དེ་ཡང་འཆར་ཅན་ལྟར་བོད་ཟླ་ལྔ་པའི་ནང་ཉིན་ལྔའི་རིང་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཀྱི་ཚོགས་རྣམས་ཉེ་བར་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཡངས་པའི་ཁམས་སུ་འབྱུང་བཞིས་གོད་ཆག་དང་། ནད་མུག་མཚོན་སོགས་མི་མཐུན་རྒུད་པའི་ཚོགས་ཐམས་ཅད་ཡོངས་སུ་ཞི་བ་དང་། ཆར་ཆུ་དུས་སུ་འབབ་ཞིང་ལོ་ཕྱུག་ལེགས་པར་འཕེལ་བ་སོགས་ཀྱི་ཆེད་
དཔལ་གཤེན་བསྟན་སྨན་རིའི་གླིང་དུ། གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་ཞེས། ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་ཚོགས་འཁོར་རྒྱས་འབུལ་དང་། དེ་བཞིན་མཁའ་ཀློང་གསང་བའི་མདོས་ཆེན། གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་རྒྱས་འབུལ། གདུགས་དཀར་སྟོང་ཟློག རྣམ་འཇོམས་སྟོང་ཟློག ཁྲོ་བོ་དམར་ཆེན་ཟློག་པ། ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ། ཀླུ་གཏོར་གཏོང་བ་དང་། གསེར་འོད་འདོན་པ་ལ་སོགས་གནད་སྨིན་གྱི་རིམ་གྲོ་དུ་མ་ཞིག། བཅའ་འདོན་གནང་སྲོལ་ཡོད་པ་བཞིན།
འདི་ལོར་ཡང་བོད་ཟླ་ལྔ་པའི་བོད་ཚེས་ ༡༣ དང་ ༡༤ སྔ་མ་སྤྱི་ཟླ་ ༦ པའི་ཚེས་ ༡༩ དང་ ༢༠ བཅས་ཉིན་གཉིས་ལ། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་ཚོགས་ཁང་དུ་ཡི་དམ་བོན་སྐྱོང་སྲུང་མ་དང། མགྲོན་བཞིའི་སྡེ་ཚོགས་མ་ཚང་བ་མེད་པ། སྟེང་ཕྱོགས་བོན་ཉིད་ཁྱུང་ཆེན་གྱིས་མཚོན་པའིབཀོད་པ་དང་། བང་རིམ་བཞི་ལྡན་ཁོང་གསེང་དང་བཅས་པའི་ཚངས་རྒྱུངས་འཇིག་རྟེན་གྱི་བཀོད་པ་ནམ་རྒྱང་ཤིང་རིས་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་ཀློང་གསང་བའི་མདོས་ཆེན་བཅའ་གཞི་དང་། ཁྲོ་བོ་དམར་ཆེན་ཟློག་པའི་བཅའ་བཤོམ་ལེགས་པར་གྲུབ་རྗེས། ཚོགས་གྲལ་ཕྱོགས་གཉིས་སུ་ཕྱེས་ཏེ། དབུ་མཛད་རྣམ་པ་གཉིས་དང་དབུ་བཞུགས་དགེ་བཤེས་དབུས་སྒྲུབ་གཤེན་རྣམ་ཀྱིས་མཁའ་ཀློང་གསང་བའི་མདོས་ཆེན་དང་། ཁྲོ་བོ་དམར་ཆེན་གྱི་ཟློག་པའི་གཞུང་བསྲང་རྒྱུ་ཡིན་འདུག་པ་དང་།
ཕྱོགས་མཚུངས་འདི་ཟླའི་བོད་ཚེས་༡༤ ཕྱི་མ་ནས་ཉིན་གསུམ་གྱི་རིང་སྨན་རིའི་གཙུག་ལག་ཁང་ཆེན་མོར་དགེ་འདུན་མང་ཚོགས་ཀྱིས་ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་གཞུང་བསྲང་སྟེ་གདངས་དབྱངས་འབྲུག་མོ་ལྡིར་བའི་དབྱངས་རྟ་ལ་དྲངས་པའི་ཚོགས་འཁོར་རྒྱས་འབུལ་དང་།
སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་རྣམ་རྒྱལ་ལྷ་ཁང་དུའང་བོད་ཟླ་ལྔ་པའི་བོད་ཚེས་ ༡༣ དང་སྤྱི་ཟླ་ ༦ པའི་ཚེས་ ༡༩ ཉིན། གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་ཀྱི་མཆོད་ཚོགས་ཀྱི་བཅའ་བཤམས་ལེགས་པར་བགྱིས་ཏེ། དབུ་བཞུགས་དགེ་བཤེས་དང་སྒྲུབ་གཤེན་རྣམས་ཀྱིས་ཀུན་མཁྱེན་བླ་མའི་ཟིན་བྲིས་ལྟར་གཤེན་རབ་རྣམ་པར་རྒྱལ་པའི་སྟོང་མཆོད་རྒྱས་འབུལ་དང་། བོད་ཚེས་ ༡༦ ཉིན། གཞིས་དགོན་གཉིས་ཀྱི་སེར་སྐྱ་ཡོངས་ནས་གཡང་སྐོར་དང་ཕྱོགས་བཞིའི་གཡང་འབོད་གནང་རྒྱུ་ཡིན་འདུག
ཁྲོ་བོའི་ལྷ་ཁང་དུ་བོད་ཚེས་ ༡༤ ཕྱི་མའི་ཉིན། གཙུག་གཏོར་གདུག་དཀར་གྱི་གཏོར་མ་བཅའ་བཟོ་དང་། མཆོད་པའི་བཤམ་བཀོད་དག་པར་བགྱིས་ཏེ། ཉིན་གསུམ་གྱི་རིང་། གདུག་དཀར་གྱི་ཚོགས་འཁོར་དང་ཟློག་གཞུང་གསུང་གནང་རྒྱུ་ཡིན་འདུག་པ་དང་།
སྨན་རིའི་བཤད་སྒྲུབ་འདུས་སྡེའི་སྒྲུབ་ཁང་དུ་བོད་ཚེས་ ༡༤ ཕྱི་མའི་ཉིན་གཡུང་དྲུང་རྣམ་པར་འཇོམ་པའི་སྟོང་ཟློག་གི་མཆོད་བཟོ་དག་པར་བགྱིས་ཤིང་། ཉིན་གསུམ་གྱི་རིང་དབུ་བཞུགས་དགེ་བཤེས་དང་སྒྲུབ་གཤེན་པ་རྣམས་ཀྱིས་རྣམ་འཇོམ་གཞུང་དང་ཟློག་པ་གསུང་གནང་རྒྱུ་ཡིན་འདུག་པ་དང་།
སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་དགེ་བའི་བཤེས་གཉེན་ཁག་གཅིག་ནས། ༧རྗེ་རིན་པོ་ཆེའི་སྙན་རྒྱུད་བསྐང་བའི་གྱེར་དབྱངས་ཀྱི་གདངས་ལས་དྲངས་ཏེ་ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ་རྣམས་གསུང་གནང་རྒྱུ་ཡིན་འདུག
དེ་བཞིན་བཙུན་དགོན་རདྞ་སྨན་གླིང་དུ་ཉིན་གསུམ་གྱི་རིང་། བྱམས་མའི་གཞུང་དང་། སྲིད་རྒྱལ་བསྐང་བཤགས་སོགས་བསོག་སྒྲུབ་གནང་རྒྱུ་དང་།
སང་ཉིན་ཏེ་བོད་ཟླ་ལྔ་པའི་བོད་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷ་རྒྱལ་རིར་༧བན་གཞིས་སེར་སྐྱ་ཡོངས་ནས་བོན་སྐྱོང་སྤྱི་དང་། བྱེ་བྲག་ལ་བསང་གསོལ་རྒྱས་འབུལ་གནང་རྒྱུ་ཡིན་འདུག་པའི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།