སྨན་རིའི་སྒྲུབ་ཆེན་ཉིན་མཐའ་མའི་མཛད་རིམ་དང་སྒྲུབ་ཆེན་མཇུག་གྲུབ་པ།

དེ་རིང་རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་ཉིན་བཅུ་བདུན་པ་དང་མཐའ་མ་དེ་སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༧ ཉིན་སྔ་དྲོར་སྨན་སྐོར་སེར་འཕྲེང་དང་བཅས་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་རྒྱལ་ཕྱི་ནང་གི་དད་ལྡན་མི་མང་སྟོང་ཚོ་གསུམ་ཙམ་ལ་སྨན་འགྱེད་བསྩལ་གནང་སོང་།

སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་སེར་སྐྱ་ལྷན་འཛོམས་ཀྱིས་དེ་རིང་གི་མཛད་སྒོའི་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་བསུ་ཞུས་པ་ཡོད་པ་དང་།

དེ་རྗེས་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་སྨན་སྐོར་སེར་འཕྲེང་དང་བཅས་འཆད་ར་གཡུང་དྲུང་དགའ་ཚལ་དུ་ཚང་འཛོམས་ཀྱིས་གདན་བཞུགས་གྲུབ་མཚམས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གནང་ཡོད་པ་དང་།

དེ་རྗེས་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་དད་སྦྱིན་ཁག་ལ་གཟེངས་རྟགས་ཕྱག་འཁྱེར་གནང་མཛད་རྗེས་འདུས་མང་ནས་ཞི་ཁྲོ་སྨན་གསུམ་གྱི་བཀྲ་ཤིས་གསུང་གྲུབ་མཚམས་རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱད་ཀྱིས་བཀྲ་ཤིས་ཚིག་བཀྲ་གསུང་ཡོད་པ་དང་།

དེ་རྗེས་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་“ད་ལན་རང་ཉིད་སྨན་རིའི་མཁན་པོ་འཁོད་རྗེས་ཀྱི་འགན་གཉིས་པ་སྨན་རིའི་སྒྲུབ་ཆེན་འཚོགས་རྒྱུའི་ལས་རིམ་དག་ལེགས་གྲུབ་བྱུང་སོང་། དེ་ཡང་བསྟན་པའི་སྦྱིན་བདག་རྣམ་པ་དང་། དད་ལྡན་མི་མང་། འདིའི་ཆེད་དུ་ཕྱག་ལས་གནང་མཁན་མགོ་འཇུག་ཡོངས་རྫོགས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱས་པའི་གྲུབ་འབྲས་རེད་ཚང་མར་བཀའ་དྲིན་ཆེ་” ཞེས་སོགས་དང་། “སྤྱིར་ཁྲི་འཛིན་ཞིང་ཁམས་པས་ནམ་རྒྱུན་ནས་གསུང་སྲོལ་ལ་ཆོས་ལུགས་ཆོས་རྒྱུད་གཞན་ལ་སྨོད་སྐུར་འདེབས་བྱེད་པ་དེ་རང་ཉིད་ཀྱི་གྲུབ་མཐའ་ལ་གནོད་པ་ལས་གཞན་གང་ཡང་མེད་པར་གསུང་སྲོལ་ཡོད་པ་ལྟར། ང་ཚོས་ནམ་ཡང་གྲུབ་མཐའ་སུ་ལ་ཡང་དག་སྣང་དང་མཐུན་ལམ་དགོས་པ་གལ་ཆེན་པོ་རེད། སོ་སོའི་ཆོས་ལུགས་གྲུབ་མཐའ་གང་ཡིན་པ་དེ་ཉམས་སུ་བླངས་ནས་ཡང་དག་པ་སྤྱོད་རྒྱུ་གལ་ཆེན་པོ་རེད། གཞན་ཆོས་ལུགས་གཞན་པ་ལ་གནོད་སེམས་དང་དམོད་པ་བྱེད་པ་དེས་སུ་ལ་ཡང་ཕན་གྱི་མ་རེད། ཚང་མ་ལ་དག་སྣང་དགོས་པ་དང་གུས་བརྩི་དགོས་པ་གལ་ཆེན་པོ་རེད་” ཞེས་སོགས་ཀྱི་བཀའ་སློབ་བསྩལ་གནང་ཡོད་པ་དང་།

དེ་རྗེས་འདུས་ཚོགས་སེར་སྐྱ་ཀུན་ལ་བདུད་རྩི་སྨན་གྱི་དངོས་གྲུབ་སྨན་འགྱེད་བསྩལ་གནང་རྗེས་ཉིན་གུང་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཞལ་ལག་རྒྱས་འབུལ་ཞུས་ཡོད་པ་དང་། ཉིན་རྒྱབ་སྨན་རིའི་འདུལ་ཁང་ཆེན་མོའི་མདུན་ཐང་དུ་། མཇུག་བསྡོམ་མཛད་སྒོ་འཚོགས་གནང་ཞིང་། དགོང་དྲོར་བོན་ཕྲུག་བདེན་དོན་གྱི་མདུན་ཐང་དུ། བོན་གཞིས་མི་མང་དང་། སློབ་ཕྲུག་དང་སློབ་ཟུར། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་མ་བཅས་ནས་གླུ་གར་བྲོ་གསུམ་གྱི་མཆོད་པ་ཕུལ་ཞིང་། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་ཟུང་དྲུང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། རྒྱལ་བ་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པ་བཀྲ་ཤིས་པའི་ངང་ནས་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་དྲུང་བོན་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow