༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་བསྟན་དོན་མཛད་འཕྲིན་བསྐྱངས་གནང་བའི་སྐོར་གྱི་གནས་བསྡུས།

འབྲས་ལྗོངས་གཡང་སྒང་སོག་གཡུང་དྲུང་གླིང་བོན་དགོན་གྱི་མཁན་པོ་སྒྲུབ་ཐོན་པ་ཡོན་ཏན་རྒྱ་མཚོ་མཆོག་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན། ༸གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་བོན་དགོན་དེ་ཉིད་ཕྱག་བཏབ་ནས་མི་ལོ་ ༡༠ ཧྲིལ་པོར་འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་བ་དང་འབྲེལ་འབྲས་ལྗོངས་ཁུལ་དུ་བསྟན་དོན་གྱི་མཛད་འཕྲིན་བསྐྱངས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༢༩ ཉིན་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་སྟོན་འཁོར་དང་བཅས། རང་དགོན་གདན་ས་སྨན་རི་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ། ཟླ་བ་ ༠༣ པའི་ཚེས་ ༣༠ ཉིན་མཁའ་ལམ་བརྒྱུད་ལྡི་ལི་ནས(siliguri)ལ་ཕེབས་ཐོན་གནང་ཡོད་པ་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་མཆོག་དང་། བོན་སྤྱི་རྣམ་པ་གཉིས། ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་པོ་སྨན་རིའི་དགེ་བཤེས་སྐལ་བཟང་སྨོན་ལམ། དེ་བཞིན་ས་གནས་ཀྱི་སྐུ་ངོ་གཞིས་འགོ་གཙོས་ཚོགས་པ་ཆེ་ཆུང་ཁག་གི་འགན་འཛིན་དང་། སྐུ་ཚབ་ལས་བྱེད་རྣམས་ཀྱིས་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཕེབས་བསུ་ཞུས་ཤིང་།   ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༤:༠༠ པའི་ཐོག་ (siliguri) ཉེ་འདབས་སུ་ཡོད་པའི། གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་གདན་འདྲེན་ཞུས་པ་བཞིན། དགེ་ལས་སློབ་ཕྲུག་རྣམས་ལ་མཇལ་ཁ་བསྩལ་ཞིང་།  སློབ་གྲྭའི་འཚོགས་ཁང་དང་། འཛིན་ཁང་། སློབ་ཕྲུག་ཉལ་ཁང་སོགས་ལ་རབ་གནས་མཛད།

ཟླ་བ་ ༠༣ པའི་ཚེས་ ༣༡ ཉིན་༸སྐྱབས་རྗེ་སྟོན་འཁོར་ལྷན་རྒྱས་(siliguri)ནས། འབྲས་ལྗོངས་(Sikkim)སུ་ཆིབས་བསྒྱུར་གནང་ཞིང་། ཕྱག་ཚོད་ ༡༢:༡༥ ཐོག་སོག་གཡུང་དྲུང་གླིང་བོན་དགོན་དུ་ཞབས་སོར་བདེ་བར་འཁོད་དེ་དགོན་པའི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གཙོས་བླ་གྲྭ་འདུས་མང་རྣམས་དང་། ས་གནས་ཉིན་སློབ་ཀྱི་དགེ་སློབ་ཡོངས། དེ་བཞིན་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་དང་འབྲེལ། སོག་གཡུང་དྲུང་གླིང་གི་གཙུག་ལག་ཁང་ཆེན་དུ་མི་འཇིག་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཏེ་བླ་མ་མཆོད་པའི་སྒོ་ནས་མན་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

ཟླ་བ་ ༠༤ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་དགོན་པའི་ཉེ་འཁྲིས་སུ་གྲ་སྒྲིག་བྱས་པའི་ཚོགས་གུར་ཆེན་མོའི་ནང་དུ་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བླ་གྲྭ་འདུས་མང་ཡོངས་ཀྱིས་སྣང་སྲིད་ཞི་བའི་སྦྱིན་བསྲེག་གསུངས།

ཉིན་རྒྱབ་ཚོགས་གུར་ཆེན་མོའི་ནང་དུ་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་གནང་ཐོག  འབྲེལ་ཡོད་སྐུ་མགྲོན་རྣམ་པ་དང་། རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ཕྱི་རྒྱལ་ས་གནས་གང་ས་ནས་ཆེད་ཕེབས་གནང་བའི་སེར་སྐྱ་མི་མང་ཀུན་འདུ་འཛོམས་གནང་སྟེ། སོག་གཡུང་དྲུང་གླིང་བོན་དགོན་དབུ་བརྙེས་ནས་ལོ་ངོར་༡༠ འཁོར་བའི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཞིང་། མཛད་སྒོའི་ཐོག་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་དང་། དེ་ཡང་མཛད་སྒོ་དེར་ཕེབས་པའི་སྐུ་མགྲོན་ཡོངས་ལ་མཚམས་འདྲི་དང་སྦྲགས་ཏེ་འབྲས་ལྗོངས་གཡང་སྒང་སོག་གཡུང་དྲུང་གླིང་བོན་དགོན་གྱི་བླ་མ་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་ལ་“གྲྭ་པ་གྲྭ་རྐྱང་ཁྱེད་ཀྱིས་ས་གནས་ཆ་མེད་རྒྱུས་མེད་འདི་ལ་མི་ལོ་བཅུ་ཕྲག་རིང་། དཀའ་ངལ་འདི་དང་འདི་ལྟ་བུ་བརྒྱབ་པ་མིག་མཐོང་ལག་ཟིན་རེད། ༧ཞིང་གཤེགས་དམ་པའི་ཞལ་གདམས་ལ་༼སྐུ་འདྲ་ལ་གཟུངས་གཞུག་འབུལ་བ་ལས། མི་ལ་གཟུངས་གཞུག་འབུལ་དགོས་༽གལ་གསུང་གི་ཡོད་རེད། ཁྱེད་ཀྱིས་ཀྱང་དེ་ནང་བཞིན་དཀའ་ངལ་བརྒྱབ་པ་ལ། རང་ངོས་ནས་བསྔགས་བརྗོད་ཡི་རངས་དང་རྒྱབ་སྐྱོར་ཡང་ཡོད། དེ་བཞིན་ད་བར་མཁན་པོ་ཁོང་ལ་རོགས་རམ་དང་སྦྱིན་བདག་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ”ཞེས་སོགས་གསུངས་ཡོད་པ་དང་། དེ་བཞིན་རིན་པོ་མཆོག་གིས་གསུང་པའི་བཀའ་སློབ་མདོར་དྲིལ་ན་ ༡ ས་གནས་དེའི་སློབ་ཕྲུག་སོགས་ལ་ཤེས་ཡོན་སྤེལ་ཕྱོགས་དང་། ༢ སློབ་ཕྲུག་གི་སྤྱོད་ལམ་བཟང་པོ་ཆགས་དགོས་པའི་གལ་གནད་དང། ༣ སྤྱིར་མིའི་རིགས་ནང་ཕན་ཚུན་དང་། ཁྱད་པར་དུ་ས་གནས་འདིའི་ཡུལ་མི་དང་ཆོས་ལུགས། དེ་བཞིན་སློབ་ཕྲུག་སོགས་ནང་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་པ་གལ་ཆེ་ཚུལ་བཅས་ཀྱི་སྐོར་བཀའ་སློབ་ཟབ་རྒྱས་བསྩལ་གནང་ཡོད་པ་རེད། ​

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ པའི་ཚེས་ ༢ ཉིན་གྱི་སྔ་དྲོ་འབྲས་ལྗོངས་གཡང་སྒང་སོག་གཡུང་དྲུང་གླིང་གི་མཛད་སྒོའི་ཚོགས་ཁང་དུ་སེར་སྐྱ་མི་མང་ཡོངས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ་གནང་བ་དང་། སོག་གཡུང་དྲུང་གླིང་བོན་དགོན་ལ་རྗེ་མཉམ་མེད་ཆེན་པོའི་གསེར་སྐུ་བཅས་བྱིན་རྟེན་གནང་། དེ་རྗེས་གཤེན་གྱི་གར་འཆམ་ཆེན་མོ་དང་། སློབ་ཕྲུག་རྣམས་ཀྱིས་ཟློས་གར་བཅས་སྤྱན་འབུལ་ཞུས་མཐར་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་དེར་ཆེད་ཕེབས་གནང་བའི་སྦྱིན་བདག་དང་སྐུ་མགྲོན་གཙོ་བོ་རྣམས་ལ་རྟེན་འབྲེལ་གྱི་ཕྱག་རྟགས་གནང་། ​

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ པའི་ཚེས་ ༣ ཉིན་གྱི་སྔ་དྲོ་འབྲས་ལྗོངས་གཡང་སྒང་ན་ཡོད་པའི་བོན་པོའི་ཁྱིམ་ཚང་དང་གྲོང་སྡེ་ཁག་གིས་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ་བཀྲ་ཤིས་རབ་གནས་དང་། བོན་སྦྱིན་ཕྱག་རྟགས་སོགས་མང་པོ་གསོལ་བསྩལ་གནང་། ཉིན་རྒྱབ་ཕྱག་ཚོད་ ༡:༠༠ ཐོག་མཛད་སྒོའི་ཚོགས་ཁང་དུ། དགོན་པའི་མཁན་པོ་ཡོན་ཏན་རྒྱ་མཚོ་གཙོས་པའི་ལས་བྱེད་ཡོངས་དང་། དེ་བཞིན་སྐུ་མགྲོན་རྣམས་ལ་རྟེན་འབྲེལ་ཕྱག་རྟགས་དང་བཀྲ་ཤིས་བསྔགས་བརྗོད་བཅས་པའི་སྒོ་ནས་མཛད་སྒོ་མཇུག་གྲུབ། ཕྱི་དྲོའི་ཕྱག་ཚོད་ ༥:༣༠ ཐོག་སློབ་ཕྲུག་ཡོངས་ལ་སློབ་སྦྱོང་ལ་འབད་བརྩོན་གནང་དགོས་པ་དང་། དེ་བཞིན་ཡ་རབས་བཟང་སྤྱོད་དགོས་སྐོར་སོགས་ཀྱི་བཀའ་སློབ་གནད་སྨིན་གནང་ཞིང་། བླ་མའི་གསོལ་འདེབས་དང་། སྨྲ་སེང་བསྟོད་པ་སྙིང་པོ་རྣམ་གསུམ་བཅས་ཀྱི་ལྗགས་ལུང་གནང་། དགེ་སློབ་རྣམས་ལ་ཕྱག་རྟགས་དང་བྱིན་མདུད་བཅས་གསོལ་བསྩལ་མཛད།

ཟླ་བ་ ༠༤ པའི་ཚེས་ ༤ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠:༠༠ པའི་ཐོག་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་ ༣༤ པ་ཆེན་པོ་མཆོག་དང་སྟོན་འཁོར་ལྷན་རྒྱས་འབྲས་ལྗོངས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དུ་ཞབས་སོར་འཁོད་དེ། གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོ་སྨན་རིའི་དགེ་བཤེས་ཉི་མ་སེང་གེ་མཆོག་དང་། སྨན་རིའི་དགེ་བཤེས་ཡེ་ཤེས་རྒྱ་མཚོ་གཙོས་པའི་གྲྭ་མང་གིས་མན་འདལ་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་འདེགས་འབུལ་ཞུས་མཚམས། དད་ལྡན་སེར་སྐྱ་ཡོངས་ལ་མཇལ་ཁ་དང་བྱིན་རླབས་སྲུང་མདུད་བཅས་གནང་། སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གཡུང་དྲུང་ཀུན་གྲགས་གླིང་བོན་དགོན་དུ་སྨན་རིའི་མཁན་རབས་ཀྱི་ཞལ་ཐང་དང་རྗེ་མཉམ་མེད་ཆེན་པོ་གསེར་སྐུ་བཅས་བྱིན་རྟེན་གནང།  གཞན་ཡང་སྨན་རིའི་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་འབྲེལ་ཡོད་ལྷ་སྡེ་མི་མང་དང་དགོན་པའི་ལས་སྣེ་བཅས་ཀྱི་འཚོགས་འདུའི་ཐོག་འབྲས་ལྗོངས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་བོན་དགོན་གྱི་ཚོགས་གཙོའི་ལས་སྣེར་བསྐོ་བཞག་གནང་བ་དང་།

གཞན་ཡང་རམ་བུམ་དང་། གཡང་སྒོང།སི་རི་གྷུ་རིས་ (siliguri)ལ་སོགས་སུ་ཡོད་པའི་བོན་གྱི་གྲོང་སྡེ་དང་། ཁྱིམ་ཚང་གང་མང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆིབས་ཕེབས་གནང་སྟེ་རབ་གནས་བྱིན་རླབས་གནང་ཞིང་། དགེ་སྡིག་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་གནང་།

ཟླ་ ༠༤ ཚེས་ ༥ ཉིན་ སྔ་དྲོ་ (Tara bhir) ཞེས་པའི་རི་རྩེར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སྟོན་འཁོར་ལྷན་རྒྱས་དང་། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་སློབ་བཅས་ནས་བསང་གསོལ་མཛད།  ཉིན་རྒྱབ་སླར་དགོན་པར་ཞབས་སོར་འཁོད་དེ་དད་ལྡན་མི་མང་ལ་མཇལ་ཁ་དང་། ཕྱི་དྲོ་བླ་གྲྭ་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད།

དེ་ལྟར་འབྲས་ལྗོངས་སུ་བསྟན་འགྲོའི་མཛད་འཕྲིན་རྣམས་རེ་ཞིག་གྲུབ་ཏེ་ཚེས་ ༦ ཉིན་སྔ་དྲོར་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་འདུས་མང་ཡོངས་ནས་ཕེབས་སྐྱེལ་ཞུས་ཏེ་སྟོན་འཁོར་ལྷན་རྒྱས་མཁའ་ལམ་བརྒྱུད་རྒྱལ་ས་རྡི་ལིར་ཞབས་སོར་འཁོད་ཅིང་། ཕྱི་ཚེས་ ༠༧ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་སྟོན་འཁོར་བཅས་གདན་ས་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་བཅས་ཀྱི་གནས་ཚུལ་རག་ཟིན་དུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།

གནས་ཚུལ་མ་ཟིན་མཁོ་འདོན་པ་ཞབས་ཕྱི་ཤར་ཤེས་རབ་ཀུན་གསལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow