དེ་ཡང་ཉེ་བའི་ཆར་༸སྤྱི་ནོར་༸་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཡི་ཞབས་པུས་སྨན་བཅོས་གནང་ཡོད་པ་དང་འབྲེལ་། ད་ལན་སྤྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༧ ཉིན། རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དང་། བཙུན་དགོན་རཏྣ་སྨན་གླིང་། བོན་གཞིས་ཐོབ་རྒྱལ་གསར་པའི་མི་མང་བཅས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༸རྒྱལ་བ་སྨན་རི་བ་མཆོག་རྣམས་གཉིས་ཀྱི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་།
དེ་ཡང་ཉིན་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་ཞིང་འཛམ་གླིང་སྐྱེ་འགྲོ་སྤྱི་དང་བྱེ་བྲག་གི་མགོན་དུ་སྐུ་ཚེ་ཡུན་ནས་ཡུན་དུ་འཚོ་བཞེས་གནང་ཕྱིར་དང་༸རྒྱལ་བ་སྨན་རི་བ་མཆོག་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་གེགས་མེད་ལྷུན་གྱིས་འགྲུབ་ཅིང་། བསྟན་པ་སྤྱི་དང་བྱེ་བྲག་གི་ཕྱི་ནང་འགལ་རྐྱེན་བར་ཆད་ཐམས་ཉེ་བ་ཞི་ཕྱིར་
༸རྒྱལ་བ་སྨན་རིའི་གྲྭ་ཚང་འདུས་པ་རྒྱ་མཚོས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ་དང་ཡི་དམ་དབལ་གསས་རྔམ་པའི་འཕྲིན་ལས་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྲིད་པ་རྒྱལ་མོའི་ཁྲི་ཚོགས་རྒྱས་འབུལ་གནང་ཡོད་པ་དང་།
བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ་རྣམས་ནས་ཡུམ་ཆེན་ཀུན་གསལ་བྱམས་མའི་སྔགས་བསྟོད་གསོག་སྒྲུབ་གནང་ཡོད་པ་དང་
གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་བོན་གཞིས་མི་མང་རྒན་གཞོན་རྣམས་འདུ་འཛོམས་ཀྱིས་སངས་རྒྱས་སྨན་ལྷའི་གཟུངས་སྔགས་གསོག་སྒྲུབ་གནང་འདུག་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།