གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་ཆུ་སྟག་ལོའི་བོད་ཟླ་དང་པོའི་ཚེས༡༥ ཕྱི་ལོ་༢༠༢༢ ཟླ་༣པའི་ཚེས་༡༨ ཉིན།
རྩོད་ལྡན་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་གཡུང་དྲུང་བོན་གྱི་བསྟན་པའི་ཤིང་རྟ་ཆེན་མོ་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་གནས་མཆོག་དམ་པ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ཧྲིལ་པོ་༡༨༠༣༩ འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་།
སྐབས་༢༡པའི་དགེ་བཤེས་དམ་བཅའ་ཆེན་མོའི་ཉིན་གཉིས་པ་བཅས་དུས་གཅིག་ཏུ་འཁེལ་ཡོད་པ་དང་། འཆར་ཅན་ལྟར་དེ་ཡང་བོད་ཚེས་༡༤ཉིན་གྱི་ཞོགས་པའི་ཕྱག་ཚོད་དྲུག་པ་ནས་བཟུང་<གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ཆོག་>གི་དཀྱིལ་འཁོར་ཞལ་ཕྱེས་ནས་ཉིན་འགྱངས་གཉིས་རིང་དགེ་སྤྱོད་ཀྱི་གཞུང་བསྲངས་ཡོད་པ་དང་།
དེ་ཡང་སྔ་དྲོའི་ཆུ་ཚོད་༡༠།༠༠ཐོག་རྡོ་ཏིང་དང་ཚོགས་བརྡ་བཏངས་རྗེས་༧སྨན་རིའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གཡས་གཡོན་ནས་སྤོས་གླིང་གི་གདན་འདྲེན་དང་སྦྲགས། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་དང་དཀའ་ཆེན་དྲང་སྲོང་རིན་ཆེན་དོན་འགྲུབ་དབང་ཕྱུག་བཅས་ཤར་སྒོ་ནས་སྤོས་གླིང་གི་གདན་འདྲེན་དང་།
ལྷོ་སྒོ་ནས་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་དང་དཀའ་ཆུང་དྲང་སྲོང་འཆི་མེད་གཡུང་དྲུང་རྒྱལ་པོ་བཅས་སྤོས་གླིང་གིས་དུས་གཅིག་ཏུ་ཕྱོགས་ནས་དབུས་ཚོགས་ཁང་རྡོ་ཅལ་ནས། རིམ་བཞིན་སྔ་ཕྱི་བསྟར་འཕྲེང་གིས་གཤེན་གྱི་འདུལ་ཁང་ཆེན་མོར་གདན་ཞུ་དང་ཁྲི་ལ་བཞུགས་གསོལ་གྲུབ་རྗེས།
སྐབས་ཉེར་གཅིག་པའི་བཀའ་རམས་པ་བསླབ་པ་རྒན་རིམ་ལྟར་ངག་རྒྱུགས་ཕུལ་བ་དང་། ཕྱི་དྲོ་ཕྱག་ཚོད་གཅིག་དང་ཕྱེད་ཀ་ནས་ལྔ་པའི་བར་དགེ་བཤེས་རྣམ་པ་གཙོས་རྫོགས་ཆེན་དང་སྔགས་འཛིན་གྲྭ་གོ་རིམ་བཞིན་རྟགས་བསལ་བཏང་ཡོད་པ་རེད།
དེ་ཡང་དགོང་མོ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་སེར་སྐྱ་མི་མང་ཡོངས་ཀྱིས་ཕྱག་ཏུ་མར་མེ་བསྣམ་ནས་སེར་ཕྲེང་ངང་ནོར་བུ་དགའ་འཁྱིལ་དང་གླིང་བསྐོར་སོགས་ཕེབས་པ་དང་སྟོན་པའི་སྐུ་བརྙན་མཇལ་ཁ་ཞུས་པ་བཅས་ཀྱི་གནས་བསྡུས་སོ།།
བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་གིས་དངོས་གཞིའི་རྩོད་རྒྱུགས་དམ་བཅའི་སྐོར་ངོ་སྤྲོད་གནང་བ་གཤམ་གསལ།
ཞོགས་པ་ཕྱག་ཚོད་བཅུ་པའི་ཐོག་རྡོ་ཏིང་དང་གྷན་དྷེ་དུང་ཆེན་རྣམས་དུས་གཅིག་ཏུ་འབུད་བརྡུང་སྔར་མུས་ལྟར་བྱ། ༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པ་དང་བཤད་སྒྲུབ་མཁན་སློབ་རྣམས་གདན་ཞུ་བྱ་ཕྱོགས་ཀྱང་སྔོན་འགྲོའི་གཞུང་བཤད་སྐབས་ཀྱི་གདན་ཞུས་གནང་ཕྱོགས་དང་གཅིག་མཚུངས་ཡིན། འདུལ་ཁང་དུ་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་རྣམས་ཚོགས་གྲལ་དུ་འཁོད་གྲུབ་པའི་རྗེས། འདུས་མང་ནས་བྱམས་མའི་སྔགས་བསྟོད་དང་ཇ་མཆོད་ཟླ་བྲལ་ཨ་དཀར་སོགས་གྱེར་གྲུབ་རྗེས་འབྲས་སིལ་དང་གསོལ་ཇ་ལ་རོལ། ཚོགས་ཆེན་དགེ་སྐོས་ལགས་ནས་སྐབས་བབས་ཀྱི་བཀའ་རམས་པ་གཉིས་ལ་ཆབ་ཕུལ་རྗེས། བཀའ་རམས་པས་གྲལ་མཇུག་ནས་གུས་ཕྱག་ལན་གསུམ་ཕུལ་ཏེ་རྟེན་གཙོ་དང་མཁན་སློབ་རྣམ་པ་མཇལ་ཁ་སྔར་མུས་ལྟར་ཞུས་ཏེ་གྲལ་མཇུག་ཏུ་ཕེབས་ཤིང་འདུལ་ཆས་ལེགས་པར་གསོལ།
སྐབས་དེར་གོ་སྒྲིག་ཚོགས་ཆུང་ནས་དམ་ཁྲི་སྒྲིག་དགོད་བྱ། དཀའ་ཆེན་དཀའ་ཆུང་བཅས་དམ་ཁྲིར་འཁོད་དེ་རྟེན་གཙོའི་སྐུ་བརྙན་མདུན་ཞལ་ཡར་ཕྱོགས་ཏེ་དཀའ་ཆེན་པས་མཚན་ཉིད་དམ་བཅའི་དབུ་འཆད་པད་དཀར་ཆུན་པོ་དང་། དཀའ་ཆུང་པས་དམ་བཅའི་ཚིག་བཤད་མན་དྷ་ར་བའི་འཕྲེང་བ་གཉིས་ངག་རྒྱུགས་གྲུབ་མཚམས་ཞལ་ཕྱིར་བསྒྱུར་ཏེ་བཞུགས་དགོས། འདུས་མང་ནས་བར་ཆད་ལམ་སེལ་གསུངས་ཏེ་ཚོགས་གྲོལ། ཉིན་གུང་ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཀ་ནས་བཅུ་གཉིས་བར་གྱི་འགྲོ་སྟངས་སྔོན་འགྲོའི་གྱེར་རྒྱུགས་སྐབས་དང་གཅིག་མཚུངས་ཡིན།
ཉིན་གུང་ཕྱག་ཚོད་དང་པོའི་ཐོག་མཁན་སློབ་རྣམ་པ་དམིགས་བསལ་གདན་ཞུ་སོགས་བྱ་མི་དགོས་པར་སྒྲིག་རང་འཁུར་གྱིས་ཚུལ་དུ་ཕེབས་སྲོལ་ཡོད། གྷན་དྷེ་བརྡུངས་ནས་ཐམས་ཅད་འདུལ་ཁང་དུ་འཚོགས་དགོས། བཀའ་རམས་པ་རྣམ་གཉིས་དམ་ཁྲིར་བཞུགས་མཚམས།
གོང་རིམ་བཞིན་དགག་སྒྲུབ་ཀྱི་མཆོད་འབུལ་གནང་མཁན་རིགས་སྨྲ་བ་དགེ་བའི་བཤེས་གཉེན་རྣམས་དང་། དེ་ནས་རིམ་བཞིན་སློབ་གཉེར་བ་རྣམས་ལ་ཚོགས་ཆེན་དགེ་སྐོས་ནས་ཆབ་བརྒྱག་དགོས། སྐབས་འདིར་དགེ་བའི་བཤེས་གཉེན་རྣམས་ནས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་གཙོ་བོར་མཛད་དེ།
གྲོལ་ལམ་སེམས་ཕྱོགས་ཀྱི་གཞུང་ཆེན་ཁག་ལས་འཕྲོས་པའི་རྟགས་གསལ་གནད་དུ་ཁེལ་བ་རྩོད་དགོས། དེ་རྗེས་ལོ་རིམ་རྒན་གཞོན་བཞིན་སློབ་གཉེར་སྡེ་ཚན་ཁག་སོ་སོས་བསྒྱུར་ལམ་སྔགས་དང་སྤང་ལམ་མདོ་ཡི་སྐོར་ལ་དགག་སྒྲུབ་དཀའ་གནད་འཁེལ་བ་གནང་དགོས། མདོར་ན་མཚན་ཉིད་པོད་ཆེན་དྲུག་དུ་གྲགས་པའི་ཚད་མའི་གཞུང་ཆེན་དང། ཕར་ཕྱིན་གྱི་གཞུང། མཛོད་ཀྱི་གཞུང། འདུལ་བའི་གཞུང།
དབུ་མའི་གཞུང། རྗེ་ཡི་གསང་དོན་རྣམ་འབྱེད་གཙོ་བོར་བཟུང་ནས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ནས་དགག་སྒྲུབ་ཀྱི་མཆོད་འབུལ་གནང་དགོས། ཕྱིར་རྒྱག་པའི་ལམ་སྲོལ་མེད། འཁོར་གསུམ་གྱི་བརྡ་ལ་རྔ་བརྡུང་གི་མཆོད་པ་འབུལ་དགོས། ཕྱག་ཚོད་གསུམ་པའི་ཐོག་འདུས་མང་ནས་བར་ཆད་ལམ་སེལ་གསུངས་ནས་སྐར་མ་བཅུ་ཡི་རིང་བར་གསེང་ཆེད་ཚོགས་གྲོལ། དེ་ནས་བསྐྱར་ཚོགས་གནང་སྟེ་ཕྱག་ཚོད་ལྔ་པའི་བར། སྒྲུབ་དང་སུན་འབྱིན་གྱི་གནས་ལ་དགག་བཞག་ཚུལ་བཞིན་གནང་སྟེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་པ་ཞིག་བྱ་དགོས་སོ། །
བརྙན་ལེན་པ། ཁྱུང་ཁྲི་རྒྱལ།