སྐྱོང་གྱི་སྲིད་པའི་ལྷ་རིགས་མཐུ་རྩལ་ཅན་ཞིག་གོ གཞན་ཡང་འཆི་མེད་ཡུམ་སྲས་གཤེན་བཞི་དང༌། བླ་ཆེན་ཡབ་སྲས་སྒྲུབ་རྒྱུད་རིག་འཛིན་བརྒྱ། ཁྱད་པར་དུ་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་དང༌། སད་ནེ་གའུ་ལ་སོགས་རིག་འཛིན་རྣམས་ཀྱི་ཞལ་གཟིགས་ལུང་འབོགས་བཀའ་ནོད་བསྟན་པའི་ གཉེར་གཏད་ཀྱི་བཀའ་སྲུང་ཞིག་ཀྱང་སྣང་ངོ༌། བསྟན་སྐྱོང་འདི་ཡི་ཆ་བྱད་ནི། སྔགས་པའི་ཆ་ལུགས་ཞྭ་དཀར་ཅོད་པཎ་འཆང་བ། ཆིབས་སུ་ཅང་ཤེས་རྟ་དཀར་མཚལ་མིག་ལ་བཅིབས་པ། ཁྲོ་ཕུར་ཐུན་རྭ་རྔ་གཤང་ཐོད་འཕྲེང་བརྒྱན་པ། འཁོར་དུ་དཀའ་ཐུབ་གསང་བདག་སྔགས་འཆང་འབུམ་གྱིས་བསྐོར་བའོ། འདིའི་སྐུ་མདོག་ཅི་ཡིན་གསལ་ཁ་མ་བྱུང། གོང་ཞུས་ཀྱི་བཤད་པ་འདི་རྣམས་སྙིགས་དུས་གྲུབ་པའི་དབང་ཕྱུག་བསྟན་འཛིན་རིན་ ཆེན་རྒྱལ་མཚན་ཞེས་མཚན་དོན་ཡོངས་སུ་མཚུངས་པའི་མགོན་པོ་གང་ཉིད། ནག་ཚང་ཕྱོགས་ཀྱི་ལམ་ཞུགས་ནས། ཞང་ཞུང་ཡུལ་གྱི་རྟ་སྒོ་དང་རར་ཕེབས་ཏེ། རྟ་གོའི་འོད་གསལ་རྫུ་འཕྲུལ་ཕུག་ཏུ། རྟ་སྒོ་ལྷ་བཙན་མཆེད་བདུན་ཞལ་མཇལ་བའི་སྐབས་ཀྱི་ཞུ་ལན་ལས་བཏུས་པའོ། འདི་ལ་ངོ་མཚར་བའི་བཤད་པ་གནའ་བོའི་རྒན་རབས་ཀྱི་ངག་རྒྱུན་སོགས་མང་དུ་སྣང་ངོ༌།
རྒྱལ་ཆེན་གྲགས་པ་སེང་གེ།
རྒྱལ་ཆེན་གྲགས་པ་སེང་གེ་འདིའི་བྱུང་ཁུངས་ཀྱི་ལོ་རྒྱུས་ནི། སྔོན་ཚེ་རྣམ་མཁྱེན་རྒྱལ་བའི་སྤྱན་སྔ་རུ། གཤེན་ཆུང་གོ་བོ། དེ་རྗེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། གྲགས་པ་སེང་གེ། གླིང་གི་སེང་ཆེན་རྒྱལ་པོའི་སྤྱན་སྔར། ཧོར་གྱི་བླ་མ་འོད་དཀར། དེ་རྗེས་སྐྱེ་ཕྲེང་རིམ་པར་བརྒྱུད་དེ། ནད་མུག་མཚོན་གསུམ་གྱི་བདག་པོ་ཆེན་པོར་གྱུར་ཞིང་འཛམ་གླིང་སེམས་ཅན་ཀུན་གྱི་ སྲོག་བདག་རྒྱལ་པོར་གྱུར། དུས་ཕྱིས་བོན་གྱི་གདན་ས་གོང་མ་ྋདཔལ་ལྡན་སྨན་རིའི་མཁན་རབས་བྱོན་གྱི་ནང་ནས་ ཁྲི་རབས་ཉེར་གཉིས་པ་ཀུན་འདུས་ཤེས་རབ་དགོངས་པའི་རྒྱལ་མཚན་གྱིས་བཀའ་དམ་དུ་ བཅུག དེ་རྗེས་བོན་གྱི་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་སྐྱབས་མགོན་ཟླ་བ་ རྒྱལ་མཚན་མཆོག་ནས་བཀའ་སྲུང་གི་གྲལ་དུ་བཞེས། དེ་ནས་སྐྱབས་མགོན་མཆོག་གིས་དོན་ཆེད་དུ་མ་ལ་གཟིགས་ཏེ་ཁྱུང་པ་སྟེང་ཆེན་དགོན་ གྱི་སྒེར་བསྲུང་དུ་མངགས་པར་མཛད་པའོ། རྒྱལ་ཆེན་འདིའི་ཐོག་མའི་མཆེད་ཁུངས་གངས་དཀར་ཏི་སེའི་བྱང་ཕྱོགས་ཡངས་པ་ཅན་གྱི་ གནས་ལགས་སོ། སྐུ་ཡི་ཆ་བྱད་ཀྱི་ཚུལ་ནི། སྐུ་མདོག་དཀར་གསལ་བཤེས་གཉེན་བླ་མའི་ཚུལ། དབུ་ལ་བསྭེ་ཡི་ཞྭ་ཐེབ་སངས་རྒྱས་བསྟན་པའི་དབུ་འཕང་བསྟོད་པའི་བརྡ། སྐུ་ལ་ངུར་སྨྲིག་ན་བཟའ་བསླབ་གསུམ་དགེ་འདུན་གྱི་སྡེ་རྣམས་སྐྱོང་བའི་བརྡ། ཕྱག་གཡས་ན་བསྟན་པའི་རྒྱལ་མཚར་ཕྱར་བ་དུས་གསུམ་མི་ནུབ་བོན་བསྟན་འཛུགས་པའི་ བརྡ། ཕྱག་གཡོན་ན་འདོད་འབྱུང་ནོར་བུ་འཛིན་པ་འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབ་ པའི་བརྡ། ཆིབས་སུ་གཡུ་རྟ་སྔོན་པོ་ལ་བཅིབས་པ་རྫུ་འཕྲུལ་ཤུགས་ཀྱིས་སྟོང་གསུམ་བསྐོར་ བའི་བརྡ་ལགས་སོ།
གནམ་སྨན་དཀར་མོ་གནམ་ཕྱི་གུང་རྒྱལ།
སྤྱིར་སྨན་མོའི་རིགས་ལ་གནམ་སྨན་དང་གངས་སྨན་གཡའ་སྨན་བྲག་སྨན་ནགས་སྨན་སྤང་ སྨན་རྫས་སྨན་ཤིང་སྨན་ཀླུ་སྨན་ཕྱྭ་སྨན་སྐོས་སྨན་སོགས་སྨན་མོ་གཙོ་འཁོར་དགུ་ ཁྲི་དགུ་འབུམ་དུ་གསུངས། དེ་དག་གི་ནང་ནས་སྨན་མོ་དགུ་ཁྲི་དགུ་འབུམ་གྱི་གཙོ་མོ་གནམ་སྨན་གནམ་ཕྱི་གུང་ རྒྱལ་འདི་ཉིད། རྒྱལ་ཆེན་ཉི་པང་སད་ཀྱི་ཡུམ་ཆེན་ས་ཀླུ་མ་མོ་སྐྱེད་བྱེད་ཀྱི་ཡུམ་ཡིན་པར་ཉི་ པང་སད་ཀྱི་བསྐང་བའི་དབུས་ཕྱོགས་ལས་གསལ་ལོ། འཇིགས་པ་བརྒྱད་སྐྱོབས་ཀྱི་ནང་ཚན་བྱམས་མ་གཟའ་ཡི་འཇིགས་སྐྱོབས་ཀྱང་འདི་ཉིད་ ཡིན། སྤ་བསྟན་རྒྱལ་བཟང་པོས་མཛད་པའི་སྙན་རྒྱུད་རྣམ་ཐར་ཆེན་མོ་ལས། སྣང་བཞེར་ལོས་པོས་མོ་རིགས་ཀྱི་ནང་ནས་སྨན་ཀུ་མ་ར་ཙ་དམ་ལ་བཏགས་ཞེས་གསུངས་ འདུག་ཀྱང༌། བོན་གྱི་གཞུང་ལུགས་གང་དུ་བལྟས་ཀྱང༌། ཀུ་མ་ར་རྩ་ནི་རི་རྒྱལ་བང་རིམ་གསུམ་པར་གནས་པའི་གནོད་སྦྱིན་ཀུ་མ་ར་རྩ་ཞེས། ཀུ་མ་ནི་བློན་པོ་ཐབས་ཀྱིས་ཁ་ལོ་བསྒྱུར་བ། ར་རྩ་ནི་རྒྱལ་པོ་དང༌། ཡང་ན་ཀུ་མ་ནི་རྟའི་མགོ་ཅན་ཡིན་པར་བཤད་པ་དང༌། སང་སྐྲི་ཏ་ཡི་དབང་དུ་བྱས་ན། ཀུ་མ་ནི་ཀུ་མར་དང་སྒྲ་ཉེ་བས་གཞོན་ནུ་དང༌། ར་ཙ་ནི་ར་ཇ་དང་སྒྲ་ཉེ་བས་རྒྱལ་པོ་ལ་གོ་བ་ལས། སྨན་མོ་དང་ཀུ་མ་ར་ཙའི་གཞི་མཐུན་མི་སྲིད་པས། འོ་ན་གཞུང་དེའི་དགོངས་དོན་ཇི་ལྟར་འགྲེལ་སམ་ཞེ་ན། བྱམས་མ་གཟའི་འཇིགས་སྐྱོབས་ཀྱི་འགྲེལ་བ་ལྟར་འཆད་པར་བྱ་བ་ལ། གནམ་སྨན་འབུམ་གྱི་གཙོ་བོ་མ་གཅིག་གནམ་ཕྱི་གུང་རྒྱལ་དེ། རི་རབ་བང་རིམ་གསུམ་པ་ཡི། གནོད་སྦྱིན་རྟགས་མྱོས་བསྟན་སྲུང་ཀུ་མ་ར་ཙའི་ཕོ་བྲང་དུ། འགྲོ་བའི་མགོན་ལ་སྐུ་བཞུགས་ཏེ། འཁོར་ནི་གཟའ་དང་རྒྱུ་སྐར་ཚོགས། ཞེས་གསུངས་པ་ལྟར་ན། སྙན་རྒྱུད་རྣམ་ཐར་ལས་གསུངས་པའིསྨན་ཀུ་མ་ར་ཙ་དམ་ལ་བཏགས་ཞེས་པ་འདི། ཀུ་མ་ར་རྩའི་ཕོ་བྲང་ན་བཞུགས་པའི་སྨན་མོ་གནམ་ཕྱི་གུང་རྒྱལ་དེ་ཉིད་ཀྱིས་ཞང་ ཞུང་སྣང་བཞེར་ལོད་པོའི་དྲུང་སྙན་རྒྱུད་བོན་གྱི་བཀའ་སྲུང་ཞལ་གྱི་བཞེས་པ་ལ་ གོ་དགོས་པ་ལས། འཇིག་རྟེན་དྲེགས་པའི་སྨན་མོ་ཞིག་དྲག་རྩལ་གྱིས་དགོངས་པས་གནོན་ཏེ་དམ་འོག་ཏུ་ བཅུག་པ་མ་ཡིན་ནོ། དཔེ་མཚོན་ཙམ་ཞུས་ན། ཡུམ་སྲས་སྡེ་ལྔའི་ནང་ཚན། མ་གཅིག་སྲིད་པའི་རྒྱལ་མོས། ཞང་བོད་རིག་འཛིན་རྣམས་ཀྱི་སྤྱན་སྔར་གཏད་གཉེར་གྱི་བཀའ་སྲུང་ཞལ་གྱི་བཞེས་པ་ བཞིན་ནོ། བྱམས་མའི་གཟའ་འགྲེལ་གྱི་ཆ་ལག་གཟའ་རྒོད་གཏོའི་བཅོས་ཐབས་ལས་གསལ་བ་ལྟར། གནམ་སྨན་གཙོ་མོ་འདི་ཉིད་ཀྱི་སྐུ་ཡི་ཆ་བྱད་ནི། སྐུ་མདོག་དཀར་མོ་སྤྲིན་དཔུང་འཇའ་ཡི་ནབ་བཟའ་སྐུ་ལ་གསོལ་བ། གཡས་པས་གནམ་ལྕགས་རལ་གྲི་ཕྱར་ཏེ་འགལ་བྱེད་མགོ་ལུས་ཚལ་པར་གཏོང་བ། གཡོན་པས་བདུད་རྩིའི་བུམ་པ་བསྣམས་ནས་གདུང་བ་རྣམས་ཀྱི་ཟུག་ངུ་སེལ་བ། གཟའ་བདུད་ནག་པོ་གཙོས་པའི་གཟའ་གདོན་གདུགས་པ་འདུལ་ནས་ལྷ་ཁམས་བདེ་ལ་བཀོད་པའི་སྨན་མོ་ལགས་སོ། །
རྣམ་བརྒྱད།
གསས་མཁར་རིན་པོ་ཆེན་པོ་སྤྱི་སྤུངས་ཞི་བ་གཡུང་དྲུང་ཡོངས་རྫོགས་དང༌། སྙན་རྒྱུད་བར་དོ་ཐོས་གྲོལ་གསལ་སྒྲོན་ཆེན་མོ་སོགས་ཀྱི་གཞུང་དོན་ལྟར། ཞི་ལྷ་ཞེ་ལྔའི་ཁོང་ནས་ཡེ་གཤེན་སེམས་དཔའ་བཅུ་དྲུག་གི་ནང་ནས་ཞི་བའི་དབང་དུ་ བྱས་པའི་མཆོད་འབུལ་ལྷ་མོ་བརྒྱད་ནི། ༡༽ དང་པོ་ཤར་ཕྱོགས་ཀྱི་མཆོད་འབུལ་སྣང་གསལ་རིག་པའི་ལྷ་མོ༌། སྐུ་མདོག་དམར་པོ་རྒྱན་དང་ཆས་པ། དབུ་ལ་གཡུའི་ཐོར་ཚུགས་ཅན། སྐུ་ལ་རིན་པོ་ཆེ་ཡི་ན་བཟའ་ལ་མེ་ཏོག་པད་མས་བརྒྱན་པ་གསོལ་བ། ཕྱག་ན་ཡེ་ཤེས་ཀྱི་ཞུགས་མར་བསྣམས་པ། སྣང་གསལ་རིག་པའི་ལྷ་མོ་ཞེས་སུ་གྲགས་པའོ། གཟུགས་ཀྱི་ལྷ་མོ་ཞེས་ཀྱང་བྱ། སྣང་གསལ་སྒྲོན་མེའི་མཆོད་པ་ཕུལ་བས་མ་རིག་པའི་རྟོགས་ཚོགས་སངས་ནས་གཉིས་མེད་ རིག་པའི་ཀློང་དུ་མཉམ་ཏེ་རང་རིག་རང་ལ་ཤར་བའི་དངོས་གྲུབ་གྱི་མཆོག་ཐོབ་པའོ། ༢༽ གཉིས་པ་ནུབ་ཕྱོགས་ཀྱི་མཆོད་འབུལ་སྒྲ་ཡི་ལྷ་མོ་རྔ་གཤང་མ། སྐུ་མདོག་དམར་མོ། དབུ་ལ་ཤེལ་གྱི་ཐོར་ཚུགས་ཅན། སྐུ་ལ་འོད་ཀྱི་དཔྱང་བུ་གསོལ་བ། ཕྱག་མཚན་གཡས་ན་དུང་པོ་ཨང་གྲགས་དང༌། གཡོན་པས་སྤྲུལ་པའི་རྔ་གཤང་བསྣམས་པའོ། སྒྲ་ཡི་མཆོད་པ་ལ་ཡང་རྣམ་པ་བདུན་ཏུ་གསུངས་པ་སྟེ། རླུང་སྒྲ་ནམ་མཁའི་དབྱིངས་ནས་སྒྲོག་པ་དང༌། མེ་སྒྲ་བར་སྣང་ཐོག་ལྟར་འབེབས་པ། ཆུ་སྒྲ་བདུད་རྩི་རྒྱུན་མེད་ཀྱི་སྒྲ་དང༌། འགྱིང་རྔ་རྨ་ཤིན་གློག་སྟོང་འགྱུ་བའི་སྒྲ་དང༌། མཁར་སྙན་ཁྲི་ལོ་ཚོར་བ་བརྡ་སྦྱོར་གྱི་སྒྲ་དང༌། ཨུན་ཆེན་ཤུགས་ལྡན་རང་བཞིན་མཉམ་པའི་སྒྲ་དང༌། རྒྱུད་མང་ངང་རིང་དགྱེས་པ་ཐུགས་ཀྱི་སྒྲ་དང༌། བུད་པ་མུན་ཤིང་རིན་ཆེན་དབུགས་ཀྱི་སྒྲ་དང་དགུའོ། དེ་ལྟར་མཆོད་པ་ཕུལ་བས་མཁའ་གསང་སྙན་གྱི་དངོས་གྲུབ་ཐོབ་པའོ། ༣༽ གསུམ་པ་ལྷོ་ནུབ་གྱི་མཆོད་འབུལ་དྲི་ཡི་ལྷ་མོ་ཐིམ་མཛད་མ། སྐུ་མདོག་དམར་མོ། དབུ་ལ་ཤེལ་གྱི་ཐོར་ཚུགས་ཅན། སྐུ་ལ་ལེ་བརྒན་གྱི་ན་བཟའ་ལ་སྤྲིན་དང་གཞའ་ཚོན་ཡོངས་སུ་གཏིབས་པ། ཕྱག་ན་དྲི་ཞིམ་སྤོས་མེ་བསྣམས་པའོ། མཆོད་འབུལ་གྱི་དྲི་ལ་ཡང་ལྔ་རུ་གསུང་སྟེ། གང་པུར་སྣང་གསལ་སྒྲོན་མ་དབྱིངས་ནས་ཞུ་བའི་ཡ་ཐལ་མ་ལུ་རྒྱུན་མེད་ཤངས་ལ་གདངས་ བའི་དྲི་དང༌། གླ་བ་རིན་ཆེན་ངད་ལྡན་རྒྱུན་གྱི་དྲི་དང༌། སྤང་སྤོས་དྲི་བསུང་དགྱེས་པ་རོལ་མོའི་མཆོག་དང༌། བྲག་ཞུན་ཐིམ་བྱེད་མི་འགྱུར་ཐུགས་ལ་མྱོང་བ་དང༌། ཐུགས་དམ་རྒྱུད་ལ་བསྐྱེད་པ་ངད་ལྡན་གྱི་དྲི་བཅས་སོ། དེ་ལྟར་མཆོད་པ་ཕུལ་བས་ཡེ་ཤེས་རྒྱུན་མེད་ཤངས་ཀྱི་དངོས་གྲུབ་ཐོབ་པའོ། ༤༽ བཞི་པ་ལྷོ་ཤར་གྱི་མཆོད་འབུལ་སྨན་གྱི་ལྷ་མོ་བཅུད་བསྡུས་མ། འདི་ལ་རོའི་ལྷ་མོ་ཡང་ཟེར་རོ། སྐུ་མདོག་སེར་མོ། དབུ་ལ་འོད་ཟེར་འབུམ་ཕྲག་འཕྲོ་བ། སྐུ་ལ་འོད་ཀྱི་འཕྲོ་འདུ་གསོལ་བ། ཕྱག་མཚན་གཡས་ན་རིན་ཆེན་ཕྲེང་བ་དང༌། གཡོན་ན་བདུད་རྩི་བུམ་པ་བསྣམས་པ་ནི། ན་བ་གསོ་བའི་སྨན་དང་འཆི་བ་སློང་བའི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ། དེ་བཞིན་ཐེག་དགུ་བོན་གྱི་ཉིང་བཅུད་དང་ལྡན་པའི་སྨན་གྱི་ཞལ་བུ་ཞིག་གོ དེ་ལྟར་མཆོད་པ་ཕུལ་བས་ལྷ་ལ་ལྷ་ཐིམ་ཐུགས་དམ་དབྱིངས་སུ་བསྐངས་ནས་དབྱིངས་ནས་ འོད་སྤྲོས་ཐིག་ལེའི་དངོས་གྲུབ་ཐོབ་པའོ། ༥༽ལྔ་པ་ལྷོ་ཕྱོགས་ཀྱི་མཆོད་འབུལ་སྐུ་ཡི་ལྷ་མོ་ཚན་ཆབ་མ། འདི་ལ་རེག་བྱའི་ལྷ་མོ་ཡང་ཟེར་རོ། སྐུ་མདོག་དཀར་མོ་རྒྱན་དང་བཅས་པ། དབུ་ལ་དུང་གི་ཐོར་ཚུགས་ཅན། སྐུ་ལ་དར་དཀར་གྱི་ན་བཟའ་གསོལ་བ། གཡས་པར་གཡུང་དྲུང་ཤུག་ཐེལ་བསྣམས་པ། གཡོན་པས་མཛེས་པའི་བུམ་པ་བསྣམས་པ། རྒྱན་གྱི་སྙིང་པོ་རེག་ལ་སྦས་པའོ། དེ་ཡང་རེག་བྱ་འཇམ་ལ་ཡིད་དུ་འོང་ཞིང་མཛེས་པའི་བུམ་པའི་ནང་དུ་ཕྱི་ལྟར་ན་གདུག་ པའི་ཚ་གདུང་བསིལ་བྱེད་བསིལ་བའི་རེག་དང་ལྡན་པའི་ཁྲུས་ཀྱི་ཚན་ཆབ་དང༌། ནང་ལྟར་ན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ལ་རྣམ་པ་བདུད་རྩི་ཆུ་རྒྱུན་གྱི་རྣམ་པས། ཉོན་མོངས་པའི་རྟོག་ཚོགས་སེལ་བའོ། ༦༽ དྲུག་པ་བྱང་ནུབ་ཀྱི་མཆོད་འབུལ་ཐུགས་ཀྱི་ལྷ་མོ་ལྕགས་ཀྱུ་མ༌། སྐུ་མདོག་དམར་མོ་རྒྱན་དང་ཆས་པ། དབུ་ལ་བྱི་རུའི་ཐོད་རྡིང་ཅན། སྐུ་ལ་མཛེས་པ་སྣ་ཚོགས་གསོལ་བ། གཡས་པས་ཐུགས་རྗེའི་ལྕགས་ཀྱུ་བསྣམས་པ། གཡོན་པས་བདུད་རྩིའི་ལྷ་སངས་བསྣམས་པའོ། ༧༽ བདུན་པ་ནུབ་ཕྱོགས་ཀྱི་མཆོད་འབུལ་ཡིད་ཀྱི་ལྷ་མོ་རོལ་པའི་བདག་ འདི་ལ་གར་གྱི་ལྷ་མོ་ཡང་ཟེར། སྐུ་མདོག་དཀར་མོ་རྒྱན་དང་ཆས་པ། དབུ་ལ་གཡུ་ཡི་ཐོར་ཚུགས་ཅན། སྐུ་ལ་རིན་ཆེན་ན་བཟའ་གསོལ་བ། ཕྱག་ན་རིན་ཆེན་པི་ཝང་བསྣམས་པའོ། ཐབས་ཀྱི་ཉོན་མོངས་སྒྲིབ་སེལ་ཞིང་སྤྲུལ་པའི་གར་སྟབས་བསྒྱུར་བའོ། ༨༽ བརྒྱད་པ་བྱང་ནུབ་ཀྱི་མཆོད་འབུལ་ཐུགས་ཀྱི་ལྷ་མོ་རིན་ཆེན་གཏེར། སྐུ་མདོག་དཀར་མོ་རྒྱན་དང་བཅས། དབུ་ལ་རིན་ཆེན་ཐོད་རྡིང་ཅན། སྐུ་ལ་རིན་ཆེན་འོད་ཀྱི་ན་བཟའ་ལ། འཇའ་ཚོན་འབར་བའི་ཤམ་བུ་ཅན། གཡས་པས་གནམ་ལྕགས་ཟ་འགྲམ་དང༌། གཡོན་པས་རིན་ཆེན་སྣ་བརྒྱད་བསྣམས་པའོ། འདི་ལ་གཏེར་གྱི་ལྷ་མོ་ཡང་ཟེར་རོ། ཞི་བའི་དབང་དུ་བྱས་པའི་མཆོད་པའི་རྫས་བརྒྱད་ནི། གཟུགས་ཀྱི་མཆོད་པ་ལ་མར་མེ། སྒྲ་ཡི་མཆོད་པ་ལ་རྔ་གཤང༌། དྲི་ཡི་མཆོད་པ་ལ་སྤོས། རོ་ཡི་མཆོད་པ་ལ་རོ་བརྒྱ་ལྡན་པའི་བདུད་རྩི་བཅུད་ཀྱིས་བལྟམས་པའི་བུམ་པ། རེག་བྱའི་མཆོད་པ་ལ་རེག་བྱ་འཇམ་ཤིང་ཡིད་དུ་འོང་བའི་བུམ་པ། དེ་རྗེས་བདུད་རྩི་བཅུད་ཀྱི་བལྟམས་པའི་ལྷ་བསང་སྟེ་ཞལ་ཟས། དེ་འོག་གར་སྟབས་ཀྱི་རྟེན་ལ་པི་ཝང༌། དེ་འོག་འདོད་དགུ་འབྱུང་བའི་རྟེན་དུ་རིན་ཆེན་སྣ་བརྒྱད་དོ། གསས་མཁར་རིན་པོ་ཆེ་སྤྱི་སྤྲུངས་གཡུང་དྲུང་སྐབས་ཀྱི་འཕྲིན་ལས་དང༌། ཁྲོ་བོ་དབང་ཆེན་གྱི་ཕོ་ཉའི་ལེའུ། ཁྲོ་བོ་དབང་ཆེན་གྱི་ཡེ་ཤེས་ཀྱི་ཁྲོ་བོ་སུམ་ཅུ་རྩ་བཞིའི་རྟགས་སྒྲུབ་ཀྱི་ དགོངས་དོན་ལྟར་རིག་པ་ཡབ་ཡུམ་བཅུ་དྲུག་གི་ནང་ཚན་དངས་མ་མཆོད་འབུལ་གྱི་ལྷ་མོ་ བརྒྱད་ནི། དང་པོ་ལི་ཤག་དམར་མོ། སྐུ་ལུས་མི་བཟད་དམར་མོ་མེ་ཡི་མདོག དབུ་སྐྲ་རིན་ཆེན་བསེ་ཡི་ལན་ཚར་འཁྱིལ། བསྭེ་ཡི་ཐོད་ཕྲེང་རྩ་བརྒྱད་དབུ་ལ་བརྒྱན། འཕྲུལ་གྱི་མེ་ལོང་བཞི་ནི་སྣང་སྲིད་གསལ་བའི་སྤྱན། གཡས་པས་སྲིད་པའི་བ་དན་དཀར་པོ་ཕྱར། གཡོན་པས་ཡེ་ཤེས་གསལ་བའི་སྒྲོན་མེ་འདེགས་པའོ། གཉིས་པ་ཁ་ཤག་སྨུག་མོ། སྐུ་ལུས་མི་བཟད་སྨུག་མོ་བསྭེ་ཡི་མདོག དབུ་ལ་གཟི་བྱིན་གཡུ་ཡི་ཅོད་པན་འཁྲུངས། དྲི་མེད་མུ་ཁྱུད་ཤེལ་གྱི་སྙན་ཆས་བརྒྱན། གསེར་གྱི་ཁྱུད་འཁོར་བཞི་ནི་སྣང་སྲིད་ཐོས་པའི་སྙན། གཡས་པས་ཐུགས་རྗེ་བསྭེ་ཡི་མདུང་ཐུང་འཕེན། གཡོན་པས་གསེར་གྱི་རྔ་གཤང་འབྲུང་སྟོང་ལྡིར་བའོ། གསུམ་པ་གྱུམ་ཤག་སྔོན་མོ། སྐུ་མདོག་སྔོན་མོ་མ་ཏང་གཡུ་ཡི་མདོག དབུ་ལ་རིན་ཆེན་གསེར་གྱི་ཐོར་ཚུགས་འཁྲུངས། གཡུ་ཡི་ལན་ཚར་གནམ་ལྕགས་སོག་ལེར་གཏམས། མཛེས་པའི་རྨ་བྱ་བཞི་ནི་སྣང་སྲིད་དྲི་ཚོར་ཤངས། གཡས་ན་གནམ་ལྕགས་སྤྲུལ་པའི་བེར་ཆེན་བསྒྲིལ། གཡོན་ན་མཚལ་དང་སྤོས་ཀྱི་སྣང་མ་བལྟམས་པའོ། བཞི་པ་རེ་ཤག་ནག་མོ། སྐུ་མདོག་མཐིང་ནག་མུན་ཁ་ལ། མི་བཟད་དབུ་ལ་གཡུ་ཡི་གོ་ཅོག་གསོལ། བསྭེ་ཡི་དོ་ཤལ་སྐུ་སྟོད་སེ་རལ་ཁ། གཡུ་ཡི་དྲིལ་ཆུང་བཞི་ནི་ཐུགས་རྗེ་ཡེ་གྲོལ་ལྗགས། གཡས་པས་སྦྲུལ་ནག་གདུག་པའི་ཞགས་པ་སྡོག གཡོན་ན་བདུད་རྩི་བུམ་པ་ཐུགས་དཀར་འཛིན་པའོ། ལྔ་པ་ཚུ་ཤག་དཀར་མོ། སྐུ་མདོག་དཀར་མོ་དུང་གི་འོད་ཟེར་འཕྲོ་བ། དབུ་ལ་རིན་ཆེན་གཡུ་ཡི་ཐོར་ཚུགས་ཅན། ཉི་མ་ཟླ་བ་འོད་ཀྱི་དཔུང་རྒྱན་འཐབ། གསེར་གྱི་གཡུང་དྲུང་བཞི་ནི་སྲ་བརྟན་མི་འགྱུར་སྐུ། གཡས་ན་ཡེ་སྲིད་འཕྲུལ་གྱི་མདའ་འཕང་འཛིན། རེག་བྱའི་གདོན་རྣམས་དབང་དུ་སྡུད་པར་མཛད། གཡོན་ན་ཟད་མེད་ནེའུ་ལེའི་རྐྱལ་པ་འཛིན་པའོ། དྲུག་པ་རྒྱ་ཤག་སེར་མོ། སྐུ་མདོག་རིན་ཆེན་གསེར་གྱི་འོད་ཟེར་འཕྲོ། དབུ་ལ་ཡ་མཚན་གཡུའི་ཞུ་ཤམ་གསོལ༌། མགུལ་ཆུ་སེར་སྦྲུལ་འབུམ་གྱི་སེ་མོ་དོ། མེ་ཏོག་ཧ་ལོ་བཞི་ནི་ཐུགས་རྗེ་ཡེ་གྲངས་གསུང༌། གཡས་ན་ཐུགས་རྗེ་ཐབས་ཀྱི་ལྕགས་ཀྱུ་འཛིན། གཡོན་ན་མཁའ་ལྡིང་མཛེས་པའི་མེ་ཏོག་བསྣམས་པའོ། བདུན་པ་རྐྱེལ་ཤག་ལྗང་ནག སྐུ་ལུས་ལྗང་ནག་སྤྲུལ་པའི་འོད་ཟེར་འཕྲོ། སྤྱི་གཙུག་རླུང་གི་ཐོར་ཅོག་འོད་དུ་འཁྱིལ། གཞའ་ཚོན་འབར་བའི་སྤྲུལ་པས་ཡོངས་སུ་བརྒྱན། ཡིད་བཞིན་ནོར་བུ་བཞི་ནི་ཐུགས་རྗེ་ཡེ་སྤྲུལ་ཡིད། གཡས་པས་སྤྲུལ་པའི་ཁྱུང་ཆེན་ཕོ་ཉར་འགྱེད། གཡོན་པས་གཡུང་དྲུང་སྤྲུལ་པའི་གར་ཀྱང་བྱེད་པའོ། བརྒྱད་པ་ཤེ་ཤག་དཀར་ལྗང༌། སྐུ་མདོག་དཀར་ལྗང༌། དབུ་ལ་རྫུ་འཕྲུལ་འོད་ཀྱི་ཐོར་ཚུགས་ཅན། དཔལ་གྱི་མགུལ་བེའུ་ཡང་དག་ཐུགས་ཀྱི་གཏེར། འོད་ཀྱི་ཐིག་ལེ་བཞི་ནི་ཐུགས་རྗེ་ཡེ་སྤྲུལ་ཐུགས། གཡས་པས་ཐུགས་རྗེ་འོད་ཀྱི་འཁོར་ལོ་བསྒྱུར། གཡོན་པས་ཟད་མེད་རིན་ཆེན་གཏེར་བརྒྱད་འཛིན་པའོ།།
སྤྱི་སྤུངས་སྐོར་གསུམ་གྱི་ཡང་བཅུད་རྩོད་པ་བཟློག་པའི་འཁོར་ལོ་དབལ་གསས་རྔམ་པའི་ལས་རིམ་ལྟར་ཧེ་ཤག་མ་བརྒྱད་དུ་གྲགས་པའི་མཆོད་འབུལ་ལྷ་མོ་བརྒྱད་ནི། ཤར་གྱི་མཆོད་འབུལ་ལི་ཤག་འཕྲུལ་གྱི་མེ་ལོང་སྤྱན། ངེས་དོན་གྱི་དབང་དུ་བྱས་ན་ལི་ཤག་ནི་གཟུགས་རང་སར་གྲོལ་བའི་དབྱིངས། གཞན་སྣང་འགག་མེད་ཀྱི་དབང་དུ་བྱས་ན་གཟུགས་ཀྱི་ལྷ་མོ། འཕྲུལ་གྱི་མེ་ལོང་ནི་གཟུགས་ཀྱི་གཟུང་འཛིན་གྲོལ་བའི་མཆོད་པ་སྣང་ལ་རང་བཞིན་ མེད་པ་དེ་བདེར་གཤེགས་ཀྱི་སྤྱན་ལ་འབུལ་བས་ན་སྤྱན་ཞེས་བྱ། ཕྱག་མཚན་མར་མེ་བསྣམས་པའོ། བྱང་གི་མཆོད་འབུལ་ཁ་ཤག་གསེར་གྱི་ཁྱུད་འཁོར་སྙན། ངེས་དོན་གྱི་དབང་དུ་བྱས་ན་ཁ་ཤག་ནི་སྒྲ་རང་སར་གྲོལ་བའི་དབྱིངས། གཞན་སྣང་འགག་མེད་ཀྱི་རྩལ་དུ་ཤར་བ་ལ་སྒྲ་ཡི་ལྷ་མོ། གསེར་གྱི་ཁྱུད་འཁོར་ནི་སྒྲ་ཡི་གཟུང་འཛིན་གྲོལ་བའི་མཆོད་པ་འཛིན་མེད་ཡེ་ཤེས་ ཀྱི་སྙན་ལ་འབུལ་བའོ། ཕྱག་མཚན་རྔ་གཤང། ནུབ་ཀྱི་མཆོད་འབུལ་ལྒ྄ཡུཤག་མཛེས་པའི་རྨ་བྱ་ཤངས། ངེས་དོན་གྱི་དབང་དུ་བྱས་ན་ལྒ྄ཡུམ་ཤག་ནི་དྲི་རང་སར་གྲོལ་བའི་དབྱིངས། གཞན་སྣང་རྩལ་ཤར་གྱི་དབང་དུ་བྱས་ན་དྲི་ཡི་ལྷ་མོ། མཛེས་པའི་རྨ་བྱ་ཤངས་ནི་དྲི་ཡི་གཟུང་འཛིན་གྲོལ་བའི་མཆོད་པ་འཛིན་མེད་ཀྱི་ཤངས་ ལ་འབུལ་བའོ། ཕྱག་མཚན་སྤོས། ལྷོ་ཡི་མཆོད་འབུལ་རེ་ཤག་གཡུ་ཡི་དྲིལ་བུ་ལྗགས། ངེས་དོན་གྱི་དབང་དུ་བྱས་ན་རེ་ཤག་ནི་རོ་རང་སར་གྲོལ་བའི་དབྱིངས་དང༌། གཞན་སྣང་འགག་མེད་ཀྱི་རྩལ་དུ་རོ་ཡི་ལྷ་མོ། གཡུའི་དྲིལ་བུ་ལྗགས་ནི་རོ་ཡི་གཟུང་འཛིན་གྲོལ་བའི་མཆོད་པ་རང་གྲོལ་གྱི་ལྗགས་ ལ་འབུལ་བའོ། ཕྱག་མཚན་བདུད་རྩི་རོ་ཡིས་བལྟམས་པའི་བུམ་པ། ལྷོ་ཤར་མཚམས་ཀྱི་མཆོད་འབུལ་ཚུ་ཤག་གསེར་གྱི་གཡུང་དྲུང་སྐུ། ངེས་དོན་གྱི་དབང་དུ་བྱས་ན་ཚུ་ཤག་ནི་རེག་རང་སར་གྲོལ་བའི་དབྱིངས། གཞན་སྣང་འགག་མེད་ཀྱི་དབང་དུ་བྱས་ན་རེག་གི་ལྷ་མོ། གསེར་གྱི་གཡུང་དྲུང་སྐུ་ནི།་ རེག་གི་གཟུང་འཛིན་རང་སར་གྲོལ་བའི་མཆོད་པ་འགྱུར་མེད་ཀྱི་སྐུ་ལ་འབུལ་བའོ། ཕྱག་མཚན་རེག་འཇམ་གོས། བྱང་ཤར་མཚམས་ཀྱི་མཆོད་འབུལ་རྒྱ་ཤག་མེ་ཏོག་ཧ་ལོ་གསུང༌། ངེས་དོན་གྱི་དབང་དུ་བྱས་ན་རྒྱ་ཤག་ནི་མིང་རང་སར་གྲོལ་བའི་དབྱིངས། གཞན་སྣང་འགག་མེད་ཀྱི་དབང་དུ་བྱས་ན་མེ་ཏོག་གི་ལྷ་མོ། མེ་ཏོག་ཧ་ལོ་གསུང་ནི་མྀང་གི་གཟུང་འཛིན་རང་སར་གྲོལ་བའི་སྣང་ལ་རང་བཞིན་མེད་ པའི་མཆོད་པ་འགག་མེད་ཀྱི་གསུང་ལ་འབུལ་བའོ། ཕྱག་མཚན་མེ་ཏོག བྱང་ནུབ་མཚམས་ཀྱི་མཆོད་འབུལ་རྐྱེལ་ཤག་འོད་ཀྱི་ཐིག་ལེ་གར། ངེས་དོན་གྱི་དབང་དུ་བྱས་ན་རྐྱེལ་ཤག་ནི་བོན་རང་སར་གྲོལ་བའི་དབྱིངས། གཞན་སྣང་འགག་མེད་ཀྱི་དབང་དུ་བྱས་ན་གར་གྱི་ལྷ་མོ། འོད་ཀྱི་ཐིག་ལེ་གར་ནི་བོན་གྱི་གཟུང་འཛིན་གྲོལ་བའི་སྣང་ལ་རང་བཞིན་མེད་པའི་ མཆོད་པ་ཐོག་མེད་ཀྱི་ཡིད་ལ་འབུལ་བའོ། ཕྱག་མཚན་དགྱེས་པའི་གར། ལྷོ་ནུབ་མཚམས་ཀྱི་མཆོད་འབུལ་ཤེ་ཤག་འོད་ཀྱི་མགུར་བེའུ་ཐུགས། ངེས་དོན་གྱི་དབང་དུ་བྱས་ན་གཏེར་རང་སར་གྲོལ་བའི་དབྱིངས། གཞན་སྣང་འགག་མེད་ཀྱི་དབང་དུ་བྱས་ན་གཏེར་གྱི་ལྷ་མོ། འོད་ཀྱི་མགུར་བེའུ་ཐུགས་ནི་གཏེར་གྱི་གཟུང་འཛིན་རང་སར་གྲོལ་བའི་མཆོད་པ་རྣམ་ པར་དག་པའི་ཐུགས་ལ་འབུལ་བའོ། ཕྱག་མཚན་རིན་ཆེན་གཏེར་དང་བརྒྱད་དོ། དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད་དོན་ལྟར་མཆོད་འབུལ་ལྷ་མོ་བརྒྱད་ནི། ཤར་གྱི་མཆོད་འབུལ་རིག་པའི་ལྷ་མོ་ཞུགས་མར་མ། ཕྱག་ན་ཞུགས་མར་བསྣམས་པ། བྱང་གི་མཆོད་འབུལ་སྒྲ་ཡི་ལྷ་མོ་རྔ་གཤང་མ། ཕྱག་ན་རྔ་གཤང་བསྣམས་པ། ནུབ་ཀྱི་མཆོད་འབུལ་དྲི་ཡི་ལྷ་མོ་སྤོས་མེ་མ། ཕྱག་ན་སྤོས་བསྣམས་པ། ལྷོ་ཡི་མཆོད་འབུལ་རོ་ཡི་ལྷ་མོ་བདུད་རྩི་མ། ཕྱག་ན་བདུད་རྩི་བུམ་པ་བསྣམས་པ། ལྷོ་ཤར་མཚམས་ནས་མཆོད་འབུལ་སྐུ་ཡི་ལྷ་མོ་ཚན་ཆབ་མ། ཕྱག་ན་ཚན་ཆབ་བསྣམས་པ། བྱང་ཤར་མཚམས་ཀྱི་མཆོད་འབུལ་མཛེས་པའི་ལྷ་མོ་མེ་ཏོག་མ། ཕྱག་ན་མེ་ཏོག་བསྣམས་པ། བྱང་ནུབ་མཚམས་ཀྱི་མཆོད་འབུལ་ཐུགས་ཀྱི་ལྷ་མོ་གར་མཁན་མ། ཕྱག་རྒྱ་དགྱེས་པའི་གར་སྟབས་བསྒྱུར་བ། ལྷོ་ནུབ་མཚམས་ཀྱི་མཆོད་འབུལ་ཐུགས་ཀྱི་ལྷ་མོ་གཏེར་འཛིན་མ། ཕྱག་ན་རིན་པོ་ཆེའི་གཏེར་བསྣམས་པ། དབུས་ཀྱི་ཕྱོགས་ཀྱི་མཆོད་འབུལ་ལྷ་མོ་རི་རབ་ལྷ་སངས་མ། ཕྱག་ན་ཞལ་ཟས་བསྣམས་པའོ། མཆོད་པའི་ལྷ་མོ་དེ་རྣམས་ཀྱང༌། མྱུར་དུ་ལྡེམ་དང་འཁྲིལ་བ་དང༌། གཞོན་ནུ་མཛེས་པའི་ཚུལ་ཅན་གྱིས། དབུ་ཉིད་ཅུང་ཟད་གཡོན་དུ་གཟིགས། ཐུགས་ལས་མཆོད་པའི་བྱེ་བྲག་རྣམས། འོད་ཟེར་འབུམ་ཕྲག་གྲངས་མེད་འཕྲོ། ཕྱག་གི་མཆོད་རྫས་ཀུན་ལས་ཀྱང༌། འོད་ཟེར་མཆོད་པའི་ལྷ་མོ་དང༌། མཐུན་པར་ལྷ་མོ་གྲངས་མེད་མ། བསམ་གྱི་མི་ཁྱབ་འཕྲོ་ཞིང་གསལ། མཆོད་པའི་ལྷ་མོ་དེ་རྣམས་ཀྱང༌། གླུ་དབྱངས་གར་དང་རོལ་མོ་དང༌། ཚོམ་ཚོམ་ལ་སོགས་བྱེད་པའོ། །
ཕུར་བསྒྲིལ།
ཕུར་ནག་རྩ་བའི་ལྷ་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་དང་བསྟུན་ཏེ། སྒྲུབ་པའི་སྐབས་གསུང་མངོན་དུ་གྲུབ་པ་འབྲུག་གསས་གཙོ་བོར་བྱས་ཏེ། མཁའ་འགྱིང་འོག སྟག་ལ་སྟེང༌། བསྙེན་པའི་སྐབས་སྐུ་མངོན་དུ་གྲུབ་པ་མཁའ་འགྱིང་གཙོ་བོར་བྱས་ཏེ། འབྲུག་གསས་འོག སྟག་ལ་སྟེང༌། ལས་སྦྱོར་གྱི་སྐབས་ཐུགས་མངོན་དུ་གྲུབ་པ་སྟག་ལ་གཙོ་བོར་བྱས་ཏེ། མཁའ་འགྱིང་སྟེང༌། འབྲུག་གསས་འོག་ཏུ་བྱས་པ་ཡང་ཡོད། དེ་ལ་དཀྱུས་འདིར་འབྲུག་གསས་མངོན་དུ་ཕྱུང་བ་ནི། གསུང་མངོན་དུ་གྲུབ་པའི་ལྷའོ། དེ་ལ་ཉིད་ལས་མི་གཞན་པ་ཁྲོ་བོའི་འཁོར་ནི་ཕྱོགས་བཅུའི་ཁྲོ་བོ་བཅུའོ། ཟ་བྱེད་ཁྲོ་མོའི་འཁོར་ནི་ཕྱོགས་བཅུའི་ཁྲོ་མོ་བཅུའོ། རྒྱུག་བྱེད་ཕོ་ཉའི་འཁོར་ནི། ཁྲ་ཐབས་གཟེ་མ་ཉི་ཤུ་དང༌། གསང་ཁྲ་དང༌། གཅན་སྤྱང་རྣམས་སོ། གདུང་བ་སྲུང་མའི་འཁོར་ནི། ས་བདག་མོ་རྣམས་སོ། ཕུར་འདེབས་ལས་མཁན་གྱི་འཁོར་ནི། སེམས་ཀྱི་མ་བདུན། ཁ་སྡུད་ཕུར་འདེབས་ཉི་ཤུ་རྩ་གཅིག སྒོ་བ་ཡབ་ཡུམ་རྣམས་སོ། བཀའ་ཉན་དྲེགས་པའི་འཁོར་ནི། ཐིག་ལེ་ཉི་ཤུ་ལ་སོགས་ཏེ་བརྒྱ་རྩ་བརྒྱད་དོ། དེ་ལ་ཁྲོ་བོ་ཡབ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་ཁྲོག་བརླག་ཏུ་གཏོང་བའི་ལས་ཅན། ཟ་བྱེད་ཁྲོ་མོས་ཡབ་ཀྱི་ཐུགས་དམ་བསྐང་ཞིང་འཁོར་བའི་རྒྱ་མཚོ་སྐེམ་པའི་ལས་ཅན། རྒྱུག་བྱེད་ཕོ་ཉ་ནི་ལོག་རྟོག་གཉིས་འཛིན་གྱི་དགྲ་བགེགས་འགུགས་པར་བྱེད་པའི་ ལས་ཅན། གདུང་བ་སྲུང་མས་དགྲ་བགེགས་དབང་དུ་སྡུད་པར་བྱེད་པའི་ལས་ཅན། ལས་མཁན་ཕུར་འདེབས་ཀྱི་དགྲ་བགེགས་སྒྲོལ་བར་བྱེད་པའི་ལས་ཅན། བཀའ་ཉན་དྲེགས་པས་དྲག་པོའི་ལས་མཐར་ཕྱིན་པར་བྱེད་པའི་ལས་ཅན་ནོ། གཉིས་པ་སྤྱིར་ཕུར་པ་ལ་ཕྱི་ནང་གསང་གསུམ་དུ་བཤད་ཀྱང༌། ད་ལན་སྐབས་འདིར་བསྒྲུབ་བྱ་དམིགས་པའི་རྟེན་གྱི་ཕུར་པ་བསྟན་པ་ལ་བཞི་སྟེ། ཕུར་པའི་རྒྱུདང༌། ཕུར་པའི་དབྱིབས། ཕུར་པའི་ཚད། ཕུར་པའི་གྲངས་བཅས་བསྟན་པའོ། དེ་ལ་སྒྲུབ་རྟེན་དྲག་པོའི་རྒྱུ་བདུན་བསྟན་པ་ནི། དྲག་པོའི་རྒྱུ་ལྕགས་སྣ་ལྔ་ལས་བྱས་པ་དང་གཅིག ཐུགས་རྗེ་ཆེན་པོའི་བྱབ་ཕུར་ཞེས་བྱ་བ་བྱ་རྒོད་དར་མའི་རྗེ་ཕུར་དང་གཉིས། ཡེ་ཤེས་མཁའ་ལ་འབེབས་ཕུར་ཞེས་བྱ་བ་མི་ལོ་སུམ་ཅུ་ལོན་པའི་མཆོག་ཕུར་དང་གསུམ། ཞི་བའི་ལས་ཀྱི་སྲིད་པ་ཚར་གཅོད་པའི་ཕུར་པ་ཞེས་བྱ་བ་ཤེལ་ལམ་འཁར་བའི་ཕུར་པ་དང་ བཞི། སྲིད་པ་དབང་དུ་སྡུད་པའི་ཕུར་པ་ཞེས་བྱ་བ་སེང་ལྡེང་གི་ཕུར་པ་དང་ལྔ༌། ཡེ་ཤེས་རོལ་པའི་རྒྱས་ཕུར་ཞེས་བྱ་བ་གསེར་རམ་ར་གན་གྱི་ཕུར་པ་དང་དྲུག མངོན་སྤྱོད་དྲག་པོ་འབེན་ལ་འབེབ་པའི་ཕུར་པ་ཞེས་བྱ་བ་སྐྱེར་ཚེར་དུག་ཚེར་ཚེར་ ནག་གང་ཡང་རུང་བ་ལས་བྱས་པའི་ཕུར་པ་དང་བདུན་ནོ། རྒྱུ་དེ་བདུན་ལས་བྱས་པའི་ཕུར་པ་རྣམས་ནི་གཙོ་བོའི་འགྱིང་ཕུར་རོ། རྒྱུག་ཕུར་རྣམས་ཀྱི་རྒྱུ་ནི། བྱ་རྒོད་ཀྱི་རྗེ་ཕུར་རམ། གཅན་སྤྱང་གི་རྐང་ཕུར་རམ། མི་ཡི་མཆོག་ཕུར་ལ་བྱའོ། མངག་ཕུར་རྣམས་ཀྱི་རྒྱུ་ནི། ཤིང་གདུག་པ་ཚེར་ནག་རྣམས་ལ་བྱའོ། འདེབས་ཕུར་རྣམས་ཀྱི་རྒྱུ་ནི། མི་བསད་པའི་མཚོན་ཆ་ལ་བརྡུང་བའི་ལྕགས་ཕུར་ལ་བྱའོ། ཚད་དབྱིབས་བསྟན་པ་ནི། ཁྲོ་བོ་ཡབ་ཡུམ་གྱི་ཕུར་པ་སོར་བཅུ་དྲུག་པར་བྱ། ཁྲ་ཐབས་གཟེ་མ་ཉི་ཤུ་ལ་རྩང་ཕུར་སོར་བཅུ་གཉིས་པར་བྱ། སྒོ་བ་ཡབ་ཡུམ་གྱི་ཕུར་པ་སོར་བརྒྱད་པར་བྱ། རྒྱུག་ཕུར་མངག་ཕུར་འདེབས་ཕུར་ཐམས་ཅད་སོར་བརྒྱད་པར་བྱའོ། སེམས་ཀྱི་མ་བདུན་གྱི་འདེབས་ཕུར་ནི་སོར་བཞི་པར་བྱའོ། དེ་དག་ཕུར་པའི་ཚད་བསྟན་པའོ། རྩ་བའི་འགྱིང་ཕུར་གྱི་དབྱིབས་ནི། དོན་བསྡུས་རྩ་བའི་འགྲེལ་ཆེན་ལས་གསལ་བ་ལྟར་ཤེས་པར་བྱའོ། ཕུར་པའི་གྲངས་བསྟན་པ་ནི། རྩ་བའི་འགྱིང་ཕུར་ཉི་ཤུ་རྩ་གཅིག ཁྲ་ཐབས་ཀྱི་རྩང་ཕུར་ཉི་ཤུ་ཐམ་པ། སྒོ་བའི་ཕུར་བུ་བརྒྱད། རྒྱུག་ཕུར་བཅུ། མངག་ཕུར་ཉི་ཤུ་རྩ་བརྒྱད་དོ། ད་ནི་དབལ་ཕུར་ནག་པོ་དྲག་པོ་གཏིང་རྫོགས་ཀྱི་སྤྱི་དོན་ཉི་ཤུ་རྩ་ལྔའི་ཁོངས་ ཕྱག་རྒྱ་འཇིག་ཚོགས་ཀྱི་ཕྱོགས་བཅུའི་ཕོ་ཉ་ཁྲ་ཐབས་གཟེ་མ་ཉི་ཤུའི་སྐོར་གླེང་ བར་བྱ་བ་ལ། ༡༽ དབུས་ཕྱོགས་དེ་བཞིན་རིགས་ཀྱི་ཞིང་ཁམས་བདུད་དང་གཏི་མུག་འཇོམས་པའི་ཨེ་ཀློང་ མཐིང་ནག་ན། ཁྲོ་བོ་འབྲུག་གསས་ཆེམ་པ་དང༌། ཡུམ་ཆེན་ཁྲོ་མོ་སྟོང་ཁྱབ་མ་གཉིས། ཐབས་དང་ཤེས་རབ་དུ་སྤྲུལ་པ་ལས་བྱུང་བའི་ཕོ་ཉ་ནི་གཉིས་ཏེ། ཡབ་ཀྱི་སྤྲུལ་པ་ལས་མི་མོ་སྲིན་ལུས་ཕག་རྒོད་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་མཐིང་ནག ལྕགས་ཀྱི་དུར་ཕག་རྟ་རུ་བཞོན་པ། ཕྱག་ན་ལྕགས་ཀྱུ་ཕུར་པ་ཐོགས་པའོ། ཡུམ་གྱི་སྤྲུལ་པ་མི་མོ་གནོད་སྦྱིན་ཆུ་སྲིན་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་མཐིང་ནག ཁ་རྔམ་ཆུ་སྲིན་གདུག་པ་བཞོན་པ། ཕྱག་ན་ལྕགས་ཀྱུ་ཕུར་པ་ཐོགས་པའོ། གདུལ་བྱའི་དབང་དུ་བྱས་ན། ས་བདག་དང༌། ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་གནས་སུ་དག་པར་བྱེད་པ། དུག་ལྔའི་ནང་ནས་གཏི་མུག་འཇོམས་པར་བྱེད་པ། གཞན་ཡང་བདུད་ཀྱི་ཆུ་བཞི་སྟེ། ཏི་སྟ་ཏི་སྟ་མ་ར་ཡ་ལྷན་ཞེས་པས། སྐྱེ་བའི་སྡུག་བསྔའ་མི་གནས་དག་པར་བྱེད་པ་དང༌། སྤོ་ཏ་སྤོ་ཏ་མ་ར་ཡ་ལྷན། ཞེས་པས། རྒ་བའི་སྡུག་བསྔལ་མི་གནས་དག་པར་བྱེད་པ། ཚིན་དྷ་ཚིན་དྷ་མ་ར་ཡ་ལྷན། ཞེས་པས། ན་བའི་སྡུག་བསྔལ་མི་གནས་དག་པར་བྱེད་པ། བིན་དྷ་བིན་དྷ་མ་ར་ཡ་ལྷན། ཞེས་པས། འཆི་བའི་སྡུག་བསྔལ་མི་གནས་དག་པར་བྱེད་པའོ། གཉིས་པ་ཤར་ཕྱོགས་གཡུང་དྲུང་རིགས་ཀྱི་ཞིང་ཁམས་སམ་ཤར་ཕྱོགས་དྲི་ཟ་འཇོམས་པའི་ ཨེ་ཀློང་ན། ཁྲོ་བོ་ཁྲ་གསས་ཁྱུང་རྒོད་དང་ཁྲོ་མོ་ཡུམ་ཆེན་ཁ་འབར་མ་གཉིས། ཐབས་དང་ཤེས་རབ་ཏུ་སྤྲུལ་པ་ལས་བྱུང་བའི་ཕོ་ཉ་ནི་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོ་སྲིན་ལུས་སེང་གེའི་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་དཀར་སེར། བརྗིད་པའི་ཟིལ་གནོན་སེང་གེ་ཞོན་པ། ཕྱག་ན་ལྕགས་ཀྱུ་ཕུར་པ་ཐོགས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་བྱ་རྒོད་མགོ་ཅན། སྐུ་མདོག་དཀར་སེར། མགྱོགས་མ་ལེན་བྱེད་བྱ་རྒོད་ཞོན་པ། ཕྱག་ན་ལྕགས་ཀྱུ་ཕུར་པ་ཐོག་པའོ། གདུལ་བྱའི་དབང་དུ་བྱས་ན། དྲི་ཟ། དུག་ལྔའི་དབང་དུ་བྱས་ན། ཞེ་སྡང༌། ཕུང་པོ་ལྔའི་ནང་ནས་རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པར་བྱེད་པ། གཞན་ཡང་བདུད་ཀྱི་ཆུ་བཞི་ལ་སོགས་གནས་སུ་དག་པར་བྱེད་པའོ། གསུམ་པ་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་སམ་ལྷོ་ཕྱོགས་གཤིན་རྗེ་ང་རྒྱལ་ འཇོམས་པའི་སྨུག་ནག་ཟུར་གསུམ་ཨེ་ཀློང་ན། ཁྲོ་བོ་མེ་གསས་ཁམས་ནག་དང་སྲིད་པའི་ཁྲོ་མོ་ཛ་ལ་མ་གཉིས། ཐབས་དང་ཤེས་རབ་སྤྲུལ་པ་ལས་བྱུང་བའི་ལས་མཁན་ཕོ་ཉ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོས་སྲིན་ལུས་སྟག་མོའི་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་སྨུག་ནག གསེར་སྟག་དཔའ་རྩལ་ཆེན་མོ་ཞོན་པ། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོགས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་འུག་པའི་མགོ་ཅན། སྐུ་མདོག་སྨུག་ནག རྣོ་མཐོང་འུག་པ་བླ་རྐུན་ཞོན་པ། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོག་པའོ། གདུལ་བྱའི་དབང་དུ་བྱས་ན། གཤིན་རྗེ། དུག་ལྔའི་དབང་དུ་བྱས་ན། ང་རྒྱལ། ཕུང་པོ་ལྔའི་དབང་དུ་བྱས་ན། འདུ་བྱེད་ཀྱི་ཕུང་པོ། གཞན་ཡང་སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་བཞི་གནས་སུ་དག་པར་བྱེད་པའོ། བཞི་པ་ནུབ་ཕྱོགས་པད་མ་རིགས་ཀྱི་ཞིང་ཁམས་སམ་ཀླུ་དབང་འདོད་ཆགས་འཇོམས་པའི་དམར་ ནག་ཟུར་གསུམ་ཨེ་ཀློང་ན། ཁྲོ་བོ་དབལ་གསས་མེ་འབར་དང་ཡུམ་ཆེན་ཁྲོ་མོ་འོད་འཕྲོ་མ་གཉིས། ཐབས་དང་ཤེས་རབ་སྤྲུལ་པ་ལས་ལས་མཁན་ཕོ་ཉ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོ་སྲིན་ལུས་བྱི་ལའི་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་དམར་ནག རྒྱུག་བྱེད་ཐབས་མཁས་བྱི་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོགས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་པུ་ཤུད་མགོ་ཅན། སྐུ་མདོག་དམར་ནག གསལ་བཀྲ་དུས་འཛིན་པུ་ཤུད་ཞོན་པ། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོག་པའོ། གདུལ་བྱའི་དབང་དུ་བྱས་ན། ཀླུ་བདུད། དུག་ལྔའི་དབང་དུ་བྱས་ན། འདོད་ཆགས། ཕུང་པོ་ལྔའི་དབང་དུ་བྱས་ན། ཚོར་བའི་ཕུང་པོ། གཞན་ཡང་བདུད་ཀྱི་ཆུ་བོ་བཞི་འཇོམས་པར་བྱེད་པའོ། ལྔ་པ་བྱང་ཕྱོགས་འཁོར་ལོ་རིགས་ཀྱི་ཞིང་ཁམས་སམ་བྱང་ཕྱོགས་གནོད་སྦྱིན་ཕྲག་དོག་ འཇོམས་པའི་སེར་ནག་ཟུར་གསུམ་ཨེ་ཀློང་ན། ཁྲོ་བོ་གློག་གསས་འོད་འགྱུ་དང༌། ཡུམ་ཆེན་ཁྲོ་མོ་མེ་འགྱུ་མ་གཉིས། ཐབས་དང་ཤེས་རབ་སྤྲུལ་པ་ལས་ལས་མཁན་ཕོ་ཉ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོ་སྲིན་ལུས་དྲེད་མོང་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་སེར་ནག ཟ་བྱེད་རྔམ་པའི་དྲེད་མོང་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོགས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་ཕ་ཝང་མགོ་ཅན། སྐུ་མདོག་སེར་ནག ཐབས་མཁས་བསླུ་བྱེད་ཕ་ཝང་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོགས་པའོ། གདུལ་བྱའི་དབང་དུ་བྱས་ན། གནོད་སྦྱིན། དུག་ལྔའི་དབང་དུ་བྱས་ན། ཕྲག་དོག ཕུང་པོ་ལྔའི་དབང་དུ་བྱས་ན། འདུ་ཤེས་ཀྱི་ཕུང་པོ། གཞན་ཡང་བདུད་ཀྱི་ཆུ་བོ་བཞི་སྐེམ་པར་བྱེད་པའོ། དྲུག་པ་མཚམས་ཀྱི་ཁྲོ་བོ་བཞི་ཡི་ནང་ནས་ལྷོ་ཤར་སྔོ་སྐྱ་ཟུར་གསུམ་འབར་བའི་ཨེ་ ཀློང་ན། ཁྲོ་བོ་མཁའ་འགྱིང་གྱད་ཆེན་དང་ཡུམ་ཆེན་ཁྲོ་མོ་གཏུམ་ཀློང་མ་གཉིས་ཐབས་དང་ཤེས་ རབ་སྤྲུལ་པ་ལས་ཕོ་ཉ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོས་སྲིན་ལུས་དོམ་རྒོད་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་སྔོ་སྐྱ། དོམ་རྒོད་གཏུམ་ཆེན་འགྲོག་མ་ཞོན་པ།་ ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོག་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་ཕོ་རོག་མགོ་ཅན། སྐུ་མདོག་སྔོ་སྐྱ། ཕྱོགས་མེད་རིག་པའི་ཕོ་རོག་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་བསྣམས་པའོ། གདུལ་བྱའི་དབང་དུ་བྱས་ན། མེ་ལྷ། བདུད་ཀྱི་དབང་དུ་བྱས་ན། རིགས་དྲུག་གི་གནས་སུ་རྒྱུད་པར་བྱེད་པའི་ལོག་འདྲེན་གྱི་རྟོག་པ། གཞན་ཡང་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་སོགས་འཇོམས་པར་བྱེད་པའོ། བདུན་པ་ལྷོ་ནུབ་སྔོན་དམར་ཟུར་གསུམ་འབར་བའི་ཨེ་ཀློང་ན། ཁྲོ་བོ་བདུད་ནག་འབར་བ་དང༌། ཁྲོ་མོ་ཡུམ་ཆེན་རྦ་ཀློང་མ་གཉིས། ཐབས་དང་ཤེས་རབ་སྤྲུལ་པ་ལས་ཕོ་ཉ་ཁྲ་ཐབས་གཟེ་མ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོས་སྲིན་ལུས་གཟིག་གི་མགོ་ཅན། སྐུ་མདོག་ཡབ་ཡུམ་དང་མཐུན་པ་སྔོན་དམར། སྤྲུལ་པ་འཛིན་པའི་གཟིག་མོ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་ཐོག་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་ཁྭ་ཏའི་མགོ་ཅན།་ མི་དྲུག་ཁ་མཆུ་ནག་པོ་ཞོན་པ། སྐུ་མདོག་སྔོན་དམར། ཞལ་གཅིག་ཕྱག་གཉིས། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་བསྣམས་པའོ། གདུལ་བྱའི་དབང་དུ་བྱས་ན། སྲིན་པོ། དུག་ཀྱི་དབང་དུ་བྱས་ན། གདུག་སེམས། གཞན་ཡང་བདུད་ཀྱི་ཆུ་བོ་བཞི་འཇོམས་པར་བྱེད་པའོ། བརྒྱད་པ་བྱང་ནུབ་དམར་སེར་ཟུར་གསུམ་ཨེ་ཀློང་ན། ཁྲོ་བོ་གནམ་གྲགས་ངར་ཆེན་དང༌། ཁྲོ་མོ་ཡུམ་ཆེན་སྒྲ་འབྱིན་མ་གཉིས། ཐབས་དང་ཤེས་རབ་སྤྲུལ་པ་ལས་ཁྲ་ཐབས་གཟེ་མ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོ་སྲིན་ལུས་ལྕེ་སྤྱང་མགོ་ཅན། སྐུ་མདོག་དམར་སེར་ཡབ་ཡུམ་དང་མཐུན་པ། ཟ་བྱེད་ལྕེ་སྤྱང་རྒྱུག་མདུར་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་བསྣམས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་གནམ་ཁྲའི་མགོ་ཅན། སྐུ་མདོག་དམར་སེར། ཞལ་གཅིག་ཕྱག་གཉིས། མགྱོགས་མ་སྲོག་ལེན་གནམ་ཁྲ་ཞོན་པ། ཕྱག་ན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་བསྣམས་པའོ། གདུལ་བྱའི་དབང་དུ་བྱས་ན། རླུང་ལྷ། དུག་གི་དབང་དུ་བྱས་ན། བྱུང་ཚོར་རམ་ཁྱབ་འཇུག གཞན་ཡང་བདུད་ཀྱི་ཆུ་ཆེན་བཞི་འཇོམས་པར་བྱེད་པའོ། དགུ་པ་བྱང་ཤར་ལྗང་སེར་ཟུར་གསུམ་ཨེ་ཀློང་ན། ཁྲོ་བོ་སྡོམ་ཆེན་འཁྱིལ་པ་དང༌། ཁྲོ་མོ་ཡུམ་ཆེན་རལ་ཁ་མ་གཉིས། ཐབས་དང་ཤེས་རབ་དུ་སྤྲུལ་པའི་ལས་མཁན་ཁྲ་ཐབས་གཟེ་མ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོ་སྲིན་ལུས་ཟེར་མོང་མགོ་ཅན། སྐུ་མདོག་ལྗང་སེར་ཡབ་ཡུམ་དང་མཐུན་པ། ཡིད་འཕྲོག་རྒྱུག་ཚུལ་ཟེ་མོང་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་བསྣམས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་བྱིའུ་ཁྲའི་མགོ་ཅན། སྲོག་ལེན་འཇོམས་པའི་བྱིའུ་ཁྲ་ཞོན་པ། སྐུ་མདོག་ལྗང་སེར། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་བསྣམས་པའོ། གདུལ་བྱའི་དབང་དུ་བྱས་ན། བདེན་བྲལ། དུག་གི་དབང་དུ་བྱས་ན། དྲེགས་སེམས། གཞན་ཡང་བདུད་ཀྱི་ཆུ་བཞི་འཇོམས་པར་བྱེད་པའོ། བཅུ་པ་སྟེང་ཕྱོགས་སེར་སྐྱ་ཟུར་གསུམ་ཨེ་ཀློང་ན། ཁྲོ་བོ་སྟག་ལ་མེ་འབར་དང༌། ཡུམ་ཆེན་ཐུགས་རྗེ་བྱམས་མ་གཉིས། ཐབས་དང་ཤེས་རབ་སྤྲུལ་པ་ལས་ལས་མཁན་ཕོ་ཉ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་མི་མོ་སྲིན་ལུས་འབྲུག་གི་མགོ་ཅན། སྐུ་མདོག་སེར་སྐྱ་ཡབ་ཡུམ་དང་མཐུན་པ། འབྲུག་མོ་ངར་གྲགས་གདང་ཆེན་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་འཕྱར་བའོ། ཤེས་རབ་ཀྱི་ཆ་ལས་མི་མོ་གནོད་སྦྱིན་ཁྱུང་གི་མགོ་ཅན། སྐུ་མདོག་སེར་སྐྱ། རླབས་ཆེན་འུར་ཆུམ་ཁྱུང་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་ཐོགས་པའོ། གདུལ་བྱའི་དབང་དུ་བྱས་ན། ཚངས་པ། དུག་གི་དབང་དུ་བྱས་ན། ང་བདག་གཟུང་འཛིན། གཞན་ཡང་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་འཇོམས་པར་བྱེད་པའོ། བཅུ་གཅིག་འོག་ཕྱོགས་མཐིང་ནག་ཟུར་གསུམ་འབར་བའི་ཨེ་ཀློང་ན། ཁྲོ་བོ་མཁའ་འགྱིང་བདུད་འདུལ་དང༌། ཡུམ་ནི་ཁྲོ་མོ་དབང་སྡུད་མ། ཐབས་དང་ཤེས་རབ་དུ་སྤྲུལ་པ་ལས་ལས་མཁན་ཕོ་ཉ་རྣམ་གཉིས་ཏེ། ཐབས་ཀྱི་ཆ་ལས་ལྕགས་ཀྱི་མི་རྒོད་སྲིན་མོའི་ལུས་ཅན། གདུག་པ་འཁྲིལ་བྱེད་སྦྲུལ་ནག་མགོ་ སྐུ་མདོག་མཐིང་ནག་ཡབ་ཡུམ་དང་མཐུན་པ། ཞེ་སྡང་སྦྲུལ་ནག་འཁྱུག་པ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུདང་ཕུར་པ་དྲིལ་ཞིང་བསྣམས་པའོ། ཤེས་རབ་ཀྱི་ཆ་ལས་མི་མོ་འགུག་བྱེད་གནོད་སྦྱིན་ལུས་ཅན། ཐོགས་མེད་རྒྱུགས་པ་རྨིག་བུའི་མགོ་ཅན། སྐུ་མདོག་མཐིང་ནག རྫུ་འཕྲུལ་གསེར་གྱི་རྨིག་བུ་ཞོན་པ། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་བསྣམས་པའོ། གདུལ་བྱའི་དབང་དུ་བྱས་ན། ཡ་བདུད། དུག་གི་དབང་དུ་བྱས་ན། མ་རིག་པ། གཞན་ཡང་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་འཇོམས་པར་བྱེད་པའོ། གོང་དུ་བཤད་པའི་ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ནི་ཞལ་གསུམ་ཕྱག་དྲུག་སྐུ་སྨད་ ཕུར་པའི་དབལ་དང་བཅས་པ། ཕྱག་དྲུག་ཐ་མ་གཉིས་ཀྱིས་རང་རྟགས་དབལ་གྱི་ཕུར་པ་ཕྱག་ན་བསྣམས་ཤིང་དྲིལ་བ་དང༌། ཁྲོ་མོ་ཡུམ་རྣམས་ནི། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པས་ཐབས་ཀྱི་གཙོ་བོ་ཡབ་ལ་མཁྱུད་ནས་རང་རྟགས་དབལ་གྱི་ཕུར་པ་བསྣམས་ནས་དྲིལ་བ་དང༌། གཡོན་པས་གདུལ་བྱ་ས་བདག་ནས་ཚངས་པ་ལ་སོགས་པའི་སྙིང་རེ་རེ་གཙོ་བོ་ཡབ་ལ་སྟོབ་པར་གནས་པའོ། ཕུར་དྲིལ་གྱི་ལས་མཁན་ཕོ་ཉ་གཉིས་ནི། ཞལ་གཅིག་ཕྱག་གཉིས། ཕྱག་མཚན་ལྕགས་ཀྱུ་དང་ཕུར་པ་དྲིལ་ཞིང་ཕྱར་བ་བཅས་སོ། སྒོ་བ་ཡབ་ཡུམ་ཡང་སྐུ་སྟོད་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། རྐེད་པ་རྒྱ་མདུད་འབར་བ་འཁྱིལ་བ། སྐུ་སྨད་ཆུ་སྲིན་ཁ་ནང་ནས་ཟུར་གསུམ་དབལ་དུ་ཕྱུང་བ། ཤར་ཕྱོགས་ཀྱི་གསས་ཁང་གི་སྒོ་བ་ཡབ་ནི། ཞལ་གཅིག་ཕྱག་གཉིས་དཀར་ལ་བརྗིད་པ། ཐ་རམ་གཡས་ལ་ཕུར་པ་གཡོན་ན་བསྣམས་པ། ཕོ་ཉ་སྟག༌། ཡུམ་ནི། ཞལ་གཅིག་ཕྱག་གཉིས་དཀར་ལ་བརྗིད་པ། ལྡེའུ་མིག་གཡས་ལ་ཕྱག་རྒྱ་གཡོན། གདུལ་བྱ་དུག་གི་དབང་དུ་བྱས་ན། ཞེ་སྡང་དང་ཉོན་མོངས་བདུད་བཞི། འཇོམས་བྱེད་གཉེན་པོའི་དབང་དུ་བྱས་ན། བྱམས་པ་འཕྲུལ་གྱི་ལྡེའུ་མིག ལྷོའི་གསས་ཁང་གི་སྒོ་བ་ཡབ་ནི། ཞལ་གཅིག་ཕྱག་གཉིས་སྨུག་ལ་གནག་པ། ཐ་རམས་གཡས་ལ་ཕུར་པ་གཡོན། ཕོ་ཉ་སེང་གེ་ ཡུམ་ནི་ཞལ་གཅིག་ཕྱག་གཉིས་སྨུག་ལ་གནག་པ། ལྡེའུ་མིག་གཡས་ལ་ཕྱག་རྒྱ་གཡོན། གདུལ་བྱ་དུག་གི་དབང་དུ་བྱས་ན། ང་རྒྱལ་དང་ཉོན་མོངས་བདུད་བཞི། འཇོམ་བྱེད་གཉེན་པོའི་དབང་དུ་བྱས་ན། ཞི་བ་འཕྲུལ་གྱི་ལྡེའུ་མིག ནུབ་ཀྱི་གསས་ཁང་གི་སྒོ་བ་ཡབ་ནི། ཞལ་གཅིག་ཕྱག་གཉིས་དམར་ལ་བརྗིད་པ། ཐ་རམས་གཡས་ལ་ཕུར་པ་གཡོན། ཕོ་ཉ་དོམ། ཡུམ་ནི་ཞལ་གཅིག་ཕྱག་གཉིས་དམར་ལ་བརྗིད་པ། ལྡེའུ་མིག་གཡས་ལ་ཕྱག་རྒྱ་གཡོན། གདུལ་བྱ་དུག་གི་དབང་དུ་བྱས་ན། འདོད་ཆགས་དང་ཉོན་མོངས་བདུད་བཞི། འཇོམས་བྱེད་གཉེན་པོའི་དབང་དུ་བྱས་ན། སྦྱིན་པ་འཕྲུལ་གྱི་ལྡེའུ་མིག གསས་ཁང་བྱང་གི་སྒོ་བ་ཡབ་ནི། ཞལ་གཅིག་ཕྱག་གཉིས་སེར་ལ་བརྗིད་པ། ཐ་རམས་གཡས་ལ་ཕུར་པ་གཡོན། ཕོ་ཉ་དྲེད་མོང༌། ཡུམ་ནི་ཞལ་གཅིག་ཕྱག་གཉིས་སེར་ལ་བརྗིད་པ། ལྡེའི་མིག་གཡས་ལ་ཕྱག་རྒྱ་གཡོན། གདུལ་བྱ་དུག་གི་དབང་དུ་བྱས་ན། ཕྲག་དོག་དང་ཉོན་མོངས་བདུད་བཞི། འཇོམས་བྱེད་གཉེན་པོའི་དབང་དུ་བྱས་ན། ཡངས་པ་འཕྲུལ་གྱི་ལྡེའུ་མིག་གོ སྐབས་འདིར་གསལ་བཤད་ཞུ་འདོད་པ་ཞིག་ལ། དབལ་ཕུར་ནག་པོའི་ལས་ཀྱི་ཕོ་ཉ་ལ། ཡབ་ཡུམ་ཐབས་དང་ཤེས་རབ་རྩ་བའི་ལྷ་ལས་སྤྲུལ་པའི་ཕོ་ཉ་ཉི་ཤུ་རྩ་དྲུག་སྟེ། ཡབ་ཀྱི་སྤྲུལ་པ་མཆེ་བ་ཅན་བཅུ་གཅིག་དང༌། ཡུམ་གྱི་སྤྲུལ་པ་གཤོག་པ་ཅན་བཅུ་གཅིག སྒོ་བ་བཞིའི་ཕོ་ཉ་བཞི་སྟེ་ཉི་ཤུ་རྩ་དྲུག་གོ་ཟ་བྱེད་སྤྲུལ་པའི་ཕོ་ཉ་ལ། ཁྲ་གསས་ཡབ་དང་ཁྱུང་སྨན་ཡུམ་དང༌། གསང་བའི་ཁྲ་ལྔ་དང༌། སྤྲུལ་པ་ལྔ་དང༌། གཅན་སྤྱང་ཡབ་ལྔ་དང༌། ཁྲ་སྤྱང་ལྔ་དང་སྤྲུལ་པ་ལྔ་སྟེ་ཉི་ཤུ་རྩ་བདུན་ནོ། ཡིད་སེམས་སྤྲུལ་པའི་ཕོ་ཉ་ནི། སེམས་ཀྱི་མ་མོ་བདུན་སྟེ། ཁྱོན་བསྡོམས་པས་ཕོ་ཉ་དྲུག་ཅུའོ། ཕྱག་རྒྱ་འཇིགས་ཚོགས་སྐབས་ཀྱི་ལས་སྦྱོར་གྱི་ཕོ་ཉའི་ངོ་བོར་བཞེངས་པའི་གར་འཆམ་ པ་གཉིས་པོ་ཡང༌། རྩ་བའི་ལྷ་ལས་སྤྲུལ་པའི་ཕྱོགས་སོ་སོའི་ཕོ་ཉ་རྣམ་གཉིས་ལས་ཁྲ་སྤྱང་རང་དུ་ངེས་དགོས་པའི་རྒྱུ་མཚན་ཁ་གསལ་གང་ཡང་མ་མཐོང་ངོ༌།།
བསྒྲལ་བསྟབ།
སྲིད་པའི་དབལ་བོན་སྟག་ལ་མེ་འབར་དེ་ཉིད། མ་སྤྲུལ་དངོས་སུ་བཞུགས་ཙམ་ན། སྲིད་པའི་རྒྱལ་པོ་སྟོན་པ་གཤེན་རབ་ཉིད་ལ། སྤྲུལ་པའི་དུས་སུ་གདུལ་བྱ་ལ་དགོངས་ཏེ་སྤྲུལ་པ་ཅིར་ཡང་སྟོན་པ་ཏེ། སྔོན་བསྐལ་པའི་རྒྱལ་པོ་སྲིད་པའི་དངས་མ་ལ། གནས་ཀྱི་རྒྱལ་པོ་དབལ་རི་ཟུར་གསུམ་དུ། སྤྲུལ་པའི་རྒྱལ་པོ་སྟག་ལ་མེ་འབར་དུ་སྤྲུལ། འཕྲིན་ལས་ཀྱི་རྒྱལ་པོ་དབལ་གྱི་ཕུར་ནག་བསྒྲུབ། ལུང་གི་རྒྱལ་པོ་ལྷ་མོ་ཐུགས་རྗེ་བྱམས་མས་བསྟན། མན་ངག་གི་རྒྱལ་པོ་དབལ་གཤེན་སྟག་ལས་བསྒོམ། ལྷ་གསས་ཀྱི་རྒྱལ་པོ་དབལ་གྱི་ཁྲོ་བོ་བཅུ་བསྐུལ། བྱིན་བརླབས་ཀྱི་རྒྱལ་པོ་སྤྲུལ་པའི་ཁྲོ་མོ་བསྒྲུབས། སྲུང་མའི་རྒྱལ་པོ་གླིང་བཞིའི་ས་བདག་བརྟེན། ཕོ་ཉའི་རྒྱལ་པོ་ཁྱུང་གི་བྱ་ཁྲ་རྦད། ཆོ་འཕྲུལ་གདུག་པའི་རྒྱལ་པོ་གཅན་སྤྱང་གདུག་པ་བཀྱེ། སྔགས་ཀྱི་རྒྱལ་པོ་ཕུར་པའི་སྟོང་འཛབ་བཟླས། དྲོད་ཚད་ཀྱི་རྒྱལ་པོ་རྨིག་པའི་མི་རྟས་བཟུང༌། རྟགས་ཀྱི་རྒྱལ་པོ་གནམ་ས་བྲག་ལ་བཏབ། སྲིན་པོའི་རྒྱལ་པོ་དྷ་ཤ་གྲི་བ་བསྒྲལ། བགེགས་ཀྱི་རྒྱལ་པོ་བྱིན་ན་ཡ་ཀ་བཏུལ། གཞན་ཡང་བདུད་ཀྱི་རྒྱལ་པོ་སྐྱེ་ཟ་ནག་པོ་དང༌། གནོད་སྦྱིན་གྱི་རྒྱལ་པོ་ཧ་ལ་གདོང་བརྒྱད་བཏུལ། གདུང་བ་སྲུང་མའི་ཚོགས་རྣམས་དམ་ལ་བཏགས་པའི་ཕྱིར་སྤྲུལ་པ་རྣམ་གསུམ་མཛད་དེ། དེ་ཡང་དང་པོ་བདར་གསས་སྨན་ཚོགས་སྲིད་པའི་ལྷ་མ་སྲིན་དང་ཆ་བསྟུན་ནས། ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པའི་ཀློང་ནས། གཅན་ཟན་མཆེ་བ་ཅན་དང་འདབ་ཆགས་གཤོག་སྡེར་ཅན་དུ་སྤྲུལ། སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད། དབལ་ཕུར་ནག་པོའི་བོན་བསྟན། སྲིད་པ་གཡུང་དྲུང་བོན་གྱི་བསྟན་པ་བསྲུང་བར་བསྐོས་སོ། འདབ་ཆགས་ཁྲ་རིགས་རྣམས་དང་ཆ་བསྟུན་ནས། སྐུ་གསུམ་འདུ་འབྲལ་མེད་པའི་ཕྱིར། ཁྱུང་ཁྲ་གོ་བོ་གསུམ། མཐུ་རྩལ་གཅིག་ཏུ་སྡོམ་པར་སྐུ་སྤྲུལ། མི་འགྱུར་སྐུ་ཡི་གཟི་བྱིན་བསྐྱེད། དབལ་ཕུར་ནག་པོའི་བོན་བསྟན། འགུག་བྱེད་ཕོ་ཉར་བསྐོས་བཏབ་བོ། དེ་ནས་གཅན་གཟན་གདུག་པ་ཅན་རྣམས་དང་ཆ་བསྟུན་ནས། རིག་པ་བྱིན་རླབས་དབྱེ་ཡི་མི་ཕྱེད་པའི་ཕྱིར། སྟག་སེང་ལྕེ་སྤྱང་གསུམ་མཐུ་རྩལ་བྱིན་རླབས་གཅིག་ཏུ་སྡོམ་པར་སྐུ་སྤྲུལ། དྲག་པོ་གདང་ཀྱི་བརྗིད་བསྐྱེད། དབལ་ཕུར་ནག་པོའི་བོན་བསྟན། མངག་པ་ལས་ཀྱི་ཕོ་ཉ་རུ་བསྐོས་བཏབ། ཆ་མཐུན་གདུལ་བྱའི་སྤྲུལ་པ་རྣམ་གསུམ་དེ་ལྟར་མཛད་དོ། དེ་ནས་དབལ་བོན་སྟག་ལ་མེ་འབར་གྱིས། སྲིད་པ་གཏིང་གི་མ་མོ་རྣམས་དམ་ལ་བཏགས་ཤིང་ལས་ལ་འཛུད་པའི་ཕྱིར། དབལ་བོན་ཉིད་ཀྱི་སྐུ་དངོས་སུ་ཕྱུང་ཏེ། སྣང་ཞིང་སྲིད་པའི་གཏིང་ཁམས་ཀྱི་མ་མོ་དང༌། བུད་མེད་དབལ་མོ་ཐམས་ཅད་དམ་ལ་བཏགས་ཏེ། དབང་དུ་སྡུད་པ་དང༌། ཟིལ་གྱི་གནོན་པའི་བྱིན་རླབས་འོད་ཟེར་བཀྱེའོ། དགོས་པ་ནི་ལྷ་གཤེན་བོན་དང་གསུམ་གྱི་དབུ་འཕང་བསྟོད་པ་དང༌། སྲིད་པ་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བ་དང༌། དམ་ལ་མི་གནས་པ་ཐམས་ཅད་དབང་དུ་སྡུད་ཅིང་སྒྲོལ་བར་བྱེད་པའོ། དབལ་ཕུར་ནག་པོ་དྲག་པོ་གཏིང་རྫོགས་སྤྱི་དོན་ཉི་ཤུ་རྩ་ལྔའི་ཁོང་ལོངས་སྤྱོད་ ཚོགས་འབུལ་གྱི་རིམ་པའི་སྐབས། དང་པོ་བསྒྲལ་བྱའི་ཞིང་དང༌། བར་དུ་བསྒྲལ་བའི་ཚུལ། ཅིའི་ཕྱིར་བསྒྲལ་བ། ཐ་མ་གང་ཟག་གང་གིས་བསྒྲལ་བ་བཅས་ངོས་བཟུང་བའོ། དང་པོ་བསྒྲལ་བྱའི་ཞིང་ལ། ཕྱི་ནང་གསང་གསུམ་ལས། ཕྱི་ལོག་འདྲེན་བསྒྲལ་བའི་ཞིང་བཅུ་ནི། ༡༽ བསྟན་པ་བོན་གྱི་བཀའ་གཅོག་པ་སྟེ་གཡུང་དྲུང་བོན་གྱི་བསྟན་པ་ལ་མི་མོས་མི་དད་ ཅིང་སླར་བསྐུར་པ་འདེབས་པའོ། ༢༽ གཤེན་གྱི་དཀོར་ལ་བརླམ་པ་སྟེ་དམ་པའི་གཤེན་དགེ་བའི་དོན་ལ་འདུན་པ་དང་བཅས་པ་ རྣམས་ཀྱི་དཀོར་ལ་རློམ་པའི་སྐུ་འཇོམས་པའོ། ༣༽ བསྟན་པ་ཁྱད་དུ་གསོད་པ་སྟེ་གཡུང་དྲུང་བོན་བྱ་བ་ཡེ་མེད་དོ་ཡོད་ཀྱང་རྫུན་ཟེར་ རོ། ༤༽ རུས་ཀྱི་ཕ་ཚན་སྙིང་ལོག་སྟེ་ཕ་ཚན་སྙིང་ལྟ་བུར་གཅེས་པར་བྱས་པ་སླར་ལོག་སྟེ་ དགྲ་དང་བསྡོངས་ཏེ་གནོད་པར་བྱེད་པའོ། ༥༽ བསླབ་པའི་སློབ་བུ་དམ་ལོག་སྟེ་དམ་པར་བཟུང་བའི་སློབ་མ་སླར་ལོག་སྟེ་བསྐུར་པ་ འདེབས་པ་རྣམས་སོ། ༦༽ བཅོལ་བའི་ལེ་གུ་ལྷ་ལོག་སྟེ་ཤིན་ཏུ་གུས་པའི་ལེ་གུས་ལྷ་དང་གསས་ལ་བཅོལ་བ་དེས། སླར་ལོག་སྟེ་ལྷ་དང་གསས་ལ་མི་གུས་མི་དད་པས་གཞན་གཙོར་ལེན་པའོ། ༧༽ སྲིད་པའི་གཏོ་ལ་འགལ་བ་སྟེ་གཡུང་དྲུང་བོན་གྱི་གཞུང་ལ་འགལ་ཞིང༌། ལུང་ལོག་ར་ཆོད་གཟུ་ལུམ་ཐོ་ཅོ་བྱེད་པའོ། ༨༽ གཤེན་དམ་གཉེན་པོ་དཀྲུག་པ་སྟེ་གཤེན་རབ་ལ་མངན་སེམས་དང༌། ཁ་ལོག་དང༌། བརྙས་གསོལ་པའོ། ༩༽ དམ་ཚིག་རྡོག་པས་གནོན་པ་སྟེ་མཁན་སློབ་དང་མཆེད་ལྕམ་ནང་དུ་དམ་ཚིག་ཟེར་བ་རྫུན་ ཡིན་ཟེར་ནས་ལས་ལོག་པ་སྣ་ཚོགས་བྱེད་པའོ། ༡༠༽ དགྲ་བོ་ལས་ངན་སྙིང་རྗེ་རྣམས་སྟེ་གཡུང་དྲུང་བོན་གྱི་བསྟན་པ་ལ་སྡང་དགྲ་གནོད་ བྱེད་དུ་གྱུར་པ་ཐམས་ཅད་དོ། གཉིས་པ་ནང་དུག་ལྔ་ལོག་རྟོག་འཁྲུལ་པའི་ཚོགས་ལ་ལྔ་སྟེ། ༡༽ གཏི་མུག་མུན་ལྟར་འཐིབས་པ། ༢༽ ཞེ་སྡང་མེ་ལྟར་འབར་བ། ༣༽ ང་རྒྱལ་སྤྲིན་ལྟར་འཁྲུག་པ། ༤༽ འདོད་ཆགས་ཆུ་ལྟར་འབྲུག་པ། ༥༽ཕྲག་དོག་རླུང་ལྟར་འཚུབས་པ། གཞན་ཡང་ལོག་རྟོག་མཚན་མ་ངན་པ་ལ་སོགས་ཏེ། ཉོན་མོངས་འཁྲུལ་པའི་ཚོགས་སུ་གྱུར་པ་ཐམས་ཅད་དོ། དེ་རྣམས་ལ་ནང་ནས་ལངས་པའི་བསྒྲལ་བའི་ཞིང་ཚོགས་ཞེས་བྱ་བའོ། གསུམ་པ་གསང་བ་དངོས་སྣང་འཁྲུལ་པའི་བྱུང་ཚོར་ལ་གསུམ་སྟེ། ༡༽ མེ་ཆུ་ས་རླུང་ལ་སོགས་ཕྱི་སྣོད་ཀྱི་བསྡུས་པའི་མ་དག་པའི་སྲིད་པ་དང༌། ༢༽ རྒྱུ་དྲུག་འཁོར་བ་ལ་སོགས་ཏེ་ནང་བཅུད་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད། ༣༽ ཕྱི་འཇིག་ཆགས་སྟོང་གནས། ནང་སྐྱེ་རྒ་ན་འཆི། གསང་བ་དུས་གསུམ་ལས་གྱུར་པའི་བློ་ཐམས་ཅད་དོ། དེ་རྣམས་ལ་གསང་བ་འཁྲུལ་སྣང་དངོས་པོའི་བྱུང་ཚོར་བསྒྲལ་བའི་ཞིང་ཚོགས་ཞེས་བྱ་ བའོ། བར་དུ་བསྒྲལ་བའི་ཚུལ་ལ། གཡུང་དྲུང་བོན་གྱི་བསྟན་པའི་བསྟན་པའི་སྤྱི་དགྲ། སྒྲུབ་གཤེན་བདག་ལ་སྡང་བའི་སྒོས་དགྲ། མདོར་ན་བསྒྲལ་བའི་ཞིང་བཅུ་རུ་གྱུར་པའི་སྡེ་ཚོགས་ཐམས་ཅད་གཤེན་གྱི་ཕོ་ཉས་ བཀུག་ཏེ་ལིང་ག་ལ་བསྟིམ། བསྒྲལ་བ་གོང་མ་ལྟར་ན་མདའ་ཡི་བསྣུན་ཞིང༌། འོག་མ་ལྟར་ན་རལ་གྲིས་ཕྱེ་མར་བཏུབ། གཞུང་དོན་དང་བསྟུན་ན་ཕུར་པས་བསྒྲལ་དགོས་པར་སྣང༌། རྒྱུ་དྲུག་མཉམ་པ་ཉིད་དུ་རྟོགས་པ་རང་བཞིན་གྱི་སྒྲོལ་བ་དང༌། བདག་གཞན་གཉིས་མེད་དུ་རྟོགས་པ་ཡེ་ཤེས་ཀྱི་སྒྲོལ་བ། ཉོན་མོངས་མི་གནས་དབྱིངས་སུ་དག་པར་བྱེད་པ་བྱིན་རླབས་ཀྱི་སྒྲོལ་བ་ཞེས་ཀྱང་ བྱའོ། འགུ་ཡ་སྲོག་འཛིན་གཡུང་དྲུང་གསང་བའི་རྒྱུད་ལས། ཚུལ་ཐབས་ཇི་ལྟར་བསྒྲལ་བ་ནི། ཏིང་ངེ་འཛིན་དང་གསང་སྔགས་དང༌། ཕྱག་རྒྱ་དག་པས་བག་ཆགས་སྦྱང༌། རྣམ་ཤེས་ཚོགས་བརྒྱད་ལྷར་བསྐྱེད་དེ། དབང་བསྐུར་འོག་མིན་གནས་སུ་འཕང༌། ཞེས་གསུངས་པ་ལྟར་རོ། ཅིའི་ཕྱིར་བསྒྲལ་བ་ནི། དེ་ཉིད་ལས། དགོས་པ་འདི་རྣམས་ལྡན་པ་སྟེ། སྒྲུབ་གཤེན་བྱང་ཆུབ་སྤྱོད་པ་འཕེལ། བསྒྲལ་བའི་སེམས་ཅན་དེ་ཉིད་བདེ། དམ་ཉམས་ལས་སོགས་བསྒྲལ་བ་ཡི། ཞི་ཁྲོའི་ལྷ་ཚོགས་མཉེས་པ་དང༌། གཞན་དོན་བྱས་པས་བདག་ཉིད་ཀྱི། དམ་ཚིག་ཉམས་པ་སྐོར་གྱུར་ཅིག ངན་སོང་གསུམ་པོ་བསྒྲལ་བ་ཡི། ཁོང་གི་ལས་ངན་བར་ཆད་པས། ཤིན་ཏུ་སྡུག་ཡུན་ཐུང་བ་དང༌། འཁོར་བ་ངན་སོང་གནས་པ་རྣམས། ཐར་པའི་ལམ་དུ་གྱུར་པའོ། ཞེས་གསུངས་པ་ལྟར་རོ། བསྒྲལ་བ་པོའི་གང་ཟག་གི་ངོ་བོ་ནི། དེ་ཉིད་ལས། གང་ཟག་གང་གི་སྒྲོལ་བ་ནི། ལྟ་སྤྱོད་ཏིང་འཛིན་འབྲེལ་བ་དང༌། གོམས་ཤིང་ཀློང་དུ་གྱུར་པས་བསྒྲལ། ཞེས་གསུངས་པ་ལྟར། རིག་པ་བཙན་ཐབས་སུ་གོང་སྤར་ནུས་པའི་རིག་འཛིན་གྱི་ལམ་མཆོག་བརྙེས་པ་ཞིག་ནི་མ་ མཐའ་དགོས་པར་སྣང་ངོ༌། དེ་ཡང་སྔོན་བྱུང་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྟག་ལྷ་དང་འབྲུག་གསས་མཁའ་འགྱིང༌། ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང༌། དེ་ནས་དབལ་བོན་ཆེན་པོ་བཅོ་བརྒྱད་ལ་སོགས་གྲུབ་པའི་མཚན་མ་མངོན་དུ་བརྙེས་པའི་ རྣལ་འབྱོར་ཤ་སྟག་གོ དེ་ལྟར་དུམ་བུར་གཏུབ་པའི་ཕྱེ་མ་རྣམས་ཕུད་དང་སྦྱར་ལ། ཕུར་ནག་སྲུང་མའི་ངོ་བོར་བཞེངས་པའི་གཡུང་དྲུང་བོན་སྐྱོང་བཀའ་སྲུང་རྣམས་ཀྱི་ འབན་དྷ་རུ་དྲངས་ཏེ་བསྟབ་པའི་ལས་རིམ་ལ་འཇུག་པ་ལ་ཡང། སྤྱི་དོན་ལྔ་ཡི་སྒོ་ནས་བསྟན་པ་སྟེ། ཏིང་ངེ་འཛིན་གྱི་སྒོ་ནས་བསྟབ་པ། ཚིག་བཤད་ཀྱི་སྒོ་ནས་བསྟབ་བ། སྔགས་ཀྱི་སྒོ་ནས་བསྟབ་པ། ཕྱག་རྒྱའི་སྒོ་ནས་བསྟབ་པ། རྫས་ཀྱི་སྒོ་ནས་བསྟབ་པའོ། དང་པོ་ཏིང་ངེ་འཛིན་གྱི་སྒོ་ནས་བསྟབ་པ་ནི། རང་བཞིན་དངོས་སུ་སྣང་བ་ཐམས་ཅད་མཁའ་དག་པའི་ངང་དུ་ཁྲོག་རླག་ཏུ་སོང་བ། དུག་ལྔ་གཡོ་འཁྲུགས་མཚན་མའི་ཚོགས་ཐམས་ཅད་ཀློང་ཀུན་འབྱུང་གི་ངང་དུ་ཁྲོག་རླག་ ཏུ་སོང་བ། ཕྱི་ནང་སྣོད་བཅུད་མ་ལུས་པ་ཤེས་པས་བསྡུས་པ་ཐམས་ཅད་དབྱིངས་མཚན་མ་མེད་པའི་ངང་ དུ་ཁྲོག་རླག་ཏུ་སོང་སྟེ་བསྟབ་པའོ། དེ་ལ་མཁའ་ཀློང་དབྱིངས་གསུམ་དུ་བསྟབས་པ་ཞེས་ཀྱང་བྱའོ། ཡང་ན་ཀུན་གཞི་རིག་པའི་ཡེ་ཤེས་སུ་རོལ་པས་དགོངས་པའི་ཡུལ་མི་གནས་པར་བསྟབ། ཀུན་གཞིའི་ཀློང་དུ་རོལ་པས་རང་བཞིན་ངང་ལ་མི་གནས་པར་བསྟབ། བོན་ཉིད་དབྱིངས་སུ་རོལ་པས་ཆེ་བའི་ཡོན་ཏན་དུ་མ་གནས་པར་བསྟབ། ཐུགས་རྗེས་སེམས་ཅན་ལ་སོགས་རོལ་པས་སངས་རྒྱས་ལ་རྟོག་པ་མི་གནས་པར་བསྟབ་པའོ། གཉིས་པ་ཚིག་གི་སྒོ་ནས་བསྟབ་པ་ནི། བསྟབ་པ་ཚོ་བཞིར་བྱ་སྟེ། བསྒྲལ་བའི་ཞིང་བཅུ་དུམ་བུར་བཏུབ་པའི་ཕྱེ་མ་རྣམས། ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང༌། ཁྲ་ཐབས་གཟེ་མ་ཉི་ཤུ། སྒོ་བ་ཡབ་ཡུམ། ནམ་མཁའི་ཁྲ་ཚོགས། བར་སྣང་གཅན་ཚོགས། གཏིང་ཁམས་བུད་མེད། ས་བདག་མ་ཚོགས་ལས་མཁན་ཕོ་ཉ་སོགས་ཀྱི་ཞལ་དུ་བསྟབ་པའོ། སྔགས་ཀྱི་སྒོ་ནས་བསྟབ་པ་ནི། ཏི་སྟ་ཤ་ཏྲུམ་མ་ར་ཡ་ཁ་ཁ་ཁ་ཧི། ཞེས་པས། ཏི་སྟ་ནི་བརྟན་པར་བཞུགས་པའི་ཕུར་ནག་གི་ལྷ་ཚོགས་རྣམས་སོ། ཤ་ཏྲུམ་ནི་གཟས་པའི་འབེན་ནོ། མ་ར་ཡ་ནི་དུག་གསུམ་ངན་འགྲོ་གསུམ་གྱི་གནས་གཅོད་དེ་སྟོང་པར་བྱས་པའོ། ཁ་ཁ་ཁ་ཧི་ནི་ཞལ་དུ་གདངས་ཤིག་གསོལ་ཤིག་ཅེས་པའོ། ཕྱག་རྒྱའི་སྒོ་ནས་བསྟབ་པ་ནི། ལག་པ་གཡས་གཡོན་གཉིས་སྲིན་པོ་ཕོ་མོའི་སྤར་བ་གདེངས་ཤིང་བཅས་པའོ། རྫས་ཀྱི་སྒོ་ནས་བསྟབ་པ་ནི། གཟས་པ་པོའི་འབེན་གྱི་ལིང་ག་ལ། ཕོ་ཉས་བཀུག་གཞུག་ཡང་ཡང་བྱ་སྟེ། ཤིན་ཏུ་གསལ་བའི་དངོས་པོ་ལ། ཕུར་པ་གདབ། མཚོན་གྱིས་གཏུབ། དུམ་བུར་གཏུབ་པའི་ཕྱེ་མ་ཚོགས་ཀྱི་ལྷག་མ་དང་བསྲེས་ཏེ། དགྲ་བགེགས་ཤ་ཁྲག་ལོངས་སྤྱོད་དུ་དམིགས་ཏེ་བསྟབ་པའོ། དེ་ལྟར་བསྟབ་པ་ཚོ་བཞི་གྲུབ་ནས་དབལ་ཕུར་རྒྱུད་བསྐངས་དང༌། ཁྱད་པར་བསྐངས་བ་བཅས་ཀྱི་རིམ་པ་རྫོགས་ནས། དྲལ་བཞི་ལྕམ་བརྒྱད་འཆམ་སྲོལ་ཡོད་པས། དྲྭ་བ་གསང་སྒྲུབ་ལྟར་དེ་དོན་ཅུང་ཙམ་འཆད་པ་ལ། མི་བདུད་འབྱམས་པ་ཁྲ་མགོ་དང་སྲིན་མོ་ལིང་ཙེ་སྔོན་མར་བཤོས་པ་ལས། བདུད་སྲས་ལྕམ་དྲལ་བརྒྱད་དུ་བྱུང་བ་ལ། དྲལ་བཞི་ལྕམ་བརྒྱད་དུ་གྲགས་པའོ། དྲལ་པོ་སྟེ་མིང་པོ་བཞི་དང༌། ལྕམ་མོ་སྟེ་སྲིང་མོ་བཞིའོ། འདི་དག་ཐམས་ཅད་ཡེ་སྲིད་གཡུང་དྲུང་བོན་གྱི་སྒྲ་བླ་ཡིན་པ་མ་ཟད།་ བསྟན་སྐྱོང་རྣམ་གསུམ་གྱི་ནང་ནས་མི་བདུད་འབྱམས་པའི་སྐུ་སྲས་དང་ལས་བྱེད་ཀྱི་ ཕོ་ཉ་ཀྱང་ཡིན་ནོ། དྲལ་པོ་བཞི་ཡི་དང་པོ། ཕུ་བོ་ལུས་གཅིག་མགོ་དགུ་པོ། སྐུ་མདོག་ནག་པོ། ལུས་ལ་སྦྲུལ་གྱི་དཔྱང་བུ་གོན་པ། ལག་ན་གཅོད་པའི་སྟ་རེ་ཐོག་པ། བདུད་བྱ་སྐྱུང་ཁ་ཆིབས་སུ་བཅིབས་པ། ཞལ་རྒུས་སྐྱེ་འགྲོའི་ཤ་ཁྲག་བཟའ་བ། གཉིས་པ་དེའི་ནུ་བོ་དགྲ་བདུད་ཐང་པོ་གསེར་མིག སྐུ་མདོག་ནག་པོ། འཇིགས་པའི་སྐུ་ལ་དཔའ་བའི་ཆས། སྐྱིན་དང་མཚོན་གྱི་སླག་པ་གསོལ་བ། ལག་ན་མཚོན་གྱི་གཟེ་མ་ཐོག་པ། བདུད་བྱ་སྐྱུང་ཀ་རྟ་རུ་ཞོན་པ། གསུམ་པ་དེའི་ནུ་བོ། བདུད་པོ་རྙོབ་པ་ལག་རིང༌། སྐུ་མདོག་ནག་པོ་འཇིགས་ལ་མཆེ་བ་བརྩིགས་པ། སྲིན་པོ་བསྒྲལ་བའི་གཡང་གཞི་སྐུ་ལ་གསོལ་བ། ལག་ན་ལྕགས་ཀྱི་དྲིལ་ཞགས་འདོམ་དགུ་ཐོག་པ། ཆིབས་སུ་བདུད་བྱ་སྐྱུང་ཀ་ལ་བཅིབས་པའོ། བཞི་པ་དེའི་ནུ་བོ་བདུད་པོ་ཐང་གཡག་བཙན་པོ། སྐུ་མདོག་ནག་པོ། འཇིགས་པའི་ཆས་ལ་མཆེ་བ་བརྩིགས་པ། སྐུ་ལ་སྟག་གི་གཡང་གཞི་གསོལ་བ། ལག་ན་སྲོག་གི་རྐྱལ་པ་ཐོགས་པ། བདུད་བྱ་སྐྱུང་ཀ་རྟ་རུ་ཞོན་པའོ། ལྕམ་མོ་བཞིའི་དང་པོ་བདུད་ཀྱི་ལྕམ་མོ་འཐིང་རིལ་མ། སྐུ་མདོག་ནག་མོ། འཇིགས་པའི་བུད་མེད་རལ་པ་ཅན། སྐུ་ལ་ཆུ་སྦྲུལ་སླག་པ་གསོལ། ཕྱག་ན་སྒྲིབ་ཤིང་མེ་ལོང་བསྣམས། ཆིབས་སུ་སོ་བྱ་རོག་མོ་བཅིབས། གཉིས་པ་དེའི་ནུ་མོ་བདུད་ལྕམ་ངར་མོ་ཐོག་འབེབ་མ། སྐུ་མདོག་ནག་མོ། སྐུ་ལ་མ་ཏྲང་འཕྲུལ་གྱི་སླག་པ་གསོལ་བ། ལག་ན་ཐོག་མདའ་དམར་པོ་འཕེན་པ། ཆིབས་སུ་སོ་བྱ་རོག་མོ་བཅིབས་པའོ། གསུམ་པ་དེའི་ནུ་མོ་བདུད་ལྕམ་བདུད་ཟ་གསེར་མགོ་མ། སྐུ་ལ་གཞའ་ཚོན་སླག་པ་གསོལ་བ། སྲོག་གི་གའུ་དམར་པོ་ལག་ན་ཐོག་པ། སོ་བྱ་རོག་མོ་ཆིབས་སུ་བཅིབས་པའོ། བཞི་པ་དེའི་ནུ་མོ་བདུད་མོ་ཁ་ལྕམ་དུག་ཆུ་མ། འཇིགས་པའི་ཞལ་ནས་ནད་གཏོང་མ། སྐུ་ལ་རླུང་གི་གོ་ཟུ་གསོལ་བ། ལག་ན་ཤ་བཟུངས་དམར་པོ་ཐོག་པ། སོ་བྱ་རོག་མོ་རྟ་རུ་བཅིབས་པའོ། དེ་ལྟར་དྲལ་བཞི་ལྕམ་བརྒྱད་ཀྱི་ཚོམ་རྔམས་གྲུབ་ནས། སྙན་གསན་དབབ་ཅིང་ཚོགས་ཀྱི་སྨོན་ལམ་ཕུར་པའི་དགོངས་གསོལ་གོང་འོག་བར་གསུམ་ ལེགས་པར་གྲུབ་མཚམས། བསྟན་སྲུང་བོན་སྐྱོང་རྣམས་ཀྱིས། བླ་མ་བོན་བསྐོར་བ། སངས་རྒྱས་སྨན་རི་བ། ཞེས་དམུ་རྒྱལ་གཤེན་གྱི་བསྟན་པའི་རྒྱུད་འཛིན་པའི་དཔལ་ལྡན་བླ་མ་སྤྱི་དང༌། སྒོས་རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པའི་སྲོལ་འཛིན་པའི་བསྟན་འཛིན་གྱི་སྐྱེས་ ཆེན་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་མཁའ་ཀློང་དབྱིངས་སུ་རྒྱས་གདབ་སྟེ་ཁྲོ་བོ་རོལ་པའི་གར་དང་ཁྲོ་མོ་རྔམ་པའི་གར་གྱིས་ལས་ཀྱི་མཐའ་བསྡུ་བར་མཛད་པའོ།