༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཆེན་རྡོ་རྗེ་གདན་དུ་ཉིན་བཞིའི་རིང་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཚོགས་འདུ་རུ་ཕེབས་གནང་ཡོད་པ་རེད།
དེ་ཡང་ཐོག་མར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་ནས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ལ་བགྲོ་གླེང་ཚོགས་འདུ་དེའི་སྐུ་མགྲོན་དུ་གསོལ་འདེབས་ཞུས་པ་བཞིན་༧ རྒྱལ་བ་སྨན་རི་བ་མཆོག་མཛད་འཆར་གཞན་གྱི་རྐྱེན་པས་ཆིབས་བསྒྱུར་མཛད་མ་ཐུབ་པར། སྐུ་ཚབ་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ལ་ཕེབས་དགོས་པའི་བཀའ་ཕེབས་གནང་ཡོད་པ་དང་།
༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ཕྱག་ཞབས་དང་བཅས་སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ཉིན་རང་དགོན་ནས་རྒྱལ་ས་རྡི་ལིར་ཕེབས་གནང་མཛད་ཅིང་། སྤྱི་ཚེས་ ༡༨ ཉིན་མཁའ་ལམ་བརྒྱུད་རྒྱལ་ས་རྡི་ལི་ནས་གནས་མཆོག་རྡོ་རྗེ་གདན་(Bodhgaya)དུ་ཞབས་སོར་བཀོད་ཡོད་པ་དང་། དེར་གནམ་ཐང་དུ་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་ནས་མགྲོན་ཁང་བར་ཕེབས་བསུ་སྣེ་ལེན་ཞུས།
སྤྱི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་གྱི་སྔ་དྲོར་རྡོར་གདན་མ་ཧཱ་བྷོ་དྷི་རིགས་གཞུང་ལྟེ་གནས་ཁང་(Mahabhodi Cultural Center, Maya, Sarowar) དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ནང་པའི་རྒྱལ་ཁབ་ ༣༣ ནས་ཕེབས་པའི་ཆོས་བརྒྱུད་སོ་སོའི་བླ་ཆེན་ཁག་དང་། མཁན་པོ། ལྟེ་གནས་ཁག་སོ་སོའི་དབུ་ཁྲིད། པཱ་ལི་དང་ལེགས་སྦྱར་དེ་བཞིན་ཆོས་བརྒྱུད་སོ་སོའི་བླ་ཆེན་ཁག་དང་མཁན་པོ་སོགས་ཞལ་གྲངས་ ༢༠༠༠ ལྷག་ཙམ་དང་དགེ་འདུན་སེར་སྐྱ་གང་མང་ཟུར་ཉན་དང་བཅས་བགྲོ་གླེང་དབུ་འཛུགས་གནང་།
དེ་ནས་ཚེས་ ༢༢ ཀྱི་བར་ཉིན་གསུམ་གྱི་རིང་ཆོས་རྒྱུད་རིས་སུ་མ་ཆད་པའི་དགེ་འདུན་པ་དང་། བཙུན་མ། དགེ་སློང་། དགེ་སློང་མ། གཞན་ཡང་ནང་པའི་མཁས་དབང་རྣམ་པས་“ནང་པའི་འདུལ་བ་དང་། དུས་རབས་ཉེར་གཅིག་གི་ནང་པ་སངས་རྒྱས་པའི་ཆོས་ལུགས་པའི་འགན་འཁུར་” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པོར་གནང་།
གཞན་ཡང་རིན་པོ་ཆེ་མཆོག་ནས་དེར་ཕེབས་པའི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བླ་མ་དང་བླ་ཆེན་ཁག་མཇལ་ཕྲད་གནང་ནས་རིས་མེད་ཀྱི་ལྟ་གྲུབ་དང་ཉམས་མྱོང་བརྗེ་ལེན་གྱི་བཀའ་བགྲོས་སོགས་མཛད།
སྤྱི་ཚེས་ ༢༣ ཉིན་འགྲོ་གླེང་མཇུག་སྡོམ་ཉིན་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ནང་པའི་ཡུལ་གྲུ་ཁག་ནས་ཕེབས་པའི་ནང་པའི་བླ་ཆེན་ཁག་དང་ལྷན་དུ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་མདུན་དུ་འཛམ་གླིང་ཞི་བདེའི་ཆེད་དུ་ཐུགས་སྨོན་མཚམས་འབྱོར་དང་བཅས་ད་ལན་གྱི་མཛད་འཕྲིན་ལེགས་པར་གྲུབ།
སྤྱི་ཚེས་ ༢༤ ཉིན་མཁའ་ལམ་བརྒྱུད་རྡོར་གདན་ནས་རྒྱལ་ས་རྡི་ལི་དང་ཚེས་ ༢༥ ཉིན་རང་དགོན་དུ་ཞབས་སོར་འཁོད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ། གནས་ཚུལ་མཁོ་སྤྲོད་པ་ཕྱག་ཞབས་པ་ཟླ་བ་བསྟན་འཛིན།