
༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་ལ། བྱང་ཨ་མི་རི་ཁའི་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་ཚོགས་སྡེ་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་བླ་མེད་ཐོབ་པར་བརྟེན། སྤྱི་ལོ་ ༢༠༢༣ ཟླ་བ་ ༤ པའི་ཚེས་ ༢༢ ཉིན་ནས། ཟླ་བ་ ༨ པའི་ཚེས་ ༢ ཀྱི་བར་ཟླ་གསུམ་རིང་ནིའུ་ཡོག་(New York) གཙོས་བྱང་ཨ་རིའི་མངའ་སྡེ་ཁག་གཅིག་དང་། མེག་སི་ཁོ་(Mexico)བཅས་ལ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་གནང་ཡོད་པ་རེད།
དེ་ཡང་སྤྱི་ཟླ་ ༤ པའི་ཚེས་ ༢༡ ཉིན་༸སྐྱབས་རྗེ་མཆོག་སྟོན་འཁོར་དང་བཅས་གདན་ས་སྨན་རི་ནས་ཕེབས་ཐོན་གྱིས། སྤྱི་ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་བརྒྱུད་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ (JFK) རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། བོན་གཤེན་གླིང་གི་དབུ་འཛིན་སྨན་རིའི་དགེ་བཤེས་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་མཆོག་དང་། ཀུན་གྲོལ་སྤྲུལ་སྐུ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རྣམ་གཉིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ལས་བྱེད་རྣམ་པ་དང་། དེ་བཞིན་ས་གནས་སེར་སྐྱ་མང་ཚོགས་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་བོན་གཤེན་གླིང་དུ་གདན་དྲངས།


སྤྱི་ཟླ་ ༤ པའི་ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་རིང་ (Warwick) བོན་གཤེན་གླིང་དགོན་གོང་མ་རུ་སྐྱོང་སྤྲུལ་མཆོག་གིས་གཙོས་བླ་སློབ་ཡོངས་དང་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་ཀྱི་རེ་འདུན་ལྟར། གཙང་མ་ཞང་ཞུང་གི་བོན་སྐོར་ཡི་དམ་གེ་ཁོད་གསང་བ་དྲག་ཆེན་གྱི་སྒྲུབ་གཞུང་བསྲང་སྟེ་སྔོན་འགྲོ་དང་དངོས་གཞིའི་བཀའ་དབང་ཟབ་མོ་བསྩལ་ཞིང་བོན་འཁོར་རྒྱ་ཆེར་བསྐོར་གནང་མཛད།


སྤྱི་ཟླ་ ༥ པའི་ཚེས་ ༦ ཉིན། (California) མངའ་སྡེའི་གྲོང་ཁྱེར་ (San Francisco) རྟེན་གཞིར་བྱས་པའི་གཡུང་ལིན་དགོན་ (Yun Lin Temple) པའི་དབུ་འཛིན་མཁའ་འགྲོ་གཡུང་དྲུང་དབང་མོ་ (Crystal Chu) གཙོས་དད་ལྡན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། གནས་འཁོད་མི་མང་ཡོངས་ལ་བོན་སྤྱོད་སྔོན་འགྲོའི་རིམ་པ་སྐྱབས་སེམས་སྐོར་གྱི་བཀའ་ཁྲིད་དང་། སངས་རྒྱས་སྨན་ལྷའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བཀའ་དབང་ཟབ་མོ་བསྩལ་གནང་མཛད།


སྤྱི་ཟླ་ ༥ པའི་ཚེས་ ༡༣ ཉིན། (San Mateo) རུ་ཡོན་ཡོན་ཤེས་ཡོན་ཐེབས་རྩ་ཚོགས་པས་ (YYEF) ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྗེ་བཙུན་མ་(Jetsun Ma) གཙོས་དགེ་སློབ་ཡོངས་ལ། མི་ཚེའི་རིན་ཐང་དང་། བྱམས་པ་དང་སྙིང་རྗེའི་སྒོ་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་ཀུན་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་བཀའ་སློབ་ལམ་སྟོན་གནད་སྨིན་དང་། ཚེས་ ༡༤ ཉིན་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་སྙན་བརྒྱུད་ཚེ་དབང་བྱ་རི་མའི་བཀའ་དབང་ཟབ་མོ་བསྩལ་ཏེ་དངོས་གྲུབ་ཚེ་རིལ་དང་བདུད་རྩི་ཚེ་ཆང་སྲུང་བ་ཚེ་མདུད་སྦྱིན་ཏེ་གདུལ་བྱའི་རེ་འདོད་བསྐང་པར་མཛད།


སྤྱི་ཟླ་ ༥ པའི་ཚེས་ ༡༦ ཉིན། (San Pablo) རྒྱལ་སར་གནས་པའི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་དབུ་འཛིན་སྨན་རིའི་དགེ་བཤེས་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་གཙོས་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ངང་གདན་ཞུས་གནང་། ཚེས་ ༡༩ ༢༠ ༢༡ བཅས་ཉིན་གསུམ་རིང་། རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ལ། ཚེ་སྒྲུབ་བྱ་རི་མའི་བཀའ་དབང་དང་། བླ་མེད་རྫོགས་པ་ཆེན་པོ་བྱང་སེམས་གབ་པའི་ལྗགས་ལུང་། མན་ངག་གསེར་གྱི་ལུང་ནོན་གྱི་བཀའ་ཁྲིད། ༸རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་བཀའ་དབང་བཅས་གདུལ་བྱའི་རེ་འདོད་ལྟར་བསྩལ་ཏེ་བོན་འབྲེལ་ཟབ་མོ་བཞག་གནང་མཛད།


སྤྱི་ཟླ་ ༥ པའི་ཚེས་ ༢༤ ཉིན། སྐྱབས་རྗེ་མཆོག་སྟོན་འཁོར་ལྷན་རྒྱས་ཨ་རིའི་ (Minnesota) མངའ་སྡེའི་རྒྱལ་ས་ (Minneapolis) གྲོང་ཁྱེར་དུ་ཞབས་སོར་འཁོད་པ་དང་། གཡས་རུ་བོན་གྱི་དབུ་འཛིན་སྨན་རིའི་དགེ་བཤེས་བླ་ཁྲི་ཉི་མ་གྲགས་པ་མཆོག་གིས་གཙོས་གཞུང་འབྲེལ་གྱི་མི་སྣ་དང་སེར་སྐྱ་མང་ཚོགས་ནས་ཕེབས་སུ་ཟབ་རྒྱས་ཞུས། ཚེས་༢༥ ༢༦ ༢༧ བཅས་ཉིན་གསུམ་རིང་། གཡས་རུ་བོན་ཚོགས་སུ་བླ་སློབ་ཡོངས་ལ། བྱམས་མའི་སྔགས་བསྟོད་ཀྱི་བཀའ་ཁྲིད་དང་། སྲིད་རྒྱལ་དྲག་སྔགས་གནད་ཀྱི་དགོངས་ཐིམ་གྱི་བཀའ་ཁྲིད། དེ་བཞིན་སྙིང་པོ་རྣམ་གསུམ་དང་། བླ་ཆེན་དྲན་པ་ནམ་མཁའི་གསོལ་འདེབས་ཀྱི་བཀའ་ཁྲིད་། བོན་སྤྱོད་ཡན་ལག་བདུན་པའི་ལྗགས་ལུང། སངས་རྒྱས་སྨན་ལྷའི་བཀའ་དབང་བཅས་བཀའ་དྲིན་རྒྱ་ཆེར་བསྩལ་གནང་མཛད།


དེ་བཞིན་ཚེས་ ༢༨ ཉིན། བྱང་ཨ་རི་(Minneapolis) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ནས་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་སྤྱི་ཁང་དུ་ཆེད་ཕེབས་གནང་ཐོག གངས་ཅན་བོད་ཀྱི་ཆོས་བརྒྱུད་ས་དགེ་བཀའ་རྙིང་གི་ཆོས་ཚོགས་ཁག་གི་དབུ་འཛིན་རྣམ་པ་དང་སེར་སྐྱ་མང་ཚོགས་ནས་གླུ་གར་གྱི་མཆོད་པའི་སྒོ་ནས་ཕེབས་བསུ་རྒྱ་ཆེར་ཞུས། དེ་བཞིན་སྐྱབས་རྗེ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་དབྱེ་དང་། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འདེགས་འབུལ་དང་སྐུ་གསུང་ཐུགས་རྟེན་ཁག་ལ་ཞལ་གཟིགས་ཀྱིས་མཆོད་འབྲེལ་བཞག་གནང་མཛད། ཚོགས་གཙོ་ལགས་ནས་ཕེབས་བསུའི་གསུང་འཕྲིན་དང་སྦྲགས་བཀའ་སློབ་སྐྱབས་འཇུག་ཞུས་པ་བཞིན། ༡ སྤྱིར་འཛམ་གླིང་གི་མི་རིགས་ནང་ཕན་ཚུན་དང་། སྒོས་སུ་བོད་མི་རིགས་ནང་ཁུལ་མཐུན་སྒྲིལ་དགོས་པ་གལ་ཆེ་ཚུལ་དང་། ༢ ཆོས་ལུགས་ཕན་ཚུན་དག་སྣང་དང་མཐུན་ལམ་དགོས་པ་ནི་སྤྱི་ཚོགས་སྤྱི་དང་བྱེ་བྲག་གང་ལ་ཡང་གལ་འགང་ཆེ་ཚུལ། ༣ བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་མུ་མཐུད་ཤུགས་སྣོན་དང་ཐུགས་ཁུར་གནང་དགོས་གལ་ཆེ་ཚུལ་སོགས་ཀྱི་བཀའ་སློབ་གནད་སྨིན་བསྩལ་རྗེས་སེར་སྐྱ་ཀུན་གྱིས་མཇལ་དར་བསྒྲོན་འབུལ་ཞུས།




སྤྱི་ཟླ་ ༥ པའི་ཚེས ༣༠ ཉིན། ཨ་རི་Pennsylvania མངའ་སྡེའི་གྲོང་ཁྱེར་ Pittsburgh ནང་དུ་ཞབས་སོར་འཁོད་སྐབས། འོལ་མོ་གླིང་གི་དབུ་འཛིན་བསྟན་པ་བླ་མ་མཆོག་གིས་གཙོས་བལ་པོའི་མི་རིགས་དང་དད་ལྡན་མི་མང་གིས་ཕེབས་བསུ་ཞུས་ཏེ་འོལ་མོ་གླིང་དུ་གདན་དྲངས། སྤྱི་ཟླ་༦ ཚེས་༢ ༣ ༤ བཅས་ཉིན་གསུམ་གྱི་རིང་། འོལ་མོ་གླིང་བོན་ཚོགས་ཀྱི་དགེ་སློབ་ཡོངས་ལ་བདེན་པ་བཞིའི་སྐོར་བཀའ་ཁྲིད་དང་། དུ་ཏྲི་སུའི་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་བཀའ་ཁྲིད་དང་ལྗགས་ལུང་། བཀའ་དབང་བཅས་བཀའ་དྲིན་བསྩལ་བར་མཛད།



སྤྱི་ཟླ་ ༦ པའི་ཚེས་ ༡༥ ཉིན། (New York) མངའ་སྡེའི་ (Warwick) ས་གནས་སུ་ཆགས་པའི་བོན་གཤེན་གླིང་དགོན་གོང་མ་རུ་བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན། མཆོད་རྟེན་བཞེངས་གསོལ་གྱི་སྟ་གོན་དུ་ས་གཟིགས་མཛད་ཅིང་། འབྱུང་བཞིའི་ས་བདག་རྣམས་ལ་ས་སློང་གི་ཆོ་ག་དང་རབ་གནས་སོགས་མཛད། ཚེས ༡༧ ༡༨ ཉིན་གཉིས་ཀྱི་རིང་ (Heart Mantra) ཐེབས་རྩ་ཚོགས་པའི་གོ་སྒྲིག་ལྟར་ཨ་རི་བ་དད་ལྡན་མང་ཚོགས་ལ་ཚེ་སྒྲུབ་བྱ་རི་མའི་བཀའ་ཁྲིད་དང་། ལྗགས་ལུང་བཅས་བསྩལ་གནང་མཛད།


སྤྱི་ཟླ་ ༦ པའི་ཚེས ༢༢ ཉིན། ཨ་རི་ (Virginia) མངའ་སྡེ་རུ་རྟེན་གཞིར་བྱས་པའི་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་མཆོག་གིས་གཙོས་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་ཞུས་ཏེ་རྒྱལ་སྤྱིའི་ལིག་མིན་རྐྱའི་བོན་ཚོགས་སུ་ཞབས་སོར་འཁོད། སྤྱི་ཟླ་ ༦ པའི་ཚེས་ ༢༤ ནས་སྤྱི་ཟླ་༧ པའི་ཚེས་ ༨ བར་གཟའ་འཁོར་གཉིས་རིང་། ལིག་མི་རྐྱ་བླ་སློབ་ཡོངས་ལ་མཇའ་ལུས་འཕོ་ཆེན་ཉེར་བཞིའི་དགོངས་ཉམས་མན་ངག་གི་བཀའ་ཁྲིད་དང་། ཀུན་གསལ་བྱམས་མ་ཆེན་མོའི་ཕྱི་ནང་གསང་གསུམ་གྱི་བཀའ་དབང་བཅས་བཀའ་དྲིན་བསྩལ་གནང་བ་དང་། དེ་བཞིན་ཕྱི་ཚེས་༢ ཉིན་བལ་པོ་བ་དད་ལྡན་བརྒྱད་ཅུ་ཙམ་གྱིས་རེ་འདུན་ལྟར་བོན་སྤྱོད་དང་འབྲེལ་བའི་བཀའ་སློབ་དང་མཇལ་ཁ་གནང་། ཚེས་༦ ཉིན་༸གོང་ས་སྐྱབས་མགོན་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་རིམ་ཁག་ལ་ཆེད་ཕེབས་ཀྱིས་བརྟན་བཞུགས་གསོལ་འདེབས་དང་བསང་གསོལ་སོགས་མཛད།



སྤྱི་ཟླ་ ༧ པའི་ཚེས་ ༡༠ ཉིན། མེག་སི་ཁོ་(Mexico) རྒྱལ་སར་ཞབས་སོར་འཁོད་མཚམས་དད་ལྡན་པ་རྣམས་ཀྱི་ཕེབས་བསུ་ཟབ་རྒྱས་ཞུས། ཚེས་ ༡༡ ཉིན་མེག་སི་ཁོ་(Mexico) རྒྱལ་ཡོངས་ཚགས་པར་ཁང་ནས་གསོལ་འདེབས་ཞུས་དོན་ལྟར། བོན་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་དང་། ན་གཞོན་ཕོ་མོ་རྣམས་བཟང་སྤྱོད་ཀྱི་ལམ་ལ་འཇུག་དགོས་ཚུལ། ལྷག་དོན་དུ་སྐྱེས་མ་རྣམས་ལ་ཁྲེལ་མེད་ཀྱི་བྱ་སྤྱོད་དང་བརྙས་གཙེར་སོགས་མི་གནང་བར་བརྩི་མཐོང་དགོས་ལུགས་བཅས་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད། དེ་བཞིན་མེག་སི་ཁོ་ (Mexico) ལིག་མི་རྐྱའི་ཚོགས་པས་གོ་སྒྲིག་ཞུས་པ་ལྟར། ཡུལ་མི་རྣམས་ལ་བོན་གྱི་ངོ་སྤྲོད་དང་། གཡུང་དྲུང་སེམས་དཔའི་སྤྱོད་ཚུལ་གྱི་སྒོ་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཚུལ་སོགས་ཀྱི་བཀའ་སློབ་ལམ་སྟོན་བསྩལ།


སྤྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་དགེ་བཤེས་དྲང་སྲོང་རྣམ་རྒྱལ་མཆོག་གི་བོན་ཚོགས་ཀུན་བཟང་སྒར་གྱི་སློབ་ཚོགས་ལ་བོན་སྐྱོང་སྲིད་པ་རྒྱལ་མོའི་ནང་བསྐང་གི་ལུང་དང་། མངའ་དབུལ་རབ་གནས་བཅས་མཛད། དགོང་དྲོར་ལྷོ་ཨ་མི་རི་ཁའི་བོད་མིའི་སྒྲིག་འཛུགས་སྐུ་ཚབ་དོན་གཅོད་ནས་གསོལ་འདེབས་ཞུས་དོན་ལྟར། མེག་སི་ཁོ་ (Mexico) མི་མང་བརྒྱ་ལྷག་འདུ་འཛོམས་ཀྱིས། ༧ གོང་ས་སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་སྲུང་བརྩི་དང་། ཆོས་ཚོགས་ཁག་གི་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་པ་འཐུས་མི་ཁག་གཅིག་ལ་མཇལ་འཕྲད་ཀྱིས་བཀའ་སློབ་བཀའ་དྲིན་ཆེ་བ་བྱུང་།




སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༡༤ ༡༥ ༡༦ བཅས་ཉིན་གསུམ་རིང་། ལིག་མི་རྐྱ་བྱམས་མ་གླིང་གི་མཆོད་རྟེན་ཆེན་མོར་དད་ལྡན་བོན་ཞུ་བ་རྣམས་ལ་བོན་འཁོར་ཚིག་བཞིའི་བཀའ་ཁྲིད་དང་། དེ་བཞིན་བྱམས་མའི་སྔགས་བསྟོད་དང་། རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་ཀྱི་ལུང་། མངའ་དབུལ་རབ་གནས། དུ་ཏྲི་སུའི་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་བཀའ་དབང་བཅས་བསྩལ་གནང་གིས་དད་ལྡན་པ་རྣམས་ཀྱི་རེ་འདོད་བསྐང་པར་མཛད།



སྤྱི་ཟླ་ ༧ པའི་ཚེས་ ༢༣ ཉིན། (New York) བོན་གཤེན་གླིང་དུ་ཧང་ཀང་གི་རྒྱ་རིགས་དད་ལྡན་པ་རྣམས་ལ་སྐྱབས་འགྲོའི་བསླབ་བྱ་དང་མན་ངག་ཉམས་ལེན་རིམ་སྐྱེས་པའི་ལུགས་ལྟར་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་གི་སྐོར་བཅས་བཀའ་ཁྲིད་ལམ་སྟོན་མཛད། དེ་བཞིན་ཚེས་༢༩ ཉིན། (New York) གྲོང་ཁྱེར་དུ་གནས་པའི་གཡུང་ལིན་དགོན་ (Yun Lin Temple) པར་གདན་ཞུས་ཀྱིས་རྒྱ་རིགས་དང་ཕྱི་རྒྱལ་བ་དད་ལྡན་བོན་ཞུ་བ་རྣམས་ལ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་ཏེ་གདུལ་བྱའི་སེམས་ཁམས་གསོ་བར་མཛད།



དེ་ལྟར ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་གི་བྱང་ཨ་རིའི་མཛད་འཕྲིན་ཁག་རེ་ཞིག་གྲུབ་ནས། སྤྱི་ཟླ་༨ ཚེས་༢ ཉིན། ནིའུ་ཡོག་བོན་གཤེན་གླིང་གི་བླ་སློབ་རྣམས་ཀྱིས་ཕེབས་སྐྱེལ་གནང་ཏེ། ཚེས་༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ་དང་། ཚེས་ ༥ ཉིན། གཞུང་འབྲེལ་དང་དེ་མིན་ཚོགས་སྡེ་ཁག་གི་ལས་བྱེད་དང་སྐུ་ཚབ། བོན་གཞིས་སེར་སྐྱ་མང་ཚོགས་ཀུན་གྱིས་ཕེབས་བསུ་དང་བཅས། ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་རི་སུལ་དུ་ཆགས་པའི་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་དེ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཞིང་སེར་སྐྱ་མང་ཚོགས་ཀུན་ལ་མཇལ་ཁ་བསྩལ་ཡོད་པ་བཅས་གནས་བསྡུས་སུ། སྐུ་ཡི་ཞབས་ཕྱི་བ་ཚྭ་ཚ་རིན་ཆེན་རྒྱལ་མཚན་གྱིས་སྤེལ་བ་དགེ། ཐ་ཚན་མུ་ཙུག་སྨར་རོ།