བླ་ཁྲི་མཁན་པོ་སྨན་རིའི་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས་སྤྱི་ལོ་ ༢༠༠༨ ལོར་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལེན་དུ་ཤར་རྫ་གླིང་སློབ་གཉེར་ལྟེ་གནས་ཁང་(Sharza Ling Institute. Poland)གསར་འཛུགས་དེབ་སྐྱེལ་ཞུས། དེའི་ཡན་ལག་ཏུ་ས་གནས་ (Sharza Gomdhe. Puszyki)སུ་ཤར་རྫའི་སྒོམ་སྡེའི་འོད་གསལ་ལྷ་ཁང་དང་། ཕི་ཏི་(Feet) ༢༤.༦ཅན་གྱི་སྟག་ལའི་མཆོད་རྟེན་སོགས་བཞེངས་སྐྲུན་གྱི་ལས་གཞི་ ༢༠༡༩ ལོར་འགྲུབ་ལ་ཉེ་སྐབས་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་རེ་ཞིག་ཨར་ལས་ཕྱི་བཤོལ་བྱ་དགོས་བྱུང་།


དེ་ནས་ ༢༠༢༣ ལོར་སྒོམ་སྡེའི་ལྷ་ཁང་རྟེན་དང་བརྟེན་པ་དང་། སྟག་ལའི་མཆོད་རྟེན། བཞུགས་ཤག་བཅས་ལེགས་པར་གྲུབ་ནས་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་གི་དབུས་པའི་སྨན་རིའི་དགེ་བཤེས་ཁ་ཤས་གདན་ཞུས་ཀྱིས་སྤྱི་ལོ་ ༢༠༢༣ /༩ /༡ ནས་ཚེས་ ༥ བར་ཤར་རྫ་གླིང་བོན་ཚོགས་ཀྱི་དབུ་བླ་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་དབུ་བཞུགས་ཐོག་རྣམ་ཀློང་གཉིས་ཏེ། མདོ་གཡུང་དྲུང་ཀློང་རྒྱས་དང་། གཤེན་རབ་རྣམ་པར་རྒྱལ་བའི་གཞུང་སྒྲགས་མའི་སྒོ་ནས་རབ་གནས་གནང་ཞིང་།



སྤྱི་ལོ་ ༢༠༢༣ /༩ / ༥ ཉིན་གྱི་སྔ་དྲོ། འོད་གསལ་ལྷ་ཁང་སྒོ་འབྱེད་དང་། སྟག་ལའི་མཆོད་རྟེན་ལ་རབ་གནས་ཀྱི་མཛད་སྒོ་གྲུབ་རྗེས། བོན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་མཛད་སྒོའི་གཙོ་སྐྱོང་གནང་ཞིང་། དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས། སྤྱིར་ཤར་རྫ་གླིང་སློབ་གཉེར་ལྟེ་གནས་ཁང་དང་། སྒོས་ཤར་རྫའི་སྒོམ་སྡེ་འདི་འཛུགས་སྐྲུན་དགོས་པའི་དགོས་དམིགས་སོགས་ཀྱི་སྐོར་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་ས་གནས་གྲོང་ཁྱེར་སྤྱི་ཁྱབ་ (Mayor-Andrzej Kulesza) མཆོག་གིས་བསྔགས་བརྗོད་དང་རྗེས་སུ་མཐུན་འགྱུར་ཇི་དགོས་གནང་འཐུས་ཀྱི་བཀའ་སློབ་གནང་།


དེ་རྗེས་ཤར་རྫ་གླིང་བོན་ཚོགས་ཀྱིས་ཤར་རྫའི་སྒོམ་སྡེ་འོད་གསལ་ལྷ་ཁང་གི་སྦྱིན་བདག་དང་། ཤར་རྫ་རིན་པོ་ཆེའི་སྐུ་ང་འདྲ་མ་མ་དཔེ་བྱས་ནས་བཞེངས་པའི་ཤར་རྫ་རིན་པོ་ཆེའི་སྐུ་འདྲའི་སྦྱིན་བདག སྟག་ལའི་མཆོད་རྟེན་གྱི་སྦྱིན་བདག དེ་བཞིན་ཚོགས་གཙོ་གསར་རྙིང་དང་། དམིགས་བསལ་ཕྱག་ལས་གནང་མཁན་གྱི་རྒྱུན་ལས་སོགས་ལ་ཐུགས་རྗེ་ལེགས་གསོལ་གནང་། ཉིན་དེའི་ཕྱི་དྲོར་བོན་ཚོགས་ཀྱི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བཀའ་དབང་གནང་ཞིང་བཀྲ་ཤིས་པའི་མཛད་སྒོ་ལེགས་པར་གྲུབ་པའི་གནས་བསྡུས་སུ།



གསལ་བཤད། གནས་ཚུལ་མཁོ་སྤྲོད་པས་ཇི་ལྟར་བྲིས་པ་ལ་རྒྱུན་ལྡན་དྲ་ཚིགས་ཁང་གིས་བེད་སྤྱོད་ཞུ་བཞིན་པའི་ཐ་སྙད་རེ་གཉིས་བསྒྱུར་བཅོས་ཞུས་པ་ལས་གཞན་བཟོ་བཅོས་གང་ཡང་མེད་པར་རང་སོར་བཞག་ཡོད་ལ། པར་རིས་ཀྱི་གོ་རིམ་སོགས་ནི་མཛད་རིམ་མཐུན་པའི་ངེས་པ་མེད་ཞུ།