ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དགོན་པ་དང་དད་ལྡན་ལྷ་སྡེ་མི་མང་ནས་གསོལ་འདེབས་ཞུས་དོན་བཞིན་བླ་མ་ཁྲི་པའི་ཁྲི་བཞེངས་ཀྱི་ལམ་སྲོལ་ལྟར། སྨན་རིའི་དགེ་བཤེས་ཏྲེ་སྟོན་ཉི་མ་སེང་གེ་མཆོག ༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོར་ཁྲི་བཞེངས་མངའ་གསོལ་གནང་སོང་།

འབྲས་ལྗོངས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དགོན་པ་དང་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་སྨན་རིའི་དགེ་བཤེས་ཏྲེ་སྟོན་ཉི་མ་སེང་གེ་མཆོག ༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོར་ཁྲི་བཞེངས་མངའ་གསོལ་མཛད་རྒྱུར་རེ་བསྐུལ་ཞུས་དོན་ལ་ཞལ་བཞེས་གནང་བ་བཞིན།



ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢༩ ཉིན་སྔ་དྲོའི་ཆུ་ཚོད་ ༨:༣༠ ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གིས་གོ་སྒྲིག་འོག སྨན་རིའི་དགེ་བཤེས་ཏྲེ་སྟོན་ཉི་མ་སེང་གེ་མཆོག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་སྨན་རིའི་འདུལ་ཁང་ཆེན་མོར་གདན་འདྲེན་གྱིས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོར་ཁྲི་བཞེངས་མངའ་གསོལ་གནང་ཡོད་པ་དང་། རིམ་པར་༸རྒྱལ་བ་སྨན་རིའི་བླ་བྲང་དང་། སྨན་རིའི་གྲྭ་ཚང་དང་། བོད་ཀྱི་བོན་པོ་ཚོགས་པ། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་འདུས་སྤྱི་སོགས་བོད་ཕྱི་ནང་གི་དགོན་སྡེ་དང་ཚོགས་པ་ཆེ་ཆུང་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམས་དང་།



འབྲེལ་ཡོད་མི་སྣ་བཅས་ཀྱིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མི་མང་ཡོངས་ནས་མཇལ་ཁ་དར་འབུལ་ཞུས་གྲུབ་མཚམས། མཁན་པོ་དགེ་བཤེས་ཉི་མ་སེང་གེ་མཆོག་དང་། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་འདུས་སྤྱི་ནས་འདུས་མང་ཡོངས་ལ་མང་ཇ་བཏང་གནང་སོང་།