དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༤ དང་། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་ཚེས ༢༣ ཉིན་གདན་ས་སྨན་རིའི་གླིང་གི་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོའི་ཉིན་ལྔ་པའི་མཛད་རིམ་བསྐྱངས་གནང་སོང་ལ། དེ་ཡང་སྔ་དྲོ་བཀའ་རམས་པ་བརྒྱད་ཀྱིས་དམ་བཅའི་ཚིགས་བཤད་བློ་རྒྱུགས་ཕུལ། ཕྱི་དྲོ་དུས་ཚོད་༡།༣༠ ནས་ ༥།༠༠ པའི་བར་བཀའ་རམས་པ་བརྒྱད་དམ་བཅར་བཞུགས་ཤིང་རབ་འབྱམས་དགེ་བའི་བཤེས་རྣམས་ཀྱིས་རིམ་པར་རྟགས་གསལ་རྩོད་གནང་སོང་།
གོང་ཚེས་ཉིན་གྱི་ཞོགས་པར་ཆུ་ཚོད་༩:༠༠སྟེང་། གྲྭ་ཚང་མཆོད་དཔོན་ནས་རྡོ་ཏིང་གི་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་སྣ་རྒྱ་གླིང་གིས་ཕེབས་བསུ་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བཀའ་རམས་པ་སྤྱང་རུ་དྲང་སྲོང་ཡེ་ཤེས་རྒྱལ་བ་རྒྱ་མཚོ་དང་། ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྒྱ་མཚོ། དབྲ་ཚ་དྲང་སྲོང་གཙུག་ཕུད་འཇིགས་མེད་རྒྱལ་མཚན། མགར་རུ་དྲང་སྲོང་ཡེ་ཤེས་ཀུན་བཟང་རྒྱ་མཚོ། རྒྱལ་ལྷ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་རྣམ་རྒྱལ། མེ་ཉག་དྲང་སྲོང་དྲི་མེད་གཡུང་དྲུང་རྣམ་དག ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྣམ་རྒྱལ། དབྲ་ཚ་དྲང་སྲོང་ཤེས་རབ་གཡུང་དྲུང་གྲགས་པ་བཅས་བརྒྱད་པོ་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཕེབས་བསུ་དང་བཅས་ཚོགས་ཁང་དུ་ཕེབས་ནས་བཞུགས་ཁྲི་དང་བཞུགས་གྲལ་དུ་འཁོད།
དེ་མཚམས་འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་དང་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་གྲུབ་མཚམས་ཚོགས་ཆེན་ཞལ་ངོ་ནས་ཉིན་འདིའི་དམ་བཅའ་བ་བཀའ་རམས་པ་རྣམས་ལ་ཆབ་ཕུལ་མཚམས་སྔར་སྲོལ་ལྟར་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་གྲལ་མཇུག་ནས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བསྟན་གཙོའི་མདུན་གྱི་དམ་ཁྲིར་བཞུགས་ཏེ་ དཀའ་ཆེན་གྱིས་ “མཚན་ཉིད་དམ་བཅའི་དབུ་འཆད་པད་དཀར་ཆུན་པོ་” དང་དཀའ་ཆུང་རྣམས་ཀྱིས་”དམ་བཅའི་ཚིག་བཤད་མན་དྷ་ར་བའི་འཕྲེང་བ་”གཉིས་རིམ་བཞིན་ངག་རྒྱུགས་ཕུལ་གྲུབ་མཚམས་བར་ཆད་ལམ་སེལ་གསུང་ཞིང་འཚོགས་གྲོལ།
ཆུ་ཚོད་ ༡༢།༠༠ སྟེང་ཚོགས་བརྡ་དང་བཅས་འདུས་མང་ཚོགས་བཞུགས་ཀྱིས་དམ་ཐུག་ཆེན་མོ་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་ ༡།༣༠ སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་གཞན་ཡང་བཀའ་རམས་པ་སོ་སོའི་སྐུ་མགྲོན་དང་སེར་སྐྱ་མི་མང་འདུ་འཚོགས་ཐོག གོང་གསལ་བཀའ་རམས་པ་རྣམ་ཀྱི་དགེ་བཤེས་དམ་བཅའ་ཆེན་མོ་འཚོགས་གནང་ཡོད་པ་དང་། འཚོགས་བཞུགས་དགེ་བཤེས་རྒན་རིམ་བཞིན་བླ་མེད་རྫོགས་པ་ཆེན་པོའི་སྐོར་ནས་རྟགས་གསལ་བཏང་གནང་ནས་དུས་ཚོད་ ༣ པར་གསོལ་ཇ་དང་ཁ་ཟས་བཞེས་གྲུབ་མཚམས་སྐར་མ་ ༡༥ ཙམ་གྱི་རྗེས་ནས་སླར་ཡང་སྔར་ལྟར་གོ་རིམ་བཞིན་རྟགས་གསལ་བཏང་གནང་ནས་དུས་ཚོད་ ༥།༠༠ སྟེང་གྲོལ་ཡོད་པ་རེད།
དེ་རྗེས་སྐར་མ་བཅོ་ལྔ་ཙམ་གྱི་རྗེས་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་ལྔ་པ་དེ་ཉིད་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།