དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༣ ཚེས་ ༨ སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༦ སྨན་རིའི་སྒྲུབ་ཆེན་ཉིན་དྲུག་པར་༸གདན་ས་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་“ཀུན་བཟང་ཞི་བ་ཨ་གསལ་དང་། ཁྲོ་བོ་འབྲིང་པོ། སྨན་སྒྲུབ་འོད་ཟེར་འཁྱིལ་བ་” བཅས་ཞི་ཁྲོ་སྨན་གསུམ་གྱི་ལྗགས་ལུང་དང་། སྨན་སྒྲུབ་ཀྱི་བྱུང་རིམ་དང་ཕན་ཡོན་སྐོར་གྱི་བཀའ་སློབ་བཅས་བསྩལ་གནང་སོང་།
དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་དྲུག་པའི་སྔ་དྲོར་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས། སྨན་རིའི་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་“ཀུན་བཟང་ཞི་བ་ཨ་གསལ་དང་། ཁྲོ་བོ་འབྲིང་པོ། སྨ་སྒྲུབ་འོད་ཟེར་འཁྱིལ་བ་” བཅས་ཞི་ཁྲོ་སྨན་གསུམ་གྱི་ལྗགས་ལུང་”གནང་ཡོད་པ་དང་། གཞན་ཡང་སྐབས་དེར་༸སྐྱབས་རྗེ་མཆོག་ནས་ལུང་རྒྱུན་མི་ཆད་པའི་ཆེད་དུ་ལུང་ཞུ་དགོས་པ་གལ་ཆེ་ཚུལ་དང་། ལྷག་པར་དུ་གཞོན་སྐྱེས་རྣམས་ཀྱིས་ལུང་ལ་དོ་སྣང་གནང་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡང་གནང་སོང་།
ཉིན་རྒྱབ་དུས་ཚོད་ ༣:༠༠ ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྨན་སྒྲུབ་ཀྱི་བྱུང་རིམ་དང་ཕན་ཡོན་གྱི་སྐོར་བཀའ་སློབ་གནང་ཡོད་པ་དང་། དེ་ཡང་ “ཐོག་མར་བོན་གྱི་སྒོ་རུ་ཞུགས་ནས་ཉམས་ལེན་བྱེད་པ་ལ་དད་པ་ཡིད་ཆེས་གལ་ཆེན་པོ་ཡིན་ཚུལ་”སོགས་ཀྱི་སྐོར་དང་། “སྨན་སྒྲུབ་ཀྱི་བྱུང་རིམ་སོགས་ལ་མཚོན་ན་སྟོན་པ་འཆི་མེད་གཙུག་ཕུད་ཡབ་སྲས་ཀྱི་དུས་ནས་སྨན་སྒྲུབ་བསྒྲུབ་ཡོད་པ།” “༸རྒྱལ་བ་སྨན་རིའི་ཁྲི་འཛིན་གྱི་ཁྲི་ཐོག་རེར་སྒྲུབ་ཆེན་རེ་འཚོགས་སྲོལ་ཡོད་ཚུལ།” “གདན་ས་འདིར་ད་བར་སྨན་སྒྲུབ་ཐེངས་གསུམ་འཚོགས་ཟིན་པ་དང་ད་ལན་ཐེངས་བཞི་པ་དེ་ཡི་སྐོར།” “སྨན་རིའི་སྒྲུབ་ཆེན་འདིར་ད་བར་རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབ་པའི་སྨན་གྱི་ཕབས་རྟ་རྒྱུན་མ་ཆད་པ་ཡོད་པ།” “སྤྱིར་ན་སྨན་སྒྲུབ་ཀྱི་རིགས་མ་འདྲ་བ་དུ་མ་ཡོད་པ་དང་། ད་ལན་གྱི་སྨན་སྒྲུབ་འོད་ཟེར་འཁྱིལ་བ་འདི་ལ་མཚོན་ན་“གཞུང་དང་མཐུན་པའི་སྨན་སྣ་དང་རྫས་སྣ་མི་འདྲ་བ་སྟོང་ཚོ་སུམ་ཅུ་ལྷག་ཙམ་དང་ལྡན་པའི་སྨན་སྒྲུབ་གལ་ཆེན་པོ་ཞིག་ཡིན་པའི་སྐོར་”ངོ་སྤྲོད་གནང་སོང་ལ། “སྤྱིར་ན་སྨན་སྣ་འཛོམས་པ་ཙམ་མ་ཡིན་པར་རིག་འཛིན་གོང་མ་རྣམས་ཀྱི་སྒྲུབ་པའི་སྨན་གྱི་ཕབས་རྟ་དང་། ཉིན་གྲངས་མང་པོའི་རིང་དགེ་འདུན་འདུས་པ་རྒྱ་མཚོས་ཡི་དམ་སྒྲུབ་པའི་བྱིན་རླབས་ཁྱད་པར་ཅན་ཡོད་ཚུལ་སོགས་”གསུང་གནང་སོང་།
གཞན་ཡང་ཉིན་འདི་དག་གི་རིང་༸རྒྱལ་བ་སྨན་རིའི་བླ་བྲང་དང་། སྒྲུབ་ཁང་། བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་། བཙུན་དགོན་རདྣ་སྨན་གླིང་བཅས་སུ་ཡི་དམ་ཕུར་པ་དང་། ཞི་ཁྲོའི་ཚོགས་མཆོད། སྲིད་རྒྱལ་ཚོགས་འཁོར་སོགས་འབུལ་བཞིན་ཡོད་པ་རེད་འདུག གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།