གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་སོགས་དབུས་བཞུགས་ཐོག དཔལ་ལྡན་སྨན་རིའི་བླ་སྤྱི་དང་། བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཐོག
སྐབས་༤༣པའི་བཤད་སྒྲུབ་འདུས་སྡེའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། སྐབས་བབ་ཀྱི་རིག་གནས་འགན་འཛིན་རྣམ་གཉིས་བཅས་ཟུང་འཇུག་ཐོག་བཤད་སྡེའི་ཚོགས་ཁང་དུ་བགྲོ་གླེང་སྦྱང་བཤད་ཀྱི་གྲ་སྒྲིག་སྔར་ལས་ཚགས་ཚུད་བྱས་པའི་ཐོག་དེ་རིང་སྟེ་ཕྱི་དྲོའི་ཕྱག་ཚོད་༠༥ནས་༠༦དང་སྐར་མ་༣༠བར་ཚོགས་བཅར་རྣམས་ལ་སོ་སོའི་དཔྱད་གཏམ་སྙན་འབུལ་ཞུས་པ་དང་། གཏམ་བཤད་པ་གཅིག་ལ་སྐར་མ་༣༠དུས་ཡུན་བདོག་ལ། དེའི་ནང་དུ་སྐར་མ་༡༥རིང་སོ་སོའི་བརྗོད་ཞུགས་སྙན་གསེང་ཞུ་རྒྱུ་དང་། ལྷག་མའི་སྐར་མ་༡༥ནང་རང་གི་བརྗོད་གཞི་དང་འབྲེལ་བའི་དྲི་བ་དྲིས་ལན་བྱ་རྒྱུ་དང་བཅས་པའི་ལམ་སྲོལ་སྔར་མུས་བཞིན་དང་།
ད་རེས་རིག་གནས་འགན་འཛིན་ཁྲི་ཀ་བ་རིན་ཆེན་བློ་གྲོས་ཀྱིས་གཏམ་བཤད་ཀྱི་དུས་ཡུན་སྟངས་འཛིན་དང་། གཙོ་སྐྱོང་ཐོག་གཏམ་བཤད་མཁན་བཤད་སྒྲུབ་སློབ་གཉེར་བ་གཙུག་ཕུད་འཇིགས་མེད་ནས་<<ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་སྐོར་>>ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནད་དུ་འཁེལ་བ་གསུངས་གནང་བ་དང་།
ཁོང་གིས་བརྗོད་དོན་ས་བཅད་དྲུག་ཏུ་བགོས་ནས་གཏམ་བཤད་གནས་ཡོད་པ་དང་། “ ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་དཔེ་ཆ་ངོ་སྤྲོད་དང་། ཡེ་ཉིད་སྟོན་པ་ཀུན་བཟང་ནས་དུས་ད་ལྟའི་བར་དུ་སྙན་རྒྱུད་བླ་མ་ཇི་ལྟར་བྱོན་ཡོད་མེད་དང་། བརྒྱུད་ཚུལ་མི་འདྲ་བ་གང་ཡོད་ཀྱི་སྐོར། སྙན་རྒྱུད་ཀྱི་སྐོར་རྣམས་ནམ་ཞིག་ཡིག་ཐོག་ལ་བཀོད་ནས་དེ་སྤྱོད་པའི་བགོ་སྐལ་བྱུང་ཚུལ། དེ་བཞིན་སྙན་རྒྱུད་རྣམས་ལ་བཀའ་མ་ཞེས་བརྗོད་དགོས་པའི་ཚུལ། སྙན་རྒྱུད་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ། སྙན་རྒྱུད་ཀྱི་བོན་སྐོར་ལ་སྡེ་ཚན་གྱི་དབང་དུ་དབྱེ་ཚུལ་ ” བཅས་གཏམ་བཤད་གྱ་ནོམ་པ་གནང་བ་དང་། དེ་དང་འབྲེལ་ཚོགས་བཅར་བའི་ནང་ཁུལ་ནས་བརྗོད་ཞུགས་དེ་དང་དེའི་སྐོར་གྱི་དོགས་འདྲི་གང་མང་བྱས་ཡོད་པ་བཅས་དང་།
གཞན་ཡང་བཤད་སྒྲུབ་སློབ་གཉེར་བ་སངས་རྒྱས་དོན་འགྲུབ་ནས་<<འགྲོ་མགོན་བླ་མ་དང་རྗེ་བདག་ཉིད་ཆེན་པོ་གཉིས་ཀྱིས་མཛད་པའི་ས་ལམ་འགྲེལ་བ་ཁག་གཉིས་དབར་གྱི་དབྱེ་མཚམས་དཔྱད་ཞིབ་>>ཅེས་པའི་བརྗོད་གཞིའི་ཐོག་ཀུན་ལ་བློ་བསྐྱེད་པའི་གསུངས་བཤད་གྱ་ནོམ་པ་གྲ་སྒྲིག་གནང་ཡོད་པ་དང་། ཁོང་གི་རྩོམ་ཡིག་གི་ནང་དོན་གནད་བསྡུས་འདི་ག་དྲ་རྒྱ་ཁང་དུ་འབྱོར་བའི་ནང་དུ་འདི་སྐད་དེ།“ཁོ་བོས་ད་ལན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་ཁྲིད་གླེང་སྟེགས་འདིར་གླེང་བའི་བརྗོད་གཞི་གཙོ་བོ་ནི་བོན་སྒོབཞི་མཛོད་ལྔའི་ནང་ཚན་འཕན་ཡུལ་རྒྱས་པ་འབུམ་གྱི་ཁོངས་སུ་གཏོགས་པའི་ཁམས་ཆེན་པོ་བརྒྱད་ཀྱི་དོན་འགྲེལ་དུ་གྲགས་པའི་བཀའ་བརྟེན་ཞིག་གི་སྐོར་ལ་ཡིན། དེ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བོན་ཕྱོགས་ནས་གྲགས་ཆེ་བའི་རྗེས་འཛིན་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔའི་ནང་ཚན་རྒྱལ་བ་བྲུ་ཡི་རིང་ལུགས་རང་གཞུང་འཁྲུལ་མེད་དུ་གཙོར་འདོན་བྱེད་དེ་ཕྱི་མཚན་ཉིད་ཀྱི་སྡེར་གཏོགས་པ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་བཞེད་སྲོལ་ཅི་ལྟར་གྱི་ལུགས་སུ་བྱས་ནས་ཞང་ཞུང་སྨར་སྐད་དུ་པུ་རི་དང་ལྒྱུམ་ཤི་དང་ནེ་ཁྲི་ཞེས་དང་། བོད་སྐད་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བརྗོད་དོན་སྟོན་པའི་ལེའུ་བརྒྱད་ཀྱིས་བགོས་པའི་བོན་དཔེ་གཉིས་ཀྱི་མཚམས་སྦྱོར་དང་། དེ་གཉིས་དབར་གྱི་ནང་དོན་དཔྱད་བསྡུར་གྱི་དབྱེ་མཚམས། མཁས་པ་སོ་སོའི་རིག་རྩལ་ལས་འཁྲུངས་བའི་དཔྱད་ཞིབ་ཀྱི་རྣམ་བཞག་མི་འདྲ་བ་ཅི་ཙམ་ཡོད་མེད་ཀྱི་ཐད་ནས་ཐོག་མའི་སྙན་ཞུའི་ཚུལ་དུ་ཅུང་ཙམ་གླེང་བ་འབད་བརྩོན་བྱ་རྒྱུ།”ཞེས་དང་། གཞན་ཡང་སློབ་གཉེར་བ་ཁོང་གིས་གཏམ་བཤད་ཀྱི་བགོ་འགྲེམ་གསུམ་དུ་ཕྱེས་ནས་གླེང་ཡོད་པ་གཤམ་གྱི་འདི་ལྟར་ལགས་དང་།
༡ ༽ སྐབས་བབ་ས་ལམ་གྱི་གཞུང་ཆེན་འདི་ཐེག་པ་གང་གི་ལུགས་སུ་བཞེད་མིན།
༢ ༽ ས་ལམ་གཞུང་འགྲེལ་གཉིས་ཀྱི་དབར་ལ་དབྱེ་རིགས་མི་འདྲ་ས་ཅི་ཙམ་ཡོད་མེད།
༣ ༽ གཞུང་དོན་རྣམས་ལས་རིགས་གཉིས་ཀྱི་སྐོར་ནས་གཙོར་འདོན་བྱེད་དེ་གླེང་བ།
ཞེས་པའི་གནད་འདི་དག་དང་འབྲེལ་གསུངས་བཤད་ཕུན་སུམ་ཚོགས་པོ་གནང་བ་དང་། ཚོགས་བཅར་བའི་གསེབ་དུའང་དེ་དང་འབྲེལ་བའི་དྲི་བ་དང་དྲིས་ལན་མཛད་ཡོད་པ་བཅས་དང་།
ད་དུང་བཤད་སྒྲུབ་སློབ་གཉེར་བ་བར་གླེ་གཤེན་རབ་གཡུང་དྲུང་ལགས་ནས་<<བར་གླེ་གཡུང་དྲུང་ཤུག་ཚལ་དགོན་པའི་བྱུང་ཚུལ་མདོར་བསྡུས།>>ཞེས་པའི་བརྗོད་གཞི་གཞིར་བཟུང་ཐོག་ཀུན་ལ་སྨན་པའི་གཏམ་བཤད་ལྷུག་པོ་སྤེལ་གནང་བ་དང་། སློབ་གཉེར་བ་ཁོང་གི་གཏམ་བཤད་ཀྱི་སྡེ་ཚན་གཤམ་དུ་འཁོད་པ།
༡ ༽ བར་གླེ་དགོན་པའི་ཆགས་འཇིག་གི་འཕེལ་རིམ་སྐོར་དང་།
༢ ༽ བར་གླེ་དགོན་པའི་བླ་རབས་རིམ་བྱོན་སྐོར།
༣ ༽ བར་གླེ་དགོན་པའི་ད་ལྟའི་གནས་བབ།
སོགས་ཀྱི་སྐོར་ལས་འཕྲོས་པའི་གཏམ་བཤད་ཀུན་ལ་གསལ་ཐིང་ཞིག་ངོ་སྤྲོད་གནང་གྲུབ་མཐར་སློབ་གཉེར་བའི་ནང་དུ་དེ་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་གྲུབ་རྗེས་སུ།
མཐར་༧ སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་ནས་དེ་རིང་གི་བགྲོ་གླེང་གི་གྲུབ་འབྲས་དང་བློ་བསྐྱེད། དེ་བཞིན་བགྲོ་གླེང་སྦྱང་བཤད་པ་གསུམ་ལ་བསྔགས་བརྗོད། མ་འོངས་པར་བགྲོ་གླེང་བསྐོང་ཕྱོགས་ཐད་ཀྱི་བཀའ་སློབ་བཀའ་དྲིན་མི་དམན་པ་བསྐྱངས་གནང་མཐར་གཙོ་སྐྱོང་བ་ལགས་ནས་མཇུག་བསྡུའི་གཏམ་དང་བཅས་རེ་ཞིག་ཟླ་འདིའི་བཤད་སྡེའི་བགྲོ་གླེང་འདི་ལྟར་བདེ་ལེགས་ངང་མཇུག་སྒྲིལ་བའོ། །
པར་དང་གནས་བསྡུས་བཀོད་པ་པོ། རྨ་འོད།