༧ གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཉེ་ཆར་ཧི་མ་ལའི་རི་རྒྱུད་གློ་བོའི་ཕྱོགས་སུ་བོན་གྱི་དགོན་སྡེ་དང་གནས་ཆེན་ཁག་ཏུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་པའི་གནས་ཚུལ།

ཅི་ལྟར་ཟླ་ཤས་སྔོན་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་དོལ་པོ་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་གིས་བར་གླེ་གནས་ཆེན་རི་བོ་དབལ་འབར་གྱི་གནས་དུས་དང་དུ་ཏྲི་སུའི་སྨན་སྒྲུབ་ཀྱི་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ད་ལོ་སྟོན་ཁའི་དུས་ཚོད་དང་བསྟུན་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གནང་བ་བཞིན་བར་གླེ་གཙོས་གློ་བོ་སྟོད་སྨད་དང་འཁྲུངས་གཞིས་དོལ་པོ་ཚྭ་དགའ་དང་། མདོ་རྟ་རབ། དོལ་པོའི་རྫོང་དུང་ཉལ་ལས་སོགས་སུ་ཕེབས་རྒྱུའི་གཏན་ཁེལ་མཛད་གནང།

སྤྱི་ལོ་༢༠༢༢ཟླ་༧ཚེས་༣༠ ཉིན་ཞོགས་པ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྒྲུབ་ཁང་དབང་དྲག་ཕོ་བྲང་འབར་བ་བཅས་ལ་ཐོན་མཇལ་ཞུས་ཤིང་ཕེབས་ལམ་བདེ་ཕྱིར་བོན་སྐྱོང་སྲུང་མའི་ཚོགས་ལ་འཕྲིན་བཅོལ་བཅས་ཞུས་རྗེས་སྣུམ་འཁོར་བརྒྱུད་རང་དགོན་སྨན་རི་ནས་རྒྱལ་ས་ལྡི་ལིར་ཕེབས་གྲུབ་མཛད། སྤྱི་ཚེས་ ༣༡ ཉིན་ལྡི་ལི་གསར་པའི་གནམ་ཐང་ནས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་སར་འབྱོར། དེར་གནམ་ཐང་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཉེར་པ་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་དང་། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ། མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་གཙོས་པའི་དད་ལྡན་སེར་སྐྱ་མི་མང་ནས་ཕེབས་བསུ་དང་བཅས་༧ དཔལ་ལྡན་ཁྲི་བརྟན་ནོར་རྩེའི་བླ་བྲང་དུ་སྣེ་ལེན་ཞུས་ནས་རིན་པོ་ཆེ་མཆོག་བཞུགས་ཤག་ཏུ་བདེ་བར་འབྱོར།

སྤྱི་ཟླ་ ༨ ཚེས་ ༠༦ ཉིན་ཞོགས་པ་བལ་ཡུལ་རྒྱལ་ས་ནས་སྣུམ་འཁོར་བརྒྱུད་གློ་བོའི་ལྗོངས་སུ་ཐོན་ནས། ཚེས་༠༧ ཉིན་གློ་བོའི་རྒྱལ་ས་དམུ་བསུ་སྟངས་སུ་ཕེབས་པ་དང་། རིན་པོ་ཆེ་མཆོག་མི་ལོ་ཉི་ཤུ་ལྷག་རྗེས་སུ་ད་རེ་ཕེབས་པར་དེ། ཞུ་ཚང་བླ་མ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེ་མཆོག་དང་།དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སྨན་རིའི་དགེ་བཤེས་བསོད་ནམས་གུ་རུང་མཆོག སོམ་བྷོ་གཡུང་དྲུང་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་བསྟན་འཛིན་རྒྱལ་པོ་དང་། ཌོར་ཐང་བོན་དགོན་མཁན་པོ་སྨན་རིའི་དགེ་བཤེས་བསྟན་འཛིན་དར་རྒྱས་དང་།  ཝར་ན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་སྨན་རིའི་དགེ་བཤེས་ལུང་རིགས་བློ་ལྡན་དབང་ཕྱུག་དང་། དེ་བཞིན་ཕྱྭ་ཀེང་ཙེའི་སློབ་གྲྭའི་འགན་འཛིན་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དགེ་བཤེས་ཡང་སྟོན་ལགས་དང་དགེ་བཤེས་ཤེས་རབ་གོང་འཕེལ། དགེ་བཤེས་ཀུན་སྐྱོང་རྒྱལ་པོ་སོགས་སེར་སྐྱ་མི་མང་སློབ་ཕྲུག་ཡོངས་ནས་མེ་ཏོག་དང་བཀྲ་ཤིས་ལྷ་དར་དཀར་པོས་མདུན་བསུས་ནས་གློ་བོའི་རིག་གཞུང་དང་འབྲེལ་བའི་ཕེབས་བསུ་སེར་འཕྲེང་ཟབ་རྒྱས་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་འགྱེད་མང་ཇ་བཅས་ཕུལ་གནང་མཛད།

སྤྱི་ལོ་༢༠༢༢ཟླ་༨ཚེས་༨ཉིན་རིན་པོ་ཆེ་མཆོག་ནས་གློ་བོའི་རྒྱལ་ས་རྫོང་གསར་པར་རྟེན་གཞི་བྱས་པའི་བོན་དགོན་༧གཡུང་དྲུང་ཀུན་གྲགས་གླིང་དུ་དད་ལྡན་མི་མང་ཆིག་སྟོང་ལྷག་ཙམ་ལ་ཚེ་དབང་བྱ་རི་མའི་བཀའ་དབང་དང་བཀའ་སློབ་བཀའ་དྲིན་བསྩལ།

ཉིན་རྒྱབ་རྫོང་དེའི་ཁང་ཆེན་ནང་དུ་དམུ་བསུ་སྟངས་ཤེས་ཡོན་དང་རིག་གཞུང་ཚོགས་པའི་སློབ་ཕྲུག་དང་། ཕྱྭ་ཀེང་ཙེ་སློབ་གྲྭའི་སློབ་ཕྲུག་ཚོས་རིག་གཞུང་འཁྲབ་སྟོན་སྤྱན་འབུལ་ཞུས་པ་དང་རིན་པོ་ཆེ་མཆོག་ནས་ཀྱང་སློབ་ཕྲུག་ཚོར་མི་ཚེའི་མདུན་ལམ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་།

སྤྱི་ཚེས་༠༩ ཉིན། སྨན་རིའི་དགེ་བཤེས་མཁན་པོ་བསྟན་འཛིན་རྒྱལ་པོ་མཆོག་གིས་གདན་ཞུས་ལྟར་རིན་པོ་ཆེ་མཆོག་སོམ་བྷོ་སྒ་རབ་རྫོང་ངམ་སོམ་བྷོ་ཡུལ་ THINI དུ་ཆེད་ཕེབས་གནང་བཞིན་སེར་འཕྲེང་གྱི་ཕེབས་བསུ་ཞུས། སོམ་བྷོ་ཡུལ་གྱི་བོན་དགོན་༧གཡུང་དྲུང་དགོན་དུ་གནས་གཟིགས་དང་རྟེན་མཇལ་རབ་གནས་གནང་བ་དང་། ཡུལ་དེའི་ཨ་ཡ་བླ་མའི་དགོན་པར་ཆེད་ཕེབས་གནང་ཞིང་དབུ་ལས་ལྷན་རྒྱས་ནས་སྣེ་ལེན་ཟབ་རྒྱས་ཞུས། རིན་པོ་ཆེ་མཆོག་ནས་སྔར་སྲོལ་ལྟར་འདུས་མང་ཡོངས་ལ་བསྙེན་བཀུར་མང་ཇ་དང་དགོན་པར་རབ་གནས་སོགས་བཀའ་དྲིན་བསྩལ་གནང།

སྤྱི་ཚེས་༡༠ཉིན། སྨན་རིའི་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་གིས་གློ་སྨད་པག་གླིང་ཡུལ་དུ་གསར་དུ་བཞེངས་བཞིན་པའི་བོན་དགོན་༧གཡུང་དྲུང་མཐའ་རྒྱས་གླིང་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་བླ་གྲྭ་མཉམ་འཛོམས་ཐོག་ས་ཆོག་དག་ཁྲུས། བསང་གསོལ་རྒྱས་འབུལ་དང་བསྟན་རྒྱས་སྨོན་ལམ་སོགས་གསུངས། པག་ལིང་ཡུལ་གྱི་སྤྱི་ཁང་དུ་མང་ཚོགས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་འབྲེལ་བའི་བཀའ་སློབ་བསྩལ། པག་ལིང་ཨ་མ་ཚོགས་པ་ནས་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་བཞེས་ལག་རྒྱས་འབུལ་ཞུས།

སྤྱི་ལོ་༢༠༢༢ཟླ་༨ ཚེས་༡༠ ཉིན་རྒྱབ་ཏུ། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་གི་གློ་རྫོང་གསར་པར་རྟེན་གཞི་བྱས་པའི་༧ས་སྐྱ་བརྩེ་ཆེན་ཀུན་དགའ་ཆོས་འཁོར་གླིང་དགོན་དུ་གདན་ཞུས་ལྟར་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། རིན་པོ་ཆེ་མཆོག་ནས་ཡང་བླ་གྲྭ་ཡོངས་ལ་འགྱེད་མང་ཇ་དང་བཀའ་སློབ་བཀའ་དྲིན་བསྩལ།

སྤྱི་ལོ་༢༠༢༢ཟླ་༨ཚེས་༡༡ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག་༧གདན་ས་སྨན་རི་དང་༧ དཔལ་ལྡན་ཁྲི་བརྟན་ནོར་རྩེ་ནས་ཐོན་པའི་གློ་བོའི་དགེ་བཤེས་བླ་གྲྭ་མཉམ་འཛོམས་ཐོག འགྲོ་མགོན་ཀླུ་བྲག་པའམ་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་བྱིན་གྱིས་རླབས་པའི་གནས་མཆོག གློ་སྨད་ཡུལ་ཀླུ་བྲག་ཏུ་མི་ལོ་ཉི་ཤུ་ལྷག་རྗེས་ཆེད་ཕེབས་གནང་བར་སེར་སྐྱ་མི་མང་ཡོངས་ནས་སེར་འཕྲེང་མེ་ཏོག་དང་། བཀྲ་ཤིས་ལྷ་དར་དཀར་པོས་མདུན་ནས་བསུས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས། ཞུ་བླ་གཡུང་དྲུང་རྒྱལ་མཚན་མཆོག་དང་ཀླུ་བྲག་བླ་མ་ཚུལ་ཁྲིམས་རིན་པོ་ཆེ་རྣམ་གཉིས་ནས་མ་འདལ་འདེགས་འབུལ་ཞུས། རིན་པོ་ཆེ་མཆོག་ནས་ཡང་འདུས་མང་ལ་འགྱེད་མང་ཇ་སོགས་ཕུལ།

སྤྱི་ཚེས་ ༡༢ ཉིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་གློ་སྨད། ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་གདན་ས་ཀླུ་བྲག་ཡུལ་དགོན་༧གཡུང་དྲུང་ཕུན་ཚོགས་གླིང་དུ་དད་ལྡན་རྣམས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ། དབང་བཤད་ཟབ་རྒྱས་ངང་འགྲེལ་བཤད་བསྐྱོན། ཉིན་རྒྱབ་བླ་མ་ཡང་སྟོན་ཆེན་པོ་འགྲོ་མགོན་ཀླུ་བྲག་པ་བཀྲ་ཤིས་རྒྱལ་མཚན་མཆོག་གི་གཏེར་ཕུར་དང་གཏེར་གཞོང་དང་ཀུན་བཟང་རྒྱལ་བ་འདུས་པའི་རྟེན་སྐུ་བཅས་མཇལ་ཁ་ཞུས།

སྤྱི་ཚེས་༡༣ ཉིན་ཕྱྭ་ཀེང་རྩེ་སློབ་གྲྭའི་འགན་འཛིན་དགེ་བཤེས་ཡང་སྟོན་མཆོག་གིས་གདན་ཞུས་ལྟར་ཕྱྭ་ཀེང་རྩེ་སློབ་གྲྭར་རབ་གནས་བྱིན་རླབས་དང་སློབ་ཕྲུག་ཚོས་རིག་གཞུང་འཁྲབ་སྟོན་སྤྱན་འབུལ་ཞུས་པ་དང་རིན་པོ་ཆེ་མཆོག་ནས་ཀྱང་སློབ་ཕྲུག་ཡོངས་ལ་གསོལ་ཚིགས་རྒྱས་འབུལ་དང་བཀའ་སློབ་བཀའ་དྲིན་བསྩལ།

ཉིན་རྒྱབ་ཞུ་བླ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གདན་ཞུས་ལྟར་༧ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་བྱིན་གྱིས་རླབས་པའི་གནས་མཆོག་དགོན་ཕུག་ཏུ་གནས་མཇལ་དང་དེར་བླ་སྤྲུལ་དགེ་བཤེས་མཉམ་འཛོམས་ཐོག་རྫོགས་ཆེན་སྔོན་འགྲོའི་ཚིག་བཤད་དང་སྨོན་ལམ་སོགས་གསུངས། གཞན་ཡང་གནས་དེར་བླ་ཆེན་དྲན་པའི་སྒྲུབ་ཕུག་དང་བླ་མ་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱིས་ཐོད་རྒལ་གྱི་ཉམས་ལེན་བསྐྱངས་སའི་བཞུགས་གནས། ཀླུ་བྲག་ཉམས་ལེན་ཕུག་པ་སོགས་གནས་ཆེན་རྣམས་སུ་མཇལ་ཁ་ཞུས།

སྤྱི་ཚེས་༡༤ ཉིན་ཀླུ་བྲག་ཡུལ་མི་རྣམས་ཀྱིས་རེ་བ་ལྟར་ལུང་པའི་ཆུའི་འཇིག་པ་ལས་བཟློག་ཐབས་མཚམས་བཅད་སྨོན་ལམ་སོགས་གསུངས། དེ་ནས་རིན་པོ་ཆེ་སྟོན་འཁོར་བཅས་གློ་སྨད་ཡུལ་བཀག་དང་ཁྱིང་ཀ། རྗར། གློ་ཆུ་མིག་བརྒྱ་རྩ་སོགས་སུ་གནས་མཇལ་དང་དད་ལྡན་མང་ཚོགས་ཀྱི་ཁང་གསར་བཅས་ལ་རབ་གནས་བྱིན་རླབས་སོགས་མཛད་རྗེས། སྨན་རིའི་དགེ་བཤེས་སྒོ་རིགས་བསྟན་འཛིན་མཆོག་ལྡན་མཆོག་གིས་གདན་ཞུས་ལྟར་བློ་རྒྱལ་པོའི་ཆོས་གནས་བླ་མ་བཞུགས་སའི་བླ་བྲང་དུ་ཆེད་ཕེབས་རབ་གནས་མཛད། རྫར་གཡུ་ཐོག་ཁྱིམ་ཚང་དུ་རིན་པོ་ཆེ་དབུ་གཞུགས་ཐོག་དགེ་བཤེས་བླ་གྲྭ་མཉམ་འཛོམས་ཐོག་དུ་ཏྲི་སུའི་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བྱང་བུའི་ཆོ་ག་གསུངས།

སྤྱི་ཚེས་༡༥ ཉིན། སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག ཞུ་ཚང་བླ་མ་རིན་པོ་ཆེ། མཁན་པོ་དགེ་བཤེས་བསྟན་འཛིན་རྒྱལ་པོ་གཙོས་དགེ་བཤེས་བླ་གྲྭ་སྔགས་བཙུན་མཉམ་འཛོམས་ཐོག་གློ་སྨད་སྣ་རུ་རྫོང་དུ་ཆེད་ཕེབས་གནང་ཞིང་དེར་༧ སྣ་རུ་ཁྱུང་རྫོང་རྩེ་རུང་དགོན་གྱི་བླ་མ་སྨོན་ལམ་གཙོས་སེར་སྐྱ་ཡོངས་ནས་ཕེབས་བསུ་སེར་འཕྲེང་ཟབ་རྒྱས་ཞུས། རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ལ་ཚེ་སྒྲུབ་ཀྱི་བཀའ་དབང་དང་རབ་གནས་སོགས་མཛད།

སྤྱི་ཚེས་༡༦ ཉིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་གློ་བོའི་བོན་གྱི་དགེ་བཤེས་བླ་གྲྭ་སྟོན་འཁོར་སུམ་བཅུ་ཙམ་སྣུམ་འཁོར་བརྒྱུད་གློ་སྟོད་ཡུལ་ཕྱོགས་སུ་ཆེད་ཕེབས་གནང་།  ལམ་བར་དུ་གློ་གྱི་ལིང་ཡུལ་དུ་གྱི་མིང་རྩིས་པ་མཁས་པའི་སྲས་བླ་མ་ཚེ་རིང་སྐལ་བཟང་གི་གདན་ཞུས་ལྟར་ཡུལ་མི་ཐུན་མོང་ནས་སྣེ་ལེན་ཟབ་རྒྱས་ཞུས། དེར་བོན་པོའི་རྩིས་ལ་མཁས་པ་བློ་གྲོས་ལགས་ཀྱི་ནང་དུ་ཆེད་ཕེབས་གནང་ཞིང་ཞོགས་ཇ་འདེགས་འབུལ་ཞུས། དེར་ཡུལ་མི་རྒན་པ་རྣམས་པས་འབོད་སྐུལ་བཞིན་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་འཕོ་ལུང་དང་བཀའ་བགོ་སོགས་ཀྱི་མཛད་འཕྲིན་གྲུབ་རྗེས།

སྣུམ་འཁོར་བརྒྱུད་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབས་ཤིང་གདན་ས་གློ་སྟོད་སྐྱ་རུ་འམ་སྐྱ་རྒྱའི་བརྒྱུད་ནས་གློ་སྟོད་རྒྱལ་ས་གློ་སྨོན་ཐང་དུ་ཡོད་པའི་གནས་ཆེན་བོན་འཁོར་དང་། བོན་གྱི་མཆོད་རྟེན་ཞིག་ཤུལ། དམར་རྫོང་ཞེས་བོན་དཔེ་མང་པོ་ཞིག་ཐོན་སའི་ཕུག་པ་ལ་སོགས་གནས་མཇལ་ཞུས། དེ་རྗེས་གློ་སྟོད་ཙ་རང་ཡུལ་དུ་ཕེབས་ནས་དེར་ཡོད་མི་མང་དང་བོན་གཞིས་ཉིན་སློབ་ནས་ཐོན་པའི་སློབ་ཕྲུག་ཟུར་པ་ཚོས་ཕེབས་བསུ་དང་བཅས་སྣེ་ལེན་ཟབ་རྒྱས་ཞུས། རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་བཀའ་བགོ་དང་བཀའ་སློབ་བཀའ་དྲིན་བསྩལ།

སྤྱི་ཚེས་༡༧ ཉིན། རིན་པོ་ཆེ་གཙོས་སྟོན་འཁོར་སུམ་བཅུ་ཙམ་མཉམ་འཛོམས་ཐོག་སྣུམ་འཁོར་བརྒྱུད་གློ་སྟོད་ཙ་རང་ཡུལ་ནས། གློ་སྟོད་གཡའ་ར་དང་། གངས་རའི་ཡུལ་དུ་ཕེབས་ནས་དེར་བོན་གཞིས་སློབ་ཕྲུག་ཟུར་པ་རྣམས་དང་ཕ་མ་ཉེ་དྲུང་བཅས་ནས་སྣེ་ལེན་ཟབ་རྒྱས་དང་། རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་བྱིན་རླབས་དང་བཀའ་སློབ་གནང་། དེ་ནས་གློ་སྟོད་བདེ་བའི་ཡུལ་དུ་ཆེད་ཕེབས་གནང་ཞིང་ཡུལ་མི་ནས་བསུ་མ་ཟབ་རྒྱས་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་མང་ཚོགས་ལ་འཕོ་ལུང་དང་བཀའ་སྒོ། བདེ་བའི་ཡུལ་གྲོང་གསར་པར་བྱིན་རླབས་རབ་གནས་སོགས་གྲུབ་རྗེས། ཕྱིར་གློ་སྨད་འཕན་ལགས་ཡུལ་དུ་མི་མང་ནས་ཕེབས་བསུ་ཟབ་རྒྱས་ཞུས། འཕན་ལགས་ཡུལ་དེ་རུ་སྔར་ནས་རིན་པོ་ཆེའི་ཡབ་ཡུམ་ཚོས་གནས་ཚང་གཡར་སའི་ཁྱིམ་ཚང་དུ་ཉིན་གཅིག་བཞུགས།

སྤྱི་ཚེས་༡༨ ཉིན་རིན་པོ་ཆེ་སྟོན་འཁོར་དང་བཅས་སྣུམ་འཁོར་བརྒྱུད་འཕན་ལགས་ནས་གསང་སྟག་ཡུལ་དུ་ཆེད་ཕེབས་གནང་། དེར་མི་མང་ནས་སྣེ་ལེན་ཟབ་རྒྱས་ངང་གསོལ་ཇ་དང་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས།

རིན་པོ་ཆེ་མཆོག་ནས་ཀྱང་ཡུལ་མིའི་ཁང་གསར་རྣམས་ལ་རབ་གནས་དང་དང་ཡུལ་ཕྱོགས་སུ་བཀྲ་ཤིས་པའི་སྨོན་ལམ་གྲུབ་རྗེས། ཁྱིམ་གཞིས་དོལ་པོ་ཚྭ་དགའ་ནས་ཕེབས་བསུ་བ་ཆིབས་རྟ་དང་བཅས་རིན་པོ་ཆེ་སྟོན་འཁོར་རྣམས་དོལ་པོ་ཚྭ་དགའི་ཕྱོགས་སུ་ཆིབས་བསྒྱུར་གནང་།

མཆན། – ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གི་ད་ལམ་ཧི་མ་ལའི་རི་རྒྱུད་གློ་སྟོད་སྨད་ཡུལ་དགོན་གང་དུ་ཕེབས་རུང་། དགོན་པ་དང་དགོན་བདག་བླ་མ་ཚོར་རྟེན་སྐལ་དུ་༧རྒྱལ་བ་མཉམ་མེད་ཆེན་མོའི་ཞལ་ཐང་དང་སིལ་སྙན་རེ། དགོན་པ་ཁག་ལ་འགྱེད་མང་ཇ་དང་འཛུགས་བསྐྲུན་ཆེད་ཞལ་འདེབས་མི་ཉུང་བ་ཀུན་ལ་བྱིན་རླབས་གསོལ་བསྩལ་བཀའ་དྲིན་བསྐྱངས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow