༄༅།། ཨེ་མ་ཧོ། མདོ་སྔགས་ལུང་རྟོགས་བསྟན་པའི་མཛོད་ཆེན་འཆང་། །
ཟླ་མེད་མཁྱེན་བརྩེ་གཏེར་ལ་དབང་འབྱོར་བ། །
བཤད་སྒྲུབ་བསྟན་པ་དར་རྒྱས་འཕྲིན་ལས་མགོན། །
སྐྱབས་རྗེ་འགྲོ་བའི་བླ་མར་གསོལ་བ་འདེབས། །
རྒྱལ་བ་འཕགས་ཚོགས་ལུང་གིས་མངའ་གསོལ་བཞིན། །
འཕྲུལ་ངག་གཤེན་བསྟན་གཙུག་གི་རྒྱན་གཅིག་ཏུ། །
སྐུ་མཆོག་གཡུང་དྲུང་ཁམས་སུ་རྟག་བརྟན་ཅིང་། །
བསྟན་འགྲོའི་འཕྲིན་ལས་འབད་མེད་ལྷུན་གྲུབ་གསོལ། །
ཞེས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཁན་ཆེན་རིན་པོ་ཆེ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་སྐུ་ཚེ་རྟག་བརྟན་དང་མཛད་འཕྲིན་དར་རྒྱས་ཡོང་ཕྱིར་རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གཙོས་འཁྲུངས་སྐར་གོ་སྒྲིག་ཚོགས་པ་ནས་གསུང་ཕེབས་ངོར་ ༸དཔལ་རྒྱལ་བ་སྨན་རི་བ་དང༌། གྲུབ་དབང་ཤར་རྫ་པ་རྣམ་གཉིས་ཀྱི་བསྟན་པའི་རིང་ལུགས་ལ་དད་པའི་སྣང་བ་རྒྱས་པའི་དབེན་གནས་པ་ཨ་འཇིགས་ཀྱིས་མདོ་སྨད་ཤར་རྫའི་གནས་མཆོག་ནས་སྒོ་གསུམ་གུས་ཕྱག་བཅས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ་བའོ། ༢༠༢༣།༡༡།༢༦