གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༠ བོད་ཟླ་ ༡༠ བའི་ཚེས་ ༡༧ དང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ པའི་ཚེས་ ༡༧ ཉིན། ༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཁུངས་གཏོགས་བཙུན་དགོན་རཏྣ་སྨན་གླིང་དུ་སྐབས་གཉིས་པའི་དགེ་བཤེས་མའི་བཀྲ་ཤིས་ཁྲི་བཞེངས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་།



བཙུན་དགོན་རཏྣ་སྨན་གླིང་གི་སྐབས་གཉིས་པའི་དགེ་བཤེས་མའི་བཀྲ་ཤིས་ཁྲི་བཞེངས་མཛད་སྒོར་དམིགས་བསལ་སྐུ་མགྲོན་རང་གཞུང་ཆོས་རིགས་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་དང་བོན་སྤྱི་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་རྣམ་གཉིས་ཆེད་ཕེབས་གནང་ཡོད་པ་རེད།

གོང་ཚེས་ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་༸སྐྱབས་རྗེ་མཁན་སློབ་རྣམ་པ་གདན་ཞུས་གྲུབ་རྗེས། དམིགས་བསལ་སྐུ་མགྲོན་ཆེ་ཁག་དང་བོན་གཞིས་རྒན་གཞོན་མང་ཚོགས་ཀྱིས་བོན་དར་དང་ཚན་པ་གང་འབྱོར་རེ་བསྣམས་ཏེ། འཆམ་རའི་ནང་བསྟར་ཕྲེང་སྒྲིགས་རྗེས། བཙུན་དགོན་རཏྣ་སྨན་གླིང་གི་མཚན་ཉིད་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་དང་།


བཀའ་རམས་མ་རྣམ་པ་བཅས་མཆོད་སྟེགས་པ་གཉིས་རེ་སྤེལ་ཏེ་གོ་རིམ་བཞིན་འདུལ་ཁང་དུ་ཕེབས་རྗེས། སྔར་མུས་ལྟར་འདུས་མང་གིས་བྱམས་མའི་སྔགས་བསྟོད་གསུངས་ཤིང་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་ཏེ་བཀྲ་ཇ་མཆོད་གྲུབ་མཚམས།


སྐབས་གཉིས་པའི་བཀའ་རམས་མ་རྣམས་བཀྲ་ཤིས་དམ་བཅའ་བཞུགས་པ་དང་། འདུས་མང་བླ་གྲྭ་བསླབ་པ་རྒན་རིམ་ལྟར་བཀྲ་ཤིས་རྟགས་གསལ་གྱི་མཆོད་ཚིག་ཕུལ་ཡོད་པ་དང་། དེ་རྗེས་འདུས་མང་ནས་བར་ཆད་ལམ་སེལ་གསུངས་ཏེ་ཚོགས་གྲོལ།


ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚན་བཏགས་ཀྱི་ཚིག་བཤད་རབ་དཀར་པད་མོའི་ཕྲེང་མཛེས་རྒྱས་པར་གསུངས་མཚམས། འདུས་མང་ཡོངས་ནས་མདོ་ཡན་ལག་བརྒྱད་པ་ལས་ཟུར་དུ་ཕྱུང་བའི་བསྔོ་བའི་ཚིག་བཤད་བདེར་གཤེགས་སྤྱན་དྲངས་བརྗོད། ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བསྔོ་བ་བདེ་ལེགས་མ་གསུངས་གྲུབ་རྗེས། འདུས་མང་ཡོངས་ནས་སྔ་རབས་འདས་པ་སོགས་གསུངས་ཏེ་དམིགས་མེད་བསྔོ་བའི་རྒྱས་འདེབས་ལེགས་པར་གྲུབ་མཚམས་བཀའ་རམས་མ་རྣམས་ནས་མཆོད་ཚིག་སྨོན་པ་ཡོངས་གྲུབ་གསུངས་ཏེ་མཆོད་འབྲུ་གཏོར།


དེ་ནས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་དགེ་བཤེས་མའི་ཕྱག་འཁྱེར་དང་། བྱིན་ཅན་སྲུང་མདུད་དྲི་མེད་ལྷ་དར་བཅས་གསོལ་བསྩལ་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ནས་མགུལ་དར་ཕུལ་བ་དང་།


དེ་རྗེས་དགེ་བཤེས་མ་རྣམས་གྲལ་བར་དུ་ཡར་མར་ཕེབས་མུས་སུ་མཚན་ཉིད་ཚིག་བཀྲའི་རིམ་པ་རབ་དཀར་པད་མོའི་ཕྲེང་བ་སྒྲ་དག་ཚིག་གསལ་གྱི་ངང་ནས་གསུངས་གྲུབ་རྗེས་གུས་ཕྱག་དང་བཅས་རང་གནས་སུ་བཞུགས་ཡོད་པ་རེད།


དེ་ནས་ཐེངས་འདིའི་དམིགས་བསལ་སྐུ་མགྲོན་རང་གཞུང་ཆོས་རིགས་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་ནས། མཛད་སྒོ་འདི་དང་འབྲེལ་བའི་གསུང་བཤད་དང་འབྲེལ། དགེ་བཤེས་མ་རྣམས་ནས་བགྲང་བྱ་དུ་མའི་རིང་དཀའ་བ་ཁྱད་དུ་བསལ་ནས་གཞུང་ལུགས་ཀུན་ལ་ཐོས་བསམ་ཚུལ་བཞིན་བྱས་པའི་འབྲས་རྟགས་མངོན་དུ་ཐོབ་ཞིང་། མ་འོངས་པ་ནའང་བསླབ་པ་དོན་ཡོད་དུ་བྱེད་རྒྱུ་དང་། སེར་སྐྱ་མི་མང་ཡོངས་ལ་བོད་ཀྱི་སྐད་དང་རིག་གཞུང་མ་ཉམས་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། མཐའ་དོན་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གཙོས་༧སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྱིས་མཇུག་བསྡུས་ཡོད་པ་དང་།


དེ་རྗེས་བསླབ་གསུམ་འདུས་པ་རྒྱ་མཚོ་ཡོངས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོ་ཐེག་པ་ཆེན་པོ་ཡུམ་གྱི་མདོ་གསུངས་ཤིང་ཁྲུས་ཆུ་ལ་སྔགས་ཏེ་ཚོགས་གྲོལ་མཚམས། ཐམས་ཅད་འཆམ་རར་ཕེབས་ཏེ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་རྣམ་འཇོམས་བྱབ་ཁྲུས་གནང་གྲུབ་པའི་རྗེས་འདུལ་ཆོག་ལྟར་ཉུ་ལེ་བཀར་བདུད་ཟློག་དང་ཞི་གྱུར་བརྗོད།

དེ་རྗེས་འདུས་མང་རྣམས་ཞལ་ཡར་ཕྱོགས་ཏེ་སྒོ་འཁྱམ་དུ་འདུལ་ཆོག་སྨོན་ལམ་གསུངས་མཚམས། ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་མཆོག་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་གསུངས་པ་དང་ཆབས་ཅིག འདུས་མང་ཡོངས་ནས་སྐལ་པ་བཟང་ཞེས་ལན་གསུམ་རྗེས་ཟློས་བྱས་དང་། དེ་ནས་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་རིམ་བཞིན་སྤོས་གླིང་གིས་སྣ་དྲངས་ཏེ་གཟིམ་ཤག་ཏུ་གདན་འདྲེན་ཞུ་བྱས།


སྐབས་གཉིས་པའི་བཀའ་རམས་མ་རྣམས་སྤོས་རྒྱ་གླིང་གི་གདན་འདྲེན་གྱིས་ཁྲི་ལ་མངའ་གསོལ་དང་འབྲེལ་སེར་སྐྱ་མི་མང་ཡོངས་ནས། བཀའ་རམས་འབྱམས་མ་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་བ་བཟང་ཞེས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་བསྟོད་ཚིག་དང་སྦྲགས།


ཁ་བཏགས་དང་མ་འདལ་རྟེན་དོད་ཀྱི་མཆོད་པ་ཕུལ་ནས། སྐབས་གཉིས་པའི་བཙུན་དགོན་རཏྣ་སྨན་གླིང་གི་དགེ་བཤེས་མའི་མཛད་སྒོ་བཀྲ་ཤིས་པའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

