༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ།

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༣༡ ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དམིགས་བསལ་མཇལ་བཅར་ཞུས་ཤིང་། ༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་༸གོང་ས་མཆོག་ལ་སྐུ་རྟེན་བསྟན་པའི་གཙོ་བོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་དང་། གསུང་རྟེན་སངས་རྒྱས་ཀྱི་བཀའ་<<ཀླུ་འབུམ་དཀར་ནག་ཁྲ་གསུམ་>>གསུང་པོད་གསུམ་ཅན། ཐུགས་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་མནྜལ་རྟེན་དོད་བཅས་ཕུལ་ཏེ་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཐུགས་སྨོན་གསོལ་འདེབས་དང་ཆབས་ཅིག རིན་པོ་ཆེ་མཆོག་ཉིད་རྒྱལ་བ་སྨན་རིའི་གསེར་ཁྲིར་ཕེབས་ནས་ལོ་ངོ་ ༦ རིང་བསྟན་འགྲོའི་དོན་དུ་མཛད་འཕྲིན་བསྐྱངས་པ་གཙོ་བོ་ཁག་འཁོད་པའི་ལས་སྡོམ་རགས་བསྡུས་དང་། མ་འོངས་མཛད་འཆར་འགའ་བཅས་གསེར་སྙན་དུ་སྒྲོན་འབུལ་ཞུས་གནང་སོང་།

          ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་བོན་པོ་རྣམས་ཀྱིས་ད་བར་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་བསྟན་རང་སྐྱོང་གནང་བར་བསྔགས་བརྗོད་དང་། དགོན་པའི་ནང་སྔར་བཞིན་གཞུང་ཆེན་ཁག་མུ་མཐུད་གཟིགས་ཀྱི་ཡོད་མེད་སྐོར་བཀའ་འདྲི་གནང་སྐབས། ༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གཙོ་བོ་གཞུང་མདོ་སྔགས་སེམས་གསུམ་ལ་སློབ་ཁྲིད་དང་འཆད་ཉན་སྒོམ་སྒྲུབ་བྱེད་ཀྱི་ཡོད་སྐོར་ཞུས་པར་༸གོང་ས་མཆོག་གིས་སླད་ནས་ཀྱང་གཞུང་ཆེན་ཁག་ལ་ཐོས་བསམ་འཆད་ཉན་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྐོར་སོགས་ཐུགས་བརྩེའི་བཀའ་གསུང་བསྩལ་ཞིང་ཕན་ཚུན་ཐུགས་སྨོན་མཚམས་སྦྱར་བཅས་མཛད་སོང་།

          སྤྱིར་ན་རྒྱ་གར་གྱི་ཡུལ་གྲུ་གང་ས་དང་ལྷག་པར་དུ་ཧི་མ་ཅལ་མངའ་ཁོངས་སུ་འདི་ལོར་གངས་དང་ཆར་པ་མ་བབས་པས། ཐན་སྐྱོན་གྱིས་འཐུང་ཆུ་དང་དུད་འགྲོ་སེམས་ཅན་གྱི་གཟན་རྩྭ། དགུན་ཞིང་སོགས་ལ་དཀའ་ངལ་འཕྲད་བཞིན་པའི་མུར་ཁར་ཉིན་མོའི་ཕྱི་དྲོ་ནས་བཟུང་སྨུག་སྤྲིན་གཏིབས་ཤིང་རིམ་བཞིན་ཆར་པ་བབས་ཏེ། ཁ་སང་ཞོགས་པ་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་༸གོང་ས་མཆོག་ལ་མཇལ་བཅར་གྲུབ་ནས་སྟོན་འཁོར་ལྷན་རྒྱས་བཞུགས་སྒར་ནས་ཆིབས་ཐོན་མ་མཛད་བར་སྟེ་ཉིན་མཚན་ཕྱེད་གཉིས་ཙམ་གྱི་རིང་ཆར་པ་རྒྱུན་ཆད་མེད་པར་བབས་ཤིང་།

བཞུགས་སྒར་གྱི་རི་མགོ་ཡོངས་རྫོགས་ཁ་བའི་གོས་དཀར་གྱིས་མཛེས་པར་བཀླུབས་ཏེ་དུས་ཡུན་ཧ་ཅང་རིང་མོའི་ཚུན་ཆད་གངས་དང་ཆར་པ་བབས་པ་ད་ཐེངས་ཐོག་མར་གྱུར་འདུག་པས། ཀུན་གྱིས་ཁུ་བྱུག་གནམ་ཆུ་སྒུག་པའི་དཔེ་ལྟར་རེ་སྒུག་བྱས་པའི་འབྲས་བུ་དུས་སུ་སྨིན་ཞིང་དགའ་སྤྲོས་ཁེངས་པར་གྱུར་འདུག

བན་དེའི་དགོན་སྡེ་ཆེ་ཁག་དང་དཔར་ཁང་ཆེ་གྲས་རྣམས་སུ་<<བོན་གྱི་ཀླུ་འབུམ་>>བཞེངས་པའི་དཔར་གཞི་མང་པོ་ད་ལྟའང་བཞུགས་ཡོད་པ་མ་ཟད། རྒྱལ་དབང་ལྔ་པ་ཆེན་པོའི་<<རང་རྣམ་དུ་ཀཱུ་ལའི་གོས་བཟང་>>སོགས་སུ་གངས་ཅན་གྱི་ཡུལ་གྲུ་སྤྱི་སྒོས་རྣམས་སུ་ནད་ངོ་ཟློག་པ་དང་། ཐན་སྐྱོན་ཞི་ཞིང་ཆར་ཆུ་དུས་སུ་འབེབས་ཐབས་ཀྱི་རིམ་གྲོ་རུ་གཞུང་ས་དགའ་ལྡན་ཕོ་བྲང་ནས་<<བོན་གྱི་ཀླུ་འབུམ་>>བཏོན་པའི་སྐོར་ལན་རེ་གཉིས་ཙམ་མ་ཡིན་པར་ཤིན་ཏུ་ནས་མང་པོར་གསལ་ཡོད་པ་དང་། ད་ཐེངས་ཀྱང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་<<ཀླུ་འབུམ་དཀར་ནག་ཁྲ་གསུམ་>>བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་གདན་དྲངས་ཤིང་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་གསུང་རྟེན་དུ་ཕུལ་བ་དང་མི་རྣམས་ཀྱིས་ཡུན་རིང་རེ་ཞིང་སྒུག་པའི་ཆར་པ་ཐོག་མར་བབས་པའི་དུས་ཚོད་དེ་དག་མ་སྒྲིག་རྟེན་འབྲེལ་རང་འགྲིག་ལྟ་བུར་གྱུར་ཡོད་འདུག་པ་བཅས་ཀྱི་ཞོར་འཕྲོས་སུ་ཞུས་པའོ། །ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༡ ཉིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow