གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༠ བོད་ཆུ་ཡོས་ལོའི་ཟླ་ ༡༠ བའི་ཚེས་ ༢ དང་། ཕྱི་ལོ་༢༠༢༣ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཁུངས་གཏོགས་བཙུན་དགོན་རཏྣ་སྨན་གླིང་དུ་སྐབས་གཉིས་པའི་དགེ་བཤེས་མའི་ཉིན་གཉིས་པའི་མཛད་སྒོ་ཚོགས་ཡོད་པ་དང་།
དེ་ཡང་བཙུན་དགོན་རཏྣ་སྨན་གླིང་གི་གཤེན་གྱི་དྲང་སྲོང་མ་རྣམས་ནས་བགྲང་བྱ་བཅུ་ཕྲག་ལྷག་གི་རིང་། གཡུང་དྲུང་བོན་གྱི་གཞུང་ཆེན་ཁག་ལ་ཚུལ་བཞིན་སློབ་གཉེར་དང་། དེ་མིན་ཐུན་མོང་རིག་གནས་མིང་གཞི་སྙན་ངག རྩིས་དཀར་ནག སྐུ་གདུང་དཀྱིལ་འཁོར། གཟུངས་བཞུགས་འབུལ་ཐབས་ཕྱག་ལེན་སོགས་ཚང་ལ་མ་ནོར་བར་བསླབ་པ་དོན་ཡོད་དུ་བྱས་པའི་འབྲས་རྟགས་སུ་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོ་བསྡུས་ཤིང་།
དེ་ཡང་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་བཙུན་དགོན་རཏྣ་སྨན་གླིང་ཚོགས་ཁང་གི་གཡས་གཡོན་ནས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་བདུག་སྤོས་རྒྱ་གླིང་གི་བསུ་མ་དང་། ཚོགས་ཁང་མདུན་ཐང་ནས་བཙུན་དགོན་རཏྣ་སྨན་གླིང་གི་མཚན་ཉིད་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་བཅས་གདན་འདྲེན་གྱིས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་བཅས། མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་སུ་གསོལ་བ་དང་ཆབས་ཅིག འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་བཅས་གཏོང་སྒོ་ཆེན་མོ་དང་ཟབ་ཇ། འབྲས་སིལ་འདེགས་འབུལ་སོགས་ཀྱི་མཛད་རིམ་གྲུབ་ཡོད་པ་རེད།
དེ་ཡང་ཉིན་གཉིས་པའི་བཀའ་རམས་མ་ཅོག་རོ་དྲང་སྲོང་གཡུང་དྲུང་སྨོན་ལམ་དབང་མོ་དང་། བཀའ་རམས་མ་བླ་མ་ཚང་དྲང་སྲོང་མ་བཀྲ་ཤིས་མཚོ་མོ་རྣམ་རྒྱལ། བཀའ་རམས་མ་ཏྲེ་སྟོན་དྲང་སྲོང་མ་ཤེས་རབ་ཕར་ཕྱིན་དགེ་བཅུ་བཅས་ཞལ་ངོས་ཆབ་ཕུལ་མཚམས་བསླབ་པ་རྒན་རིམ་ལྟར་མཇལ་ཁ་དང་བཤད་པ་གྱེར་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ནས་སེར་སྐྱ་མི་མང་ཡོངས་ལ་བཞེས་ལག་རྒྱས་འབུལ་ཞུས་ཤིང་།
ཉིན་རྒྱབ་ཆུ་ཚོད་ ༣།༠༠ པའི་སྟེང་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉས་དབུས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་མཁན་སློབ། བཙུན་དགོན་རཏྣ་སྨན་གླིང་གི་མཚན་ཉིད་མཁན་པོ།
སྨན་རིའི་སྒྲུབ་གྲྭའི་སློབ་དཔོན་བཅས་འདུས་མང་ཡོངས་ཚོགས་ཁང་དུ་གདན་ཞུས་ཀྱིས་བཀྲ་ཤིས་སྨོན་ལམ་དང་འབྲེལ། བཀྲ་ཇ་དང་བཀྲ་ཤིས་མཆོད་འབྲུ་གཏོར་བའི་མཛད་རིམ་བཅས་ཀྱིས་བཙུན་དགོན་རཏྣ་སྨན་གླིང་གི་སྐབས་གཉིས་པའི་ཉིན་གཉིས་པའི་དགེ་བཤེས་མའི་མཛད་སྒོ་མཇུག་གྲུབ་ཡོད་པ་དང་། སང་ཉིན་སྔ་དྲོ་བཀའ་རམས་རྣམས་ནས་ངག་རྒྱུགས་དང་ཉིན་རྒྱབ་རྩོད་རྒྱུགས་བཅས་བྱེད་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།