ཧོར་འཕེན་ཚང་དྲང་སྲོང་ལུང་རྟོགས་བསྟན་པ་འབྲུག་གྲགས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་དེབ་གསར་འགྲེམས་སྤེལ་གནང་བ།

སྔོན་གླེང་གཤེན་གྱི་མཆིད་གསུམ།

བཀའ་རམས་པ་ལུང་རྟོགས་བསྟན་པ་འབྲུག་གྲགས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་ཁོང་ཉིད་ཀྱིས་བརྩམས་པའི་བོན་གྱི་གསང་སྔགས་བསྐྱེད་རྫོགས་སྐོར་ལ་དཔྱད་པ་ཞེས་པའི་དཔེ་གསར་པ་གཅིག་དབུ་འབྱེད་གནང་སོང་།

དང་པོ། གསང་སྔགས་སྤྱི་དང་ཁྱད་པར་རིམ་གཉིས་ཀྱི་ཆེ་བ། གཡུང་དྲུང་བོན་ལུགས་སུ་གཞུང་མདོ་སྔགས་སེམས་གསུམ་ཞེས་ཡོངས་སུ་གྲགས་ཤིང་། དེ་ཡང་ཕྱི་མདོ་རྒྱུད་སྤྲུལ་སྐུ་ནས་བརྒྱུད་པ་དང་། ནང་སྔགས་རྒྱུད་རྫོགས་སྐུ་ནས་བརྒྱུད་པ། གསང་བ་སེམས་ཕྱོགས་རྫོགས་པ་ཆེན་པོ་བོན་སྐུ་ནས་བརྒྱུད་པར་གསུངས། དེའི་གོ་དོན་ནི་ཐེག་པ་ཆེན་པོ་མདོ་ཡི་བོན་བླ་མེད་ཕྱིན་བཅུ་དང་ཐར་པའི་ལམ་ལྔ་སོགས་རྒྱུ་ཚོགས་གཉིས་ལ་བརྟེན་ནས་འབྲས་བུ་སྤྲུལ་པའི་སྐུ་ཐོབ་སྟེ་སླར་ཡང་གདུལ་བྱ་དབང་པོ་ཐ་མ་སོ་སོ་སྐྱེ་བོ་ལ་སྤྲུལ་པ་སྣ་ཚོགས་ཀྱི་སྒོ་ནས་ཐེག་སྒོ་ཅི་རིགས་པའི་བོན་འཁོར་བསྐོར་བ་དང་། ཟབ་དཀར་སྔགས་ཀྱི་ལམ་བསྐྱེད་རྫོགས་རིམ་གཉིས་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཞི་ཁྲོ་རིགས་ལྔ་ལ་སོགས་ཐོབ་ཅིང་། དེས་ས་གནས་གཡུང་དྲུང་སེམས་དཔའམ་རིག་འཛིན་རྣམ་པ་བཞི་སོགས་གདུལ་བྱ་ལྷ་མིའི་འཕགས་ཚོགས་ལ་དགོངས་པ་ཏིང་ངེ་འཛིན་གྱི་སྒོ་ནས་ཐེག་ཆེན་གྱི་བོན་སྤྱི་དང་ཁྱད་པར་དུ་གསང་སྔགས་གསང་བའི་བོན་འཁོར་སྐོར། བླ་མེད་རྫོགས་པ་ཆེན་པོའི་ལམ་ཐོད་རྒལ་དང་ཁྲེག་ཆོད་ལ་བརྟེན་ནས་འབྲས་བུ་བོན་སྐུ་བདེ་བ་ཆེན་པོ་ཐོབ་ཅིང་། དེས་གདུལ་བྱ་སྐལ་ལྡན་བློ་དབང་པོ་ཡང་རབ་རྣམས་ལ་ཐུགས་ཉིད་མ་གཡོས་པའི་དབྱིངས་ནས་དགོངས་པ་ཀུན་ཁྱབ་ཆེན་པོས་གནས་ལུགས་རྫོགས་པ་ཆེན་པོའི་བོན་གསུངས་པ་སོགས་མདོ་སྔགས་སེམས་གསུམ་སོ་སོའི་གདུལ་བྱའི་སྣོད་དང་། གསུངས་པའི་བཀའ། མཐར་ཐུག་གི་འབྲས་བུ་བཅས་གསུམ་ལ་ལྟོས་ཏེ་བསྟན་པ་རྣམ་པར་དག་པ་ལ་བརྒྱུད་ཁུངས་ཀྱི་སྟོན་པ་རྣམ་པར་དག་པ་དེ་ལྟར་འཇོག་པ་ལགས་སོ། ། ཐེག་པ་དེ་གསུམ་ལས་འབྲས་བུ་གསང་སྔགས་ཀྱི་བོན་སྒོ་ནི། ཐབས་ཆེ་ལ་སྒོ་ཡངས་པ། ལམ་ཟབ་ལ་འབྲས་བུ་མྱུར་བ། ཁྱད་པར་དུ་ཉམས་ལེན་དང་སྦྱར་ཏེ་བཤད་ན། གཞི་དམ་ཚིག་གིས་བཟུང་། སྒོ་དབང་གིས་དབྱེ། ཁོག་ཏིང་ངེ་འཛིན་གསུམ་གྱིས་དབུབ། ལམ་རིམ་པ་གཉིས་ཀྱིས་བགྲོད། འབྲས་བུ་གནས་སྐབས་སུ་རིག་འཛིན་ཐར་པའི་ལམ་བརྒྱད་དམ་རིག་འཛིན་རྣམ་པ་བཞི་བློ་དང་དབང་པོའི་ཁྱད་པར་གྱིས་རིམ་དང་གཅིག་ཆར་ཅི་རིགས་ཀྱིས་བགྲོད་ཅིང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ཞི་ཁྲོ་བདེར་གཤེགས་རིགས་ལྔ་སོགས་ཀྱི་སྐུ་རུ་གྲུབ་སྟེ་ཚེ་ལུས་གཅིག་ལ་གསང་ཆེན་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་གཞུང་ལུགས་ཟབ་མོ་ཞིག་ཡིན་ནོ། ། ཐེག་སྒོ་འདིར་ཞུགས་ནས་མཐར་ཐུག་བདེ་བ་ཆེན་པོའི་གོ་འཕང་འཐོབ་འདོད་ན། ལམ་བསྐྱེད་རྫོགས་རིམ་གཉིས་ནི་ཉམས་ལེན་གྱི་གཙོ་གནད་ཉག་གཅིག་དེ་ཡིན། རྒྱུ་མཚན་ནི། སྔགས་ལུགས་སུ་མ་དག་ཐ་མལ་གྱི་སྣང་ཞེན་སྦྱངས་ཏེ་དག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་དགོས་ཤིང་། དེ་ཡང་ཟག་བཅས་འབྱུང་དུག་གི་ཕུང་པོ་ཟག་མེད་ལྷ་སྐུ་ཡེ་ཤེས་ཀྱི་རོལ་པར་བསྒྱུར་བའི་རིམ་པ་དང་པོའི་རྣལ་འབྱོར་བསྐྱེད་རིམ་གྲུབ་པར་བྱས་ཏེ། དེས་རང་གི་ཕུང་ཁམས་སྐྱེ་མཆེད་རྣམས་སུ་རང་ཆས་ལྷུན་གྲུབ་ཏུ་ཡོད་པའི་ཡི་དམ་རྒྱལ་བའི་དཀྱིལ་འཁོར་དེ་ཉིད་ཐབས་ལམ་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པའི་རིམ་པ་གཉིས་པའི་རྣལ་འབྱོར་རྫོགས་རིམ་སྨིན་པར་བྱས་ཏེ། དེ་ཉིད་གོམས་པ་མཐར་ཐུག་ནས་ལྷུན་གྲུབ་མཚན་དཔེས་བརྒྱན་པའི་བདེ་བར་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་དགོས་པའི་ཕྱིར་རོ། །

གཉིས་པ། རྩོམ་དེབ་མཚམས་སྦྱོར་དང་དེའི་རིན་ཐང་གླེང་བ། སྤྱིར་ན་“གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་”ཀྱི་ལས་གཞི་འདི་ནི་རང་རེའི་གཞུང་ལུགས་གཞི་རྒྱ་ཧ་ཅང་ཆེ་བས་གང་ཟག་གཅིག་གིས་ཐམས་ཅད་ནང་བྱན་ཆུད་པ་ནི་ཤིན་ཏུ་ནས་དཀའ་བས། དེང་དུས་ཡར་ཐོན་ཅན་གྱི་སློབ་གཉེར་ལམ་ལུགས་ལྟར་གཞུང་དང་སྡེ་ཚན་བྱེ་བྲག་པ་ཞིག་གི་ཐད་ནས་ཆེད་མཁས་པ་གསོ་སྐྱོང་ལ་དམིགས་ཡོད་པ་བཞིན། རྩོམ་དེབ་འདིའང་ལས་གཞི་དེའི་འོག་སློབ་གཉེར་གྱི་བརྒྱུད་རིམ་ནས་བྲིས་པ་ཞིག་ཡིན་པ་ལས། བསྐྱེད་རྫོགས་རིམ་གཉིས་ཀྱི་གནད་ལ་ཆེད་མཁས་པ་ཞིག་གིས་ཆེས་མཐའ་མཇུག་གི་གྲུབ་དོན་ནམ་སྡོམ་ཚིག་ལྟ་བུ་ཞིག་མིན་སྟབས་སྐྱོན་དང་ཞན་ཆའི་རིགས་ཡོད་པ་ནི་སྨོས་སུ་མེད་ནའང་། རྩོམ་པ་པོ་ཁོང་ལྟ་བུ་ལྷན་སྐྱེས་ཤེས་རབ་ཀྱི་དཔལ་འབར་བའི་གྲྭ་རྐྱང་ཞིག་གིས་ལོ་ངོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་གཞུང་ཆེན་ལ་ཐོས་བསམ་བྱས་པའི་ལག་རྗེས་སམ་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དེ་ཁོ་ནར་བསམ་ན་རིན་ཐང་གི་ཚད་ངེས་ཅན་ཞིག་འཇོག་ཆོག་ལ། མི་ལོ་ཧྲིལ་པོ་གསུམ་ལ་ཆེད་མངགས་དུས་ཚོད་ནར་གཏོང་གིས་བསྐྱེད་རྫོགས་སྐོར་རྐང་འཛིན་གྱིས་དཔེ་ཀློག་དང་གཤིབ་བསྡུར་གནང་བའི་གྲུབ་འབྲས་ཤིག་ཡིན་པའི་ཆ་ནས་དེ་བས་ཀྱང་གདེང་འཇོག་འོས་སོ། ། དེ་ལྟར་ནའང་ཁོ་བོས་འདི་ནས་སྔོན་གླེང་གི་གོ་སྐབས་བཟུང་ནས་བསྔགས་བསྟོད་ཀྱི་དར་ཕྱར་དུང་འབུད་བྱ་རྒྱུ་མིན། རྒྱུ་མཚན་གཅིག་ནི། རྩོམ་པ་པོས་ཕྲན་ལ་ཐོག་མར་སྔོན་གླེང་འབྲི་སྐུལ་གནང་སྐབས་དཔེ་དེབ་ཀྱི་མཚམས་སྦྱོར་ཙམ་ལས་ཁོང་ལ་བསྟོད་བསྔགས་རིགས་བྱེད་མི་དགོས་ཞེས་ཁོང་ཉིད་ནམ་རྒྱུན་དཔེ་ཆ་བ་ཉམས་ཆུང་ཞི་དུལ་གྱི་རང་ཚུགས་དེ་དྲན་ལམ་དུ་མངོན་པར་བྱས་བྱུང་བ་དང་། གཉིས་སུ་ནི་ལས་གཞི་འདི་དག་རང་ཉིད་དང་འབྲེལ་བ་ཡོད་སྟབས། “བུ་ཕས་བསྟོད། །བུ་མོ་མས་བསྟོད་”དུའང་གོ་བ་ལོག་སྲིད་པས། རྩོམ་དེབ་འདིའི་དངོས་གཞིའི་ནང་སྙིང་དང་འབྲེལ་བའི་དགེ་འདོན་སྐྱོན་སེལ་དང་། དགག་སྒྲུབ་དག་ཐེར་གང་དགོས་གཞུང་ཆེན་ལ་གོ་རྟོགས་ཟབ་པའི་ཀློག་པ་པོ་སྤྱི་དང་། ཁྱད་པར་ཏུ་ཟབ་མོ་རིམ་གཉིས་ཀྱི་གནད་ལ་བློ་གྲོས་ཀྱི་མཁྱེན་རྒྱ་ཡངས་པ་རྣམས་ཀྱི་བགོ་སྐལ་ཕུལ་ཏེ་གཤམ་དུ་ནང་དོན་མཚམས་སྦྱོར་དང་འབྲེལ་ནས་དཔེ་དེབ་འདིའི་དངོས་ཡོད་ཀྱི་ཁྱད་བོན་འགའ་ཞིག་གླེང་རྒྱུ་ལགས་སོ། །​དང་ཐོག་སྔོན་འགྲོའི་ཁ་བྱང་བདམས་པའི་དམིགས་ཡུལ་དང་། ད་ལྟའི་བར་དཔྱད་བརྗོད་ཀྱི་གནས་བབ། དཔྱད་བསྡུར་གྱི་ཐབས་ལམ། དཔྱད་གཞིའི་ཡིག་ཚང་ངོ་སྤྲོད་བཅས་དེང་དུས་དཔྱད་རྩོམ་ཚད་ལྡན་འབྲི་བའི་ལམ་ལུགས་བེད་སྤྱད་དེ་བརྗོད་གཞི་བསྐྱེད་རྫོགས་གཉིས་ཀྱི་སྐོར་འདི་དམིགས་བཟུང་དགོས་པའི་རྒྱུ་མཚན་དང་། ད་བར་འདིའི་ཐད་ཇི་ལྟར་སྟོང་ཆར་ལུས་ཡོད་པའི་སྐོར། རྩོམ་པ་པོ་ཁོང་གིས་སྟོང་ཆ་དེ་ཉིད་ཁ་སྐོང་བར་རྩོམ་འབྲིའི་ཐབས་ལམ་ཇི་ལྟ་བུ་ཞིག་གི་སྒོ་ནས་འགྲེལ་གཞིའི་ཡིག་ཆ་གཙོ་བོ་གང་དང་གང་རྩ་འཛིན་དང་དཔྱད་གཞི་དྲངས་ཡོད་མེད་བཅས་གསལ་བར་བཤད་འདུག དངོས་གཞིའི་སྐབས་<<ཡེ་ཁྲི་མཐའ་སེལ་ལོ་རྒྱུས་སྐོས་ཀྱི་མཆོངས་>>ལས། “སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད། །ལས་ཅན་ཡིད་ཆེས་བསྐྱེད་ཕྱིར་རོ།” །ཞེས་པའི་གདམས་དོན་གནད་དུ་བཟུང་སྟེ། ཐོག་མར་བརྗོད་གཞིའི་འགོ་ནས་གང་གླེང་བར་བྱ་བའི་བསྐྱེད་རྫོགས་རྣམ་གཉིས། གང་ལས་བྱུང་བའི་ཁུངས་གསང་སྔགས་ཀྱི་བྱུང་རིམ་དང་། ཁྱད་པར་དུ་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་སྐོར་ཅུང་ཟད་ཞིབ་རྒྱས་སུ་བྲིས་ཏེ། བསྟན་པ་རྣམ་པར་དག་པ་ལ། བྱུང་ཁུངས་ཀྱི་སྟོན་པ་རྣམ་པར་དག་པའི་སྐོར་དཔེ་ཁུངས་གཤིབ་བསྡུར་གྱིས་ངོ་སྤྲོད་དང་དཔྱད་གླེང་གནང་ཡོད། བར་དུ་བརྗོད་གཞིའི་ཀླུང་དུ་བབས་ཀྱང་བསྐྱེད་རྫོགས་གཉིས་པོ་རྡོ་རྗེའི་སྐེད་ནས་མ་འཇུས་པར། རིམ་པ་གཉིས་ཀྱི་རྣལ་འབྱོར་རང་རྒྱུད་ལ་འབྱོར་བ་ལ་ལུས་སེམས་ཀྱི་རྟེན་དང་ཞི་ལྷག་གི་གཞི་རྨང་ཇི་ལྟར་འདིང་དགོས་པའི་ཚུལ་སོགས་བཤད་དེ། གཟོད་ཁོག་ཏིང་ངེ་འཛིན་རྣམ་གསུམ་གྱིས་དབུབ་ནས་དངོས་གཞི་བསྐྱེད་རྫོགས་གཉིས་པོ་རིམ་བཞིན་རྒྱས་པར་གླེང་ཡོད། དེ་ཡང་དཔེ་བཤུ་ལད་ཟློས་དང་། ལུང་ཚིག་བཏུས་སྒྲིག་ལྟ་བུ་མ་ཡིན་པར་ད་བར་མཁས་པ་དག་གིས་ཡིག་ཚོགས་ལ་འཇིགས་པ་དང་སྤྲོས་པ་སྐྱུང་བ་སོགས་ལ་ཁ་གཡར་ནས་གཡོལ་ཐབས་བྱས་པའི་<<སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག་>>སོགས་རྒྱུད་གཞུང་ཁག་གི་དཀའ་གནད་མང་པོ་དོགས་སློང་དང་གསེད་བཀྲོལ་གནང་ཡོད་པས། ཐམས་ཅད་གནད་ལ་ཁེལ་བར་ཞུ་མི་སྤོབས་ཀྱང་། གཞུང་ཆེན་སྤྱི་དང་ཁྱད་པར་དུ་ཟབ་ལམ་སྔགས་ཀྱི་སྐོར་ལ་དོ་དབྱིངས་དང་ཉམས་ཞིབ་ཅན་ཚོར་བློ་བསྐྱེད་གསར་པ་དང་། དཔྱད་གཞི་གལ་འགངས་ཅན་མང་དུ་རྙེད་ཐུབ་པར་གདོན་མི་ཟ། མཇུག་ཏུ་རིམ་གཉིས་རང་རྒྱུད་ལ་འབྱོངས་པའི་ལག་རྗེས་རླུང་སེམས་ཟུང་འཇུག་གི་སྐུ་རིག་འཛིན་རྣམ་པ་བཞི་ཇི་ལྟར་འཐོབ་ཚུལ་དང་འབྲེལ་ནས་དཔེ་མང་གཤིབ་བསྡུར་གྱིས་སྔ་མའི་བཤད་སྒྲོས་གཡམ་ལ་མ་རྒྱུག་པར་རང་ཉིད་ཀྱི་བསམ་ཚུལ་ལམ་དཔྱད་འབྲས་རྩལ་འདོན་གནང་ཡོད་པས་སློབ་པ་གསར་ཞུགས་རྣམས་ལ་ལེགས་བཤད་ཀྱི་བདུད་རྩི་དང་། དཔྱོད་ལྡན་མཁས་པའི་ཚོགས་ལ་དགོངས་པའི་དཔྱད་གཞི་གལ་འགངས་ཅན་དུ་འགྱུར་བར་ཐེ་མི་ཚོམ། མདོར་བསྡུས་ན་ཁོང་གིས་དཔེ་དེབ་འདིར་ཕྱོགས་གཅིག་ནས་བོན་གྱི་བཀའ་དང་བཀའ་བརྟེན་ཁག་གཙོ་བོར་བྱས་པའི་དཔེ་ཁུངས་མ་འདྲ་བ་སྣ་ཁ་ཉིས་བརྒྱ་མ་ཟིན་ཙམ་ལྗགས་ཀློག་དང་གཤིབ་བསྡུར་མཛད་དེ། ལུང་ཚིག་སྤུངས་སྒྲིག་ལྟ་བུ་མ་ཡིན་པར་དཀའ་གནད་དུ་མའི་ཐོག་ནས་དཔྱད་གླེང་དང་གསེད་བཀྲོལ་གནང་ཐབས་ལ་འབད་བརྩོན་གནང་ཞིང་། ལུང་ཁུངས་དཔེ་མིང་དང་། རྩོམ་པ་པོ། དཔར་སྐྲུན་ཁང་། དཔར་ལོ། དེབ་གཟུགས་དཔེ་གཟུགས་གང་ཡིན་སོགས་གསལ་བར་འཁོད་པའི་དཔྱད་མཆན་ཆིག་སྟོང་ཉིས་བརྒྱ་ལྷག་བཀོད་མཛད་དེ། དེང་རབས་ཚད་མཐོའི་ཞིབ་འཇུག་གི་རྩོམ་ཡིག་འབྲི་སྟངས་བེད་སྤྱད་ཡོད།

ཕྱོགས་གཞན་ཞིག་ནས་མ་མཐོང་ལྐོག་གྱུར་གྱི་གཞི་ལམ་འབྲས་བུའི་རྣམ་བཞག་སྤྱི་དང་ཁྱད་པར་དུ་བརྗོད་གཞི་དངོས་ཏེ་གསང་བ་སྔགས་ཀྱི་ལམ་རིམ་པ་གཉིས་དང་དེ་འབྲེལ་གྱི་རིག་འཛིན་རྣམ་པ་བཞི་སོགས་གལ་གནད་ཁག་ལ་ལུང་རིག་ཟུང་འབྲེལ་གྱི་ལམ་ནས་གོ་འགྲེལ་དང་། དོགས་གཅོད། དོགས་སློང་སོགས་མཛད་ཡོད་པ་ལས། འདི་ནི་སྲོལ་རྒྱུན་གཞུང་ལུགས་ཀྱི་བཀའ་བརྟེན་རྩོམ་སྟངས་ལ་དེང་རབས་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ་གནའ་དེང་ཟུང་འབྲེལ་གི་ལམ་ནས་བྲིས་རྩོམ་མཛད་པ་ཞིག་ཡིན་པས། བཤད་སྒྲུབ་ཀྱི་བསྟི་གནས་དགོན་སྡེའི་ཁོར་ཡུག་ལ་མཁོ་བ་ཙམ་དུ་མ་ཟད། དེང་རབས་ཞིབ་འཇུག་པའི་ཁྱབ་ཁོངས་སུའང་དཔྱད་གཞིའི་རྒྱུ་ཆར་སྨན་ངེས་པའི་དགེ་མཚན་གཉིས་ལྡན་དུ་གྱུར་ཡོད། འགྲེལ་གཞི་ལུང་ཁུངས་བཀའ་དང་བཀའ་བརྟེན་གཉིས་ལས། ཁུངས་གཙོ་བོ་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་རིན་པོ་ཆེ་ལ་གཏུགས་དགོས་པ་སྨོས་མ་དགོས་པས། ཁོང་གིས་ཀྱང་བསྐྱེད་རྫོགས་གཉིས་ཀྱི་ལུང་ཁུངས་གཙོ་བོ་<<ཀུན་འདུས་རིན་ཆེན་རྒྱུད་>>དང་། <<སྤྱི་སྤུངས་ཁྲོ་བོ་རྒྱུ་དྲུག>> <<གསས་མཁར་ཏིང་མུར་གཡུ་རྩེ།>> <<མ་རྒྱུད་སངས་རྒྱས་རྒྱུད་གསུམ།>> <<རྩ་རྒྱུད་གསང་བ་བསེན་ཐུབ་>>སོགས་གཙོར་བཟུང་བྱས་ཏེ་འགྲེལ་བཤད་གནང་འདུག་ཀྱང་། དུས་རིམ་གྱི་ཆ་ནས་དེང་དུས་ཉམས་ཞིབ་ཀྱི་འགྲོ་སྟངས་སམ་ཐུན་མོང་ལ་སྟབས་བདེའི་དབང་དུ་བྱས་ཏེ་ཕྱག་དཔེ་གང་ཡིན་བསྟན་པ་ཕྱི་དར་གྱི་སྐབས་སུ་བཀའ་གཏེར་བྱུང་རིམ་གྱི་དབང་དུ་བྱས་ཡོད་སྟབས། སྲོལ་རྒྱུན་ཁོ་ནར་གོམས་པའི་ཀློག་པ་པོ་དག་གིས་བསྐལ་པ་ཡ་ཐོག་བོན་བསྟན་སྔ་དར་གྱི་ཕྱག་དཔེ་ཁག་སྣང་མེད་དུ་བོར་འདུག་སྙམ་པའི་དགོངས་པ་ནམ་ཡང་བཞེས་མི་རིགས་སོ། ། མིག་སྔར་ཁོ་བོས་དོ་སྣང་བྱུང་བའི་གནད་དོན་ཞིག་ནི་རྩོམ་གཤིས་ཀྱིས་མི་གཤིས་མཚོན་ཐུབ་པ་དེ་ཡིན་ཞིང་། དེབ་འདིའི་རྩོམ་པ་པོ་ནི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་ཤེས་ཡོན་གྱི་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་དེ་ལྟར་ནའང་། ཁོང་ལ་ཆེ་དྲེགས་དང་ང་རྒྱལ་གྱི་རང་གཤིས་ཏིལ་འབྲུ་ཙམ་ཡང་མེད་པས། རྩོམ་དེབ་འདིར་མ་རིག་མ་རྟོག་པའི་དབང་གིས་ནོར་འཛོལ་བྱུང་ཡོད་སྲིད་པ་ལས། གཞན་རྒྱུ་མཚན་ཉི་ཚེ་བ་ལ་བརྟེན་ནས་འོལ་ཚོད་བྱས་ཏེ་ཁ་ཤུགས་ཚིག་ཤུགས་ཀྱིས་ཁ་ཚོན་བཅད་པ་དང་ཧམ་བཤད་བྱས་པའི་རིགས་རྩ་བ་ནས་མེད་པར་མ་ཟད། རྒྱུན་དུའང་ཆགས་སྡང་འཕྲག་དོག་གི་གཏམ་ལ་གཏན་ནས་མི་དགྱེས་པས་འདིར་ཡང་སྟོན་པ་སངས་རྒྱས་ཀྱིས། “ཚིག་རྣམས་རྭ་མེད་ཡུ་བོར་སྨྲ།” །ཞེས་གདམས་པ་ལྟར་ཁ་ཞོར་ཚིག་ཞོར་དུ་རང་གཞན་གྱི་མི་སྣ་མཐོ་དམན་སུ་ཞིག་ལ་སྐྱོན་བརྗོད་དང་ཟུར་ཟའི་ཚིག་མཚོན་རིགས་སྦྲང་སྐད་ཙམ་ཡང་མེད་པར་ཁེངས་སྐྱུང་དང་གུས་ཚུལ་འབའ་ཞིག་གི་ལམ་ནས་རྩོམ་བྲིས་མཛད་ཡོད་སྟབས། རྩོམ་ཡིག་གི་མགོ་མཇུག་བར་གསུམ་ཀུན་ནས་ཀྱང་ཁོང་གི་ཞི་དུལ་བག་ལྷོད་ཀྱི་གཤིས་ཀ་ངོ་མ་དེ་མངོན་བཞིན་ཡོད་པ་དེ་ནི། འགྲོ་བ་མི་སྤྱིའི་བཟང་སྤྱོད་དང་། ལྷག་ཏུ་རབ་ཏུ་བྱུང་བ་ཞིག་ལ་མཚོན་ན་དེ་བས་ཀྱང་སྐལ་ལྡན་དང་བ་འདྲེན་ནུས་པའི་དགེ་མཚན་ནམ་ཁྱད་བོན་ལྡན་པར་འདོད། གསུམ་པ། རྩོམ་པ་པོ་དང་སྤྱི་ཚོགས་བར་གྱི་ཁོར་ཡུག་ལ་ལྟ་བ། རྩོམ་པ་པོའི་ངོས་ནས་རྩོམ་ཡིག་འབྲི་བའི་གོ་རིམ་ནང་ཚིག་དོན་གང་ཐད་ནས་སྣང་ཆུང་དང་སླ་ཐབས་མི་མཛད་པར་ནོར་སྐྱོན་ཆུང་ཚགས་ཙམ་ཡང་འབྱུང་མི་ཉན་པའི་ཀུན་སློང་སྙིང་བཅངས་ཐོག་འབད་འབུངས་དགོས་པ་ནི་བརྗོད་ག་ལ་དགོས། ཀློག་པ་པོའི་ངོས་ནས་ཀྱང་རྩོམ་དེབ་ལག་ཏུ་འབྱོར་བ་དང་འཕྲལ་དུ་ནོར་སྐྱོན་རིགས་བྱེ་ཁྲོད་ནས་གསེར་འཚོལ་བ་ལྟར་བཙལ་ནས་རྩོམ་པ་པོར་ཞབས་ནས་འཐེན་རྒྱུའི་ཀུན་སློང་ངན་པ་དོར་ཏེ། རང་ལ་དགོས་པའི་བློ་བསྐྱེད་གསར་པ་རེག་ཐབས་ལ་བློ་རིག་སྒྲིམ་ན་ཆེ་ཆུང་ཙམ་མ་གཏོགས་དགེ་ཕན་རྩ་བ་ནས་མེད་པའི་དཔེ་དེབ་ཕལ་ཆེར་ཡོད་མི་སྲིད། དེ་ཙམ་དུ་མ་ཟད་རྩོམ་ཡིག་ཀློག་གིན་ཀློག་གིན་མ་མཐའ་ལེགས་ཚོགས་ཀྱི་ཆ་ཤས་རེའང་རྩོམ་བདག་གིས་དཀའ་བརྒྱ་ངལ་སྟོང་ལས་གྲུབ་པའི་གནས་ལུགས་ཡིད་ལ་བསམས་ཏེ་ཡི་རངས་དང་བསྔགས་བརྗོད་ཞུ་དགོས། གལ་ཏེ་དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་ཡོད་ཚེ་དོ་བདག་རང་ལ་ཐད་ཀར་དོགས་འཛེམས་མེད་པར་ཞུས་ཚེ། ད་གཟོད་གཞི་ནས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀྱི་བར་གུ་ཡངས་པའི་ཁོར་ཡུག་ཞིག་བསྐྲུན་ཐུབ་པར་ཐེ་ཚོམ་མི་དགོས།

ལར་ནས་ཉེ་བའི་ལོ་ཤས་ཚུན་རྩོམ་དེབ་ནི་ཆར་རྗེས་ཤ་མོང་རྡོལ་བའི་དཔེ་ལྟར་གཅིག་མཇུག་གཉིས་མཐུད་དུ་ཐོན་དང་འཐོན་བཞིན་པ་ནི་ཤེས་རིག་ཡར་རྒྱས་ཀྱི་རྣམ་པ་བརྩི་ཆོག་མོད་ཀྱང་། དོན་དུ་གོས་ཆེན་ཐོག་ལ་འཚེམ་དྲུབ་ཀྱི་དཔེ་ལྟར་ལས། ཐེད་པོའི་སྒང་ལ་ལྷན་པ་ལྟ་བུའི་སྟོང་ཆ་ཁ་བསྐང་ཐུབ་པའི་དཔེ་དེབ་ནི་ཅུང་ཟད་ཉུང་བའི་ཚད་དུ་གྱུར་བས། ཀློག་པ་པོའི་ཁོར་ཡུག་ཏུ་རྩོམ་དེབ་ལ་དོ་དབྱིངས་མེད་པ་ནི་ཁག་ཀྱང་མི་འདུག དེ་ལྟར་ནའང་ས་གསེར་སོ་སོར་མི་འབྱེད་པར་རྩོམ་དེབ་ཡོད་ཚད་རིན་ཐང་གཅིག་པར་འཇོག་པ་ནི་ཀློག་པ་པོའི་ཞན་ཆ་ཡིན་སྟབས། ང་ཚོས་རྩོམ་དེབ་ལག་ཏུ་སོན་མ་ཐག་སྣང་མེད་དུ་འབོར་བའམ་དཔེ་སྒྲོམ་དུ་སྒྲིག་གཤོམ་ལ་མི་བྲེལ་བར་མ་མཐའ་རོབ་ཀློག་ཙམ་རེ་གནང་ཐུབ་ཚེ་རྩོམ་དེབ་ཀྱི་ལྗིད་ཁོག་ཟུར་བལྟས་ལེབ་མཐོང་ཡོང་ངེས། གཅིག་བྱས་ན་མཚམས་འདི་ནས་རྩོམ་ཡིག་མཐར་ཆགས་སུ་ཀློག་པར་སྤྲོ་བ་འབྱུང་སྲིད་ལ། རྩོམ་ཡིག་གི་བྲོ་བ་རོལ་མྱོང་བྱེད་པའི་གོ་རིམ་བརྒྱུད་རིན་བྲལ་གྱི་བློ་བསྐྱེད་གསར་པ་མང་པོས་ཁྱེད་ཉིད་རྩོམ་དེབ་དེ་དང་ཁ་བྲལ་མི་འདོད་པའི་ཚོར་བའང་སྟེར་སྲིད་པས་མ་མཐའ་ཚོད་ལྟའི་བམ་ཀློག་བྱེད་རྒྱུ་དེའང་ཀློག་པ་པོའི་ལས་འགན་དུ་འཁུམས་པས་དེ་ལུགས་དགོངས་དབྱིངས་སུ་མངའ་བར་ཞུ།

མཐའ་དོན་ཞུ་འདོད་པ་ཞིག་ནི། ཕྲན་རང་ལ་མཚོན་ན་སྐྱེས་སྦྱོང་གི་ཡོན་ཏན་ཤིན་ཏུ་ནས་ཞན་ནའང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་གདན་ས་སྨན་རིའི་སྐབས་དང་པོའི་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་ཚོའི་མཛུབ་སྟོན་པར་མིང་བཏགས་པ་ནས་བཟུང་མི་ལོ་ཧྲིལ་པོ་གསུམ་གྱི་རིང་རིགས་གཅིག་རྐང་འཛིན་སློབ་མ་ལྔ་པོ་ཀུན་ལ་དབྱེ་འབྱེད་མེད་པར་དུས་ནས་དུས་སུ་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་དང་། ལྟ་གྲུབ་བརྗེ་རེས། བསམ་ཚུལ་ཐད་མོལ། ཟླ་བ་དྲུག་རེའི་མཚམས་ནས་རྩོམ་ཡིག་བཅོས་སྒྲིག་སོགས་རང་ཉིད་ལ་སྤྱི་སྒེར་གྱི་ལས་བྲེལ་ཆེ་མིན་ལ་མ་ལྟོས་པར་རང་ནུས་གང་ལྕོགས་ཀྱིས་ཞབས་ཞུ་བགྱིས་ཁུལ་ལགས་ཀྱང་། དོན་དངོས་སུ་དཔེ་དེབ་འདིའི་རྩོམ་པ་པོ་ལྟ་བུར་མཚོན་ན་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་གང་ལ་ཡང་ཤེས་རྒྱ་དང་གོ་རྟོགས་ཀྱི་ཐད་ནས་ང་ལས་ལྡབ་ཀྱིས་མཁྱེན་དཔྱོད་ཀྱི་བློ་གྲོས་གསལ་ཞིང་། བརྩོན་པའི་ཨུ་ཚུགས་ཆེ་བའི་རྒྱུ་མཚན་ལ་བརྟེན་ནས། ད་ཐེངས་འདི་ལྟར་སོ་སོ་རང་ཉིད་ཀྱིས་མི་ལོ་གསུམ་གྱི་རིང་དཀའ་བ་ཁྱད་བསད་དང་། ངལ་བ་དང་བླངས་ཀྱི་འབྲས་རྟགས་སུ་རྩོམ་དེབ་ལེགས་གྲུབ་ཀྱི་བསྐལ་བཟང་འདི་བྱུང་ཡོད་པས་རྩོམ་པ་པོ་ཁོང་ལའང་ལེགས་སོའི་བསྔགས་བརྗོད་དང་བཅས། གཡུང་དྲུང་བོན་དཔེ་མཛོད་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་གིས། སྤྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༢ ཉིན་<<བོན་སྒོ་>>རྩོམ་སྒྲིག་ཁང་གི་ལས་ཤག་ཏུ་སྦྱར།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow