སྨན་རིའི་དགེ་བཤེས་སེམས་དཔའ་རྒྱལ་མཚན་ནོར་བུ་ལགས་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་དུ་ཁྲི་བཞེངས་མཛད་པ།

གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༥༩ བོད་ཆུ་སྟག་ལོའི་རྟ་པ་ཟླ་བའི་ཚེས་ལྔ་སྟེ།

ཕྱི་ལོ་༢༠༢༢ལོའི་ཟླ་༣ཚེས་༧ཉིན་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་ཉིན་སྔ་དྲོའི་ཕྱག་ཚོད་༨།༣༠ཐོག དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ལྟར།

༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གིས་གོ་སྒྲིག་གནང་སྟེ། དགེ་བཤེས་སེམས་དཔའ་རྒྱལ་མཚན་ནོར་བུ་ལགས་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་མངའ་གསོལ་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ། དེ་ཡང་སྔར་སྲོལ་ལྟར་སྨན་རིའི་མཁན་སློབ་རྣམས་ཀྱི་སྐུ་ཚབ་ཁག་དང་།

དབུས་གཡུང་དྲུང་འཛིན་སྐྱོང་ལྷན་ཚོགས། སྨན་རིའི་གྲྭ་ཚང་། བཙུན་དགོན་རཏྣ་སྨན་གླིང་། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་། བོན་གཞིས་ཐོབ་རྒྱལ་གསར་པའི་མི་མང་བཅས་སེར་སྐྱ་མང་ཚོགས་ཡོངས་ནས་མ་འདལ་འདེགས་འབུལ་དང་རྟེན་འབྲེལ་ལྷ་དར་བསྒྲོན་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

པར་པ། མཁས་གྲུབ་རིན་ཆེན།

དགེ་བའི་བཤེས་གཉེན་སེམས་དཔའ་རྒྱལ་མཚན་མཆོག་གི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པ་དད་ལྡན་མོས་གུས་གསོས་འབྱེད།

རྩ་བ་དང་བརྒྱུད་པས་བསྡུས་པའི་བླ་མ་དམ་པ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་དྭངས་པས་སྐྱབས་སུ་མཆིའོ།།

ཇི་སྐད་དུ།

གང་ཞིག་གཡུང་དྲུང་སེམས་དཔའ་ཞེས།།
དེ་ཉིད་སློབ་དཔོན་གཟུགས་འཛིན་ནས།།
སེམས་ཅན་ཕན་གདགས་དམིགས་ནས་ནི།།
ཐ་མལ་པ་ཡི་གཟུགས་སུ་གནས།།

ཞེས་པའི་ལུང་གིས་གདམས་པ་ལྟར། ལར་རྒྱལ་སྲས་འཕགས་པ་གང་དང་སྐྱེས་བུ་དམ་པ་རྣམས་ཀྱིས་གདུལ་བྱ་གཞན་དོན་དུ། ཐབས་མཁས་ཀྱིས་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་སྐྱེ་བོ་ཐ་མལ་གྱི་ཚུལ་བཟུང་ནས་འཇིག་རྟེན་གྱི་ཞིང་དུ་བྱོན་དང་འབྱོན་པར་གསུངས་པ་ལགས་ན། ཕྱིའི་ཆས་དང་མཛད་ཚུལ་ཐ་མལ་དུ་སྣང་ཙམ་གྱིས་ནང་གི་ཤེས་རྒྱུད་ལའང་དེ་བཞིན་སྤུ་རིས་འབྱེད་ཚོད་མི་ཐེག་ནའང་། སྐྱེས་བུ་དམ་པའི་ངང་ཚུལ་གྱི་མཛད་པ་དང་ཡོན་ཏན་དངོས་སུ་མཐོང་ཐོས་ཅི་མངའ་བ་དེ་དག་ལ་ཡིད་ཆེས་དང་མོས་གུས་སྐྱེད་ཅིང་རྗེས་སུ་འབྲེང་སྟེ། བསམ་པ་དང་། འབྲི་བ་དང་། སྤེལ་བར་བྱ་བ་ནི་གལ་ཆེ་བར་ཡང་ཡང་གསུངས་པ་ལྟར། དགེ་བའི་བཤེས་གཉེན་མཆོག་གི་རྣམ་ཐར་ལོ་རྒྱུས་ཅུང་ཟད་འགོད་པ་ལ་ཚད་མེད་བཞི་ཡི་གྲངས་སུ་བཟུང་སྟེ། འཁྲུངས་གཞིས་དང་ཆོ་འབྲང་གི་གདུང་རྒྱུད་གང་ཡིན་སྐོར་དང་། རབ་ཏུ་བྱུང་སྟེ་དཀའ་སྤྱད་ཀྱིས་བོན་ལ་ཐོས་བསམ་སྒོམ་པ་ཇི་ལྟར་མཛད་ཚུལ་དང་། བླ་མའི་བཀའ་བཞིན་བསྟན་པ་སྤྱི་ཕན་གྱི་ཞབས་ཞུ་སྒྲུབ་ཚུལ། གདུལ་བྱ་གཞན་དོན་དུ་བོན་གྱི་འཆད་ཁྲིད་གནང་ཚུལ་བཅས་ས་བཅད་རྣམ་པ་བཞིའི་ལམ་ནས་འཆད་པ་ལ།

དང་པོར། འཁྲུངས་གཞིས་ནི་མདོ་ཁམས་ས་ཡི་ཐིག་ལེ་རྔུལ་རྫ་ཟལ་མོའི་སྒང་སྟོད་ཧོར་སྦྲ་ཆེན་ཕྱུག་མོའི་མངའ་ཁོངས་དྲུག་ཅུའི་སྡེ་ཤོག་བླའུ་ཡར་ཐང་ཞེས་བྱ་བའི་གནས་དེར། ཡབ་སྔགས་རྒྱུད་ཁྱད་འཕགས་ཨ་སྐྱིད་ཀྱི་གདུང་འཛིན་སྦྱིན་པ་དང་ཡུམ་བྲུ་བཟའ་བསོད་ནམས་དགའ་སྐྱིད་གཉིས་ཀྱི་སྲས་སུ་བོད་ཤིང་སྟག་ཕྱི་ལོ་༡༩༧༤ ལོར་སྐུ་འཁྲུངས་ཤིང་མཚན་ལ་ལྷག་པ་དབང་འདུས་ཞེས་འབོད། དེ་ནས་དྲིན་ལྡན་ཡབ་ཡུམ་ཟུང་གིས་བྱམས་སྐྱོང་དང་ལམ་སྟོན་འོག་འཚར་ལོངས་བྱུང་ཞིང་རང་ལོ་བཅུ་ཙམ་ནས་རྫོང་སློབ་ཆུང་དུ་འཛིན་རིམ་དྲུག་པ་བར་བོད་རྒྱའི་ཡིག་རིགས་སོགས་སློབ་གཉེར་གནང་། དེ་རྗེས་ཕ་མ་དང་ཞང་ཚང་ནས་ཁྱིམ་གཞི་སྐྱོང་དགོས་ཀྱི་རེ་འདུན་ནན་པོ་བཅོལ་བར་བརྟེན་སློབ་གྲྭར་མུ་མཐུད་བསྐྱོད་མ་ཐུབ་པར་གྱུར་པས། ནང་ནས་ཕ་མའི་ཞབས་ཞུ་དང་ཞོར་དུ་གསང་སྔགས་ཕྱི་ནང་གི་གཞུང་ཆོག་དང་འབྲེལ་བའི་ཕྲིན་ལས་བཅའ་འདོན་གྱི་སྐོར་ལ་གང་ལྕོགས་སྦྱོང་བརྩོན་གནང་བའོ། །

གཉིས་པར། རབ་ཏུ་བྱུང་སྟེ་བོན་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་བློ་སྦྱོང་མཛད་ཚུལ་ནི། རང་ལོ་ཉེར་གཉིས་མཚམས་སུ་བཅོས་མིན་གྱི་ངེས་འབྱུང་གཤའ་མས་རྒྱུད་ཡང་ཡང་བསྐུལ་བས། ཧོར་སྦྲ་ཆེན་རྟོགས་ལྡན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་མཆོག་གི་དྲུང་ན་རབ་ཏུ་བྱུང་སྟེ་གཙང་ཁྲིམས་ཉེར་ལྔའི་བསླབ་སྡོམ་ཚུལ་བཞིན་ནོས་པས་ཚུལ་མཚན་ལ་དགེ་སེམས་མཐར་ཕྱིན་ཞེས་པར་གནང་། རག་ཤི་རྟོགས་ལྡན་རིན་པོ་ཆེའི་སྐུ་གམ་ནས་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་སྔོན་འགྲོ་དང་དངོས་གཞི་ངོ་སྤྲོད་འཕོ་བ་བཅས་ཀྱི་ཁྲིད་ལུང་ཆ་ཚང་ཞུས། དེ་ནས་རང་དགོན་ཨ་ཀྲོང་རི་ཁྲོད་གཡུང་དྲུང་མཐོང་གྲོལ་གླིང་དུ་སྔར་ཞུས་པའི་རྫོགས་ཆེན་ཨ་ཁྲིད་ཀྱི་སྔོན་འགྲོ་བསགས་སྦྱངས་ཞག་བརྒྱ་དང་དངོས་གཞིའི་ཉམས་ལེན་བཅས་ཚང་བར་གནང་། ཨ་ཀྲོང་རི་ཁྲོད་ཀྱི་བླ་མ་ཚུལ་ཁྲིམས་དཔལ་ལྡན་མཆོག་གི་དྲུང་ནས་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཁྲིད་ལུང་ཞུས་ཏེ། རྩ་རླུང་གཏུམ་མོའི་ཉམས་ལེན་ཞག་བརྒྱ་དང་བཅུད་ལེན་བཅས་མཐར་ཕྱིན་པར་མཛད། དེ་རྗེས་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་དངོས་སུ་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་པའི་གནས་ཆེན་ཐུགས་སྤྲུལ་ཀོང་པོ་བོན་རི་དང་རྩ་རི་བཅས་གནས་དང་གནས་ཆེན་དུ་མར་མཇལ་བསྐོར་དུ་ཕེབས། ཕྱི་ལོ་༢༠༠༡ ལོར་འཕགས་ཡུལ་བོན་གྱི་༸གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་དྲུང་དུ་དབང་ལུང་ཁྲིད་སོགས་ཞུ་འདུན་གྱིས། སྟོད་གངས་ཏི་སེའི་ཕྱོགས་ནས་བལ་པོའི་མངའ་ཁོངས་དོལ་པོའི་ཕྱོགས་སུ་བྲོས་བྱོལ་དུ་ཕེབས། དེར་ཡང་སྟོན་གྱི་གདན་ས་བསམ་གླིང་དགོན་དང་མཐའ་ཚང་མཚོ་གླིང་དགོན་སོགས་ལམ་བར་དུ་མཇལ་བསྐོར་ཞུས། དེ་ནས་བལ་ཡུལ་རྒྱལ་ས་ཡམ་བུའི་ཉེ་འགྲམ་དུ་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཕྱག་བཏབ་མཛད་པ་༸གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་དངོས་སུ་མཇལ་སྐལ་ཐོབ་ཅིང་དེར་ཟླ་བ་གཅིག་རིང་གནས་སྡོད་གནང་། ལོ་དེའི་ཕྱི་ཟླ་བཅུ་གཅིག་ནང་ཐོག་མའི་དམིགས་འདུན་བཞིན་འཕགས་ཡུལ་ཧི་མ་ཅལ་གྱི་མངའ་ཁོངས་སུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ཕྱག་བཏབ་མཛད་པ་༸བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་འབྱོར་ཐུབ་པར་བྱུང་། ལོ་དེར་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་དྲུང་ནས་སྔར་སྲོལ་གྲྭ་ས་གོང་མའི་ཕྱག་ལེན་བཞིན་སོ་ཐར་གཙང་གཙུག་གི་བསྲུང་ཁྲིམས་ཉེར་ལྔ་རྫོགས་པར་ཞུས་པས་རབ་བྱུང་གི་མཚན་ལ་སེམས་དཔའ་རྒྱལ་མཚན་ཞེས་གནང་མཛད། དེ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་སློབ་གཉེར་དངོས་སུ་གནང་བའི་སྐལ་བཟང་གི་འགོ་བརྩམས་ཏེ། བགྲང་བྱ་མི་ལོ་བཅོ་ལྔའི་རིང་དུ་མཚན་ཉིད་ཀྱི་རྨང་གཞི་རིག་ལམ་བསྡུས་གྲྭ་ཚད་མ་གྲུབ་མཐའ་ནས་བཟུང་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་འབད་པ་ལྷོད་མེད་གནང་བ་མ་ཟད། ཐུན་མོང་ཞང་བོད་རིག་པའི་གནས་ཀྱི་གཞི་མ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་སྨན་རྩིས། དཀྱིལ་འཁོར་དང་སྐུ་གདུང་ཐིག་རྩ་སོགས་ལའང་རིས་མེད་ཀྱི་གསན་བསམ་ཚུལ་བཞིན་གནང་། གོང་དུ་མདོ་འདུལ་བའི་འཛིན་གྲྭ་སླེབས་མཚམས་སུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་ཁྲིམས་རྫོགས་པར་ནོས་པས་དྲང་སྲོང་གི་མཚན་ལ་སེམས་དཔའ་རྒྱལ་མཚན་ནོར་བུ་ཞེས་པར་གནང་མཛད་དོ། །དེ་ལྟར་རང་གཞན་གྱི་དོན་དུ་བོན་སྒོ་ཕྱི་ནང་གང་ལའང་འཆད་ཉན་དང་སྒོམ་སྒྲུབ་བྱ་བར་ཐོག་མར་དེ་འབྲེལ་གྱི་བཀའ་དབང་ངེས་པར་དུ་ཐོབ་དགོས་པ་རྒྱུད་ལུང་ཀུན་ནས་ཡང་ཡང་གསུངས་པ་ལྟར། ཕྱི་ལོ་༢༠༠༣ དང་༢༠༠༤ ལོ་གཉིས་སྔ་ཕྱིར་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་བཀའ་རབ་འབྱམས་བོན་གྱི་རྒྱ་མཚོ་ལས་ཡི་དམ་གསང་སྔགས་ནང་རྒྱུད་ཀྱི་བཀའ་དབང་ཆ་ཚང་ཞུས་གནང་བ་མ་ཟད། ཕྱི་ལོ་༢༠༡༣ ལོར་གསང་སྔགས་ཕྱི་རྒྱུད་ཀྱི་བཀའ་དབང་ཆ་ཚང་དང་སླར་ཡང་ནང་རྒྱུད་གསས་མཁར་མཆོག་ལྔའི་བཀའ་དབང་རྣམས་རྫོགས་པར་ཞུས་པའི་སྐལ་བཟང་སྤྱི་བོར་ཐོབ་བོ། །དེ་ལྟར་དབང་ལུང་དང་འབྲེལ་བའི་འཆད་ཉན་སོགས་ཀྱི་བསླབ་པ་མཐར་སོན་གྱི་འབྲས་རྟགས་ནི། གཤེན་གྱི་འབྱུང་ལྡན་༣༠༡ ནང་ཚན་བོད་མེ་སྤྲེལ་ལོ་ཕྱི་ལོ་༢༠༡༦ ལོར་༸རྒྱལ་བ་སྨན་རིའི་མཁན་སློབ་དབུ་བཞུགས་ཐོག་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས་དབུས་སུ། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་སྐལ་བཟང་མཚན་སྙན་གྱི་ཅོ་པན་བདག་གིར་བཞེས། ལོ་དེར་བལ་ཡུལ་དུ་ཕེབས་ཤིང་བོན་གྱི་འདུས་སྡེ་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་སྒྲུབ་གྲྭར་ཞུགས་ཏེ། བགྲང་བྱ་ལོ་བཞིའི་རིང་ཉིན་རེའི་ཐུན་བཞིའི་ཉམས་ལེན་དང་། རྩ་རླུང་མུན་མཚམས་སོགས་སྒྲུབ་གྲྭའི་བཅའ་སྒྲིག་ཇི་བཞིན་ཉམས་ལེན་ཚུལ་བཞིན་མཐར་ཕྱིན་པར་གནང་སྟེ། ཕྱི་ལོ་༢༠༢༠ ལོར་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པའི་མཚན་རྟགས་བཞེས་པའི་སྐལ་བཟང་ཐོབ་བོ། །

གསུམ་པར། བསྟན་པའི་ཞབས་ཞུ་རུ་སློབ་གཉེར་གནང་བའི་ཞོར་དུ། ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་༢༠༡༠ ནས་༢༠༡༣ བར་སྨན་རིའི་འཚོགས་ཆེན་དབུ་མཛད་ཆེན་མོའི་འགན་འཁུར་བཞེས་ཏེ། དགོན་པའི་སྔར་སྲོལ་རྒྱུན་འཚོགས་དང་སྒྲུབ་པ་བཅུ་གཉིས་སོགས་ཀྱི་ཕྲིན་ལས་འདོན་སྒྲིག་དང་རྔ་རྡུང་གྱེར་དབྱངས་སོགས་ལ་གྲྭ་ས་ཆེན་མོའི་སྲོལ་བཟང་བཞིན་མ་ཉམས་རྒྱུན་འཛིན་གྱི་ཐུགས་འགན་ལེགས་པར་བསྒྲུབས། ཕྱི་ལོ་༢༠༡༥ ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སྐབས་སོ་ལྔ་པར་བདམས་ཐོན་བྱུང་ཞིང་། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོར་བསྐོས་བཞག་གནང་བ་བཞིན་བཤད་སྡེའི་འཚོགས་དང་འཆད་ར་སོགས་བཅའ་སྒྲིག་གང་ལ་གཟིགས་རྟོག་གི་འགན་འཁུར་ལེགས་པར་བཞེས། གཞན་ཡང་། གཡུང་དྲུང་བོན་གྱི་བགྲོ་གླེང་སོགས་སུ་གསུང་བཤད་སློབ་དཔོན་གྱི་ལས་གནས་དང་ཟབ་སྦྱོང་སོགས་ཚོགས་སྡེ་སྤྱིའི་ལས་རིམ་ཁག་དུ་མར་མཉམ་ཞུགས་གནང་། ཕྱི་ལོ་༢༠༢༡ ལོར་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ནས། ༸དཔལ་ལྡན་སྨན་རིའི་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་དགེ་རྒན་དུ་བསྐོས་བཞག་མཛད་པ་ལྟར་དཔེ་ཁྲིད་སོགས་ཀྱི་འགན་བཞེས་ནས་བཞུགས་བཞིན་པའོ།།

བཞི་པར། གདུལ་བྱ་གཞན་དོན་བོན་འཆད་ཁྲིད་ཀྱི་ཆེད་དུ། ཕྱི་ལོ་༢༠༡༦ ལོར་ཨུ་རུ་སུ་རྒྱལ་ཁབ་ཏུ་ཕེབས་ཤིང་མངའ་ཁོངས་དེར་རྟེན་གཞིར་བྱས་པ་བོན་དགོན་གསང་སྔགས་བདུད་འདུལ་གླིང་གི་མཁན་པོ་སྨན་རིའི་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་གིས། རྒྱལ་ས་མོ་སི་ཁོ་སོགས་གྲོང་ཁྱེར་ཆེ་ཁག་དུ་མའི་ནང་གསར་འཛུགས་གནང་བའི་བོན་ཚོགས་ཁག་ལ་སྔོན་འགྲོའི་སྒོམ་རིམ་དང་དངོས་གཞི་ཁྲེགས་ཆོད་སྐོར་གྱི་འཆད་ཁྲིད་གནང་། ཕྱི་ལོ་༢༠༡༧ ལོར་སླར་ཡང་བོན་ཚོགས་དེ་དག་གི་གོ་སྒྲིག་གདན་ཞུས་ལྟར་རྫོགས་ཆེན་སྐུ་གསུམ་རང་ཤར་ལྟར་རྩ་རླུང་གཏུམ་མོ་དང་དངོས་གཞི་ཁྲེགས་ཆོད་བཅས་ཀྱི་འཆད་ཁྲིད་ཟླ་བ་གཉིས་ལྷག་རིང་གནང་བར་བཞུགས། ཕྱི་ལོ་༢༠༡༩ ལོར་མཁན་པོ་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་གིས། དགེ་བཤེས་ཁོང་ཉིད་ཨུ་རུ་སུ་བོན་དགོན་གསང་སྔགས་བདུད་འདུལ་གླིང་གི་སྒྲུབ་གྲྭའི་མཁན་པོར་བསྐོ་རྒྱུའི་རེ་འདུན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་དབང་མཆོག་དང་། ༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག་བཅས་ལ་སྙན་གསན་ཞུས་པ་ལྟར་བཀའ་འཁྲོལ་བསྩལ་གནང་མཛད་ཡོད། འོན་ཀྱང་། འཛམ་གླིང་སྤྱི་མཚུངས་སུ་རིམས་ནད་ཛ་དྲག་གིས་འགྲུལ་བཞུད་བཀག་སྡོམ་གྱི་རྐྱེན་པས། ཕྱི་ལོ་༢༠༢༠ ནས་༢༠༢༢ བར་ལོ་སྔ་རྗེས་རིམ་པར་ཨུ་རུ་སུའི་ནང་མཁན་པོ་རིན་ཆེན་བསྟན་འཛིན་མཆོག་གི་བོན་ཚོགས་དེ་དག་ལ་འཆར་ཅན་ལྟར། དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་བོན་འཚོགས་ཀྱི་སྐབས་སུ། སྔོན་འགྲོ་དང་དངོས་གཞི། རྩ་རླུང་གཏུམ་མོ། ཁྲེགས་ཆོད་ཐོད་རྒལ་སོགས་ཀྱི་འཆད་ཁྲིད་དང་ཉམས་ལེན་སྒོམ་སྒྲུབ་གནང་མུས་ཀྱི་སྐབས་རྣམས་སུ། མཁན་པོ་རིན་ཆེན་བསྟན་འཛིན་མཆོག་གི་ཕྱག་རོགས་ལ་དུས་ནས་དུས་སུ་དྲྭ་བའི་ཐོག་ནས་བོན་ཁྲིད་གནང་དང་གནང་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་ཙམ་དུ་བཀོད་པ་འདི་ནི། དགེ་བའི་བཤེས་གཉེན་ཁོང་ཉིད་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་བླ་བྲང་ནས་བཀའ་ཕེབས་བྱུང་དོན་བཞིན། བོད་ཆུ་སྟག་ལོའི་༸རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཀྱི་དུས་ཚེས་བཟང་པོའི་ཉིན་༸གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་གྱི་མཚན་གནས་གསོལ་བསྩལ་ཐོག་བསྐལ་བཟང་ཁྲི་བཞེངས་གནང་གཏན་ཁེལ་བ་དང་བསྟུན་གྲོགས་མཆེད་འགའ་ཡིས་བསྐུལ་ངོར་འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་གྱིས་འཕྲལ་མར་བྲིས་པ་ཐ་ཚན་མུ་ཙུག་སྨར་རོ།།

འདི་སྦྱར་ལས་བྱུང་རྣམ་དཀར་ཆ།།
གང་གི་མཛད་པ་འགྲོ་བའི་དོན།།
གེགས་མེད་དབྱར་མཚོ་ལྟར་བདོ་བའི།།
མཐུན་རྐྱེན་སྨོན་བཞིན་འགྲུབ་པར་དགེ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow