སངས་རྒྱས་ཞུ་ཆེན་གྱི་<<མཛོད་ཏྲིག་>>བཀླགས་པའི་བརྗེད་བྱང་།

རྩོམ་པ་པོ། གཟི་རྩ་སངས་རྒྱས་དོན་གྲུབ། ༼སྨན་རིའི་གླིང་།༽

ཐོག་མའི་ཞུ་མཆིད།

       སྔོན་བྱུང་གི་ལོ་རྒྱུས་ཁྲོད་ནས་མིང་དུ་གྲགས་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་དབང་སྒྱུར་བའི་བོད་ཁམས་གཅིག་གྱུར་གྱི་རྗེ་བོ་མཐའ་མ་འུ་དུམ་བཙན་པོའམ་ལྷ་སྲས་དར་མའི་སྐུ་ཚེའི་མཐའ་མཇུག་གི་འདུ་ཤེས་ཡོངས་སུ་རྫོགས་པའི་(842ལོར་འདས་)དུས་རྟིང་ནས།  རིམ་པས་སྲས་རྒྱུད་དབར་གྱི་འགལ་འདུའི་ཟིང་ཆའི་མེ་ལྕེ་རབ་ཏུ་འབར་ཞིང་ཡང་སྙིང་ཡབ་མེས་གོང་མ་ལྟར་རླབས་ཆེན་གྱི་དབུ་ཁྲིད་བྱས་པ་ཐབས་སུ་ཟད། དེ་ཕྱིར་ཆོས་པ་དང་སྲིད་འཛིན་དབར་ལ་གཉའ་གནོན་དང་འཇིགས་བསྐུལ་ལ་སོགས་པའི་བྱ་འགུལ་གྱི་གཏམ་གནས་སྐབས་མི་མངོན་དབྱིངས་སུ་ཐིམ་པའི་སྐབས་ཐོག་དེར། ཆོས་ལུགས་རྗེས་འཛིན་པ་རྣམས་ཀྱིས་རང་སོའི་གྲུབ་མཐའི་ཆོས་རིག་ལ་དད་མོས་ཀྱི་ཚ་རླབས་ཆེན་མོ་ཞིག་བསྐྱར་དུ་འཕྱུར་བ་དང་བསྟུན་ནས་གོ་སྐབས་དམ་འཛིན་བྱས་ཏེ། བསྟན་པ་སླར་གསོ་བའི་དགོས་ཆེད་ཀྱིས་གཏེར་ཁ་འཚོལ་བ་ལ་སོགས་པའི་ལས་རིམ་དཀའ་ཁག་རབ་དང་རིམ་པས་བརྒྱུད་མཐར། གྲུབ་མཐའ་ཁག་ཏུ་གནད་ཀྱིས་སྨིན་པའི་འབྲས་བུ་གཡུར་དུ་ཟ་བ་སྔར་དང་མི་འདྲ་བའི་རྣམ་པ་ཐོན་ཡོད། བོན་ལུགས་ཀྱི་རྗེས་འཛིན་པར་མཚོན་ན། བོན་གྱི་བསྟན་རྩིས་ལས་གསལ་བ་ལྟར་ན་བོད་སིལ་བུ་འཐོར་ནས་མི་ལོ་70རྗེས་རབ་བྱུང་སྔོན་གྱི་ཆུ་བྱ་སྟེ་སྤྱི་ལོ་913ལོར་བོན་གཏེར་ཐོག་མ་བརྙེད་པའི་དུས་མཚམས་ནས་བསྟན་པ་ཕྱི་དར་གྱི་དབུ་བརྙེས་ཞེས་བརྗོད་ལ། དེ་ནས་ལོ་བརྒྱ་སྐོར་གཅིག་གི་རྟིང་ལ་གཤེན་གྱི་གདུང་ལས་འཁྲུངས་པའི་གཤེན་ཆེན་ཀླུ་དགས་(སྤྱི་ལོ་996ལོར་འཁྲུངས་)མེ་སྦྲུལ་ཏེ་སྤྱི་ལོ་1017ལོར་ལྷོ་འབྲི་མཚམས་མཐའ་ནས་རྫོགས་ཆེན་གབ་པ་དང་ཁྲོ་བོ་དབང་ཆེན། ཁམས་ཆེན་སྟོང་ཕྲག་བརྒྱ་པ། སྲིད་པའི་མཛོད་ཕུགས་གཙོས་པའི་བོན་གཏེར་འབོར་ཆེན་རྙེད་པའི་མཚན་སྙན་གསན་རྗེས། བོད་སྟོད་སྨད་བར་གསུམ་གྱི་སློབ་ཚོགས་མ་བོས་ངང་གིས་འཕེལ་ཏེ་གཤེན་ཆེན་པོས་ཐུགས་བབ་ཀྱི་སློབ་མ་རེ་ལ་གཏེར་དཔེ་རེ་གཉེར་དུ་གཏད། དེ་ནས་བཟུང་གཤེན་ཆེན་ཁོང་གིས་གཏེར་བཞེས་པའི་དཔེ་ཆ་རྣམས་ཕྱིས་སུ་བོན་གྱི་བསྟན་གཞུང་གི་སྙིང་པོ་ལྟར་གྱུར་ཡོད། ཁོང་རྣམས་ཀྱིས་སོ་སོའི་བཀའ་བབ་ཀྱི་བོན་གཏེར་རྣམས་བདག་གཉེར་གཅེས་སྤྲས་མཛད་ཅིང་ཐུགས་དམ་གྱི་ཉམས་ལེན་དང་། འཆད་ཉན་གྱི་བཤད་སྲོལ་རྒྱ་ཆེར་སྤེལ། གཤེན་ཆེན་པོས་བོན་གཏེར་རྙེད་པའི་གྲལ་དུ་ནང་རིག་པ་དང་འཇིག་རྟེན་ཆགས་རབས་ཀྱི་ནང་དོན་རྒྱས་པོ་འཁོད་པའི་དཔེ་ཆ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་བཀའ་གཞུང་ཞང་བོད་སྐད་གཉིས་ཤན་སྦྱར་ཅན་དང་། དེའི་ཚིག་འགྲེལ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་<<མཛོད་སྒྲ་འགྲེལ་>>བཅས་བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་འཆད་ཉན་གྱི་བརྒྱུད་པ་སྤེལ། དེ་ནས་རིམ་པས་རྗེས་སུ་འཇུག་པའི་སློབ་འབངས་དག་གིས་སྔོན་བྱུང་གི་མཛོད་ལ་འཆད་ཉན་དང་རྩོད་སྤོང་ཤན་འབྱེད་ཀྱི་རྣམ་རིག་རབ་ཏུ་བཀྲ་ཞིང་། བཀའ་དང་ལུང་ལ་དཔྱད་གསུམ་དག་པས་བསྲེགས་བཅད་བདར་གསུམ་བྱས་ཏེ་མཛོད་འགྲེལ་ཇི་སྙེད་ཅིག་བརྩམས་ཡོད་པ་ང་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ལྟར་རེད། ལྷག་དོན་དུ་རབ་བྱུང་དང་པོའི་ཆུ་བྱི་སྟེ་སྤྱི་ལོ་1072ལོར་བྲུ་རྒྱལ་གཡུང་དྲུང་བླ་མས་(སྤྱི་ལོ་1040ལོར་འཁྲུངས་)གཡས་རུ་དབེན་ས་ཁ་དགོན་སྡེ་ཕྱག་བཏབ་པ་ནས་བཟུང་བྲུའི་གདན་ས་རུ་“གབ་མཛོད་ས་”གསུམ་གྱི་གཞུང་ཆེན་ཁག་ལ་སྒོམ་སྒྲུབ་དང་འཆད་ཉན། རྩོད་སྤོང་ཤན་འབྱེད་ཀྱི་གཏན་ཚིགས་རིག་པ་སོགས་ཧ་ཅང་གི་དར་རྒྱས་ཆེན་པོ་བྱུང་བས་བོན་བསྟན་དར་སྤེལ་ཐད་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། སྐབས་ཐོག་དེར་གདན་ས་གཞན་གྱི་སློབ་པ་དོན་གཉེར་ཅན་རྣམས་ཀྱིས་འཇིག་རྟེན་ཆགས་རབས་ཀྱི་གནད་དོན་སྐོར་ངེས་པར་དུ་མཁྱེན་རྟོགས་དགོས་ཚེ་གཡས་རུ་དབེན་ས་ཁ་ནས་བསླབ་པའི་བརྒྱུད་པ་འཛིན་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་ཤུགས་ཀྱིས་གྲུབ་བོ། །

ཞུ་ཆེན་གྱི་ཡབ་མྱེས་དང་འབྲེལ་ཁོང་གི་ལོ་ཚིགས་སྐོར་དཔྱད་པ།

       དེ་ཡང་བོན་གྱི་བསྟན་འབྱུང་དང་བསྟན་རྩིས་ཁག་ཏུ་སངས་རྒྱས་ཞུ་མོ་ཆེའི་འཁྲུངས་པའི་ལོ་ཚིགས་སྐོར་གསལ་ཡོད་ནའང་གཅིག་གྱུར་གྱི་ལྟ་བ་ཞིག་ལངས་ཐུབ་མེད། གཤམ་དུ་ཁོ་བོའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་བའི་བསྟན་རྩིས་ཁག་ཏུ་གསལ་བ་རྣམས་བཀོད་དེ་ཟུར་དུ་ཁོ་བོའི་ལྟ་ཚུལ་ཞིག་གླེང་བར་སྤྲོ། དེ་སྔོན་ཁོ་བོའི་འདྲེན་བྱེད་ཀྱི་ལམ་དུ་ཞུ་མོ་ཆེའི་སྐུ་ཚེ་མཛད་རྣམ་ཞིབ་ཕྲ་དེ་ཙམ་གྱུར་པ་མེད་མོད། ཅུང་གསལ་བ་ནི་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་རེད།  ང་ཚོས་འདིར་ངེས་ཐུབ་པ་དེ་ཞུ་མོ་ཆེ་ནི་བོན་གྱི་ལོ་རྒྱུས་ཁྲོད་དུ་གྲགས་ཅན་གྱི་ཁྱིམ་རྒྱུད་ལྔའི་ནང་གི་གདུང་རྒྱུད་གཅིག་གི་མི་སྣ་ཞིག་ཡིན་པ་བཤད་ཐུབ། དེ་ནི་གཤེན་ཆེན་ཀླུ་དགས་བླ་མེད་རྫོགས་པ་ཆེན་པོའི་བོན་གཏེར་<<བྱང་ཆུབ་སེམས་ཀྱི་གབ་པ་དགུ་སྐོར་>>གྱི་གཞུང་དང་བོན་ལུགས་ཀྱི་སྒྲུབ་ཐབས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་ཡོད་པར་ངོས་འཛིན་ཞུས་པའི་ཐུགས་སྲས་གཙོ་བོ་ཞུ་གཡས་ལེགས་པོ་ཞུ་བ་དང་ཁྱིམ་རྒྱུད་གཅིག་རེད། དབང་ལྡན་ཞུ་གཡས་ལེགས་པོ་[ཞུ་སྒོམ་ཁྲོ་བོ་ཡང་ཟེར]ནི་རབ་བྱུང་སྔོན་གྱི་ཆུ་སྟག་སྟེ་སྤྱི་ལོ་1002ལོར་འཁྲུངས་[1]པ་དང་། རབ་བྱུང་དང་པོའི་མེ་ལུག་སྟེ་སྤྱི་ལོ་1067ལོར་སྐུ་གཤེགས་པ་དུས་སྔ་ཕྱི་ལ་བརྟགས་ན་དེ་ལྟར་ཡིན་དགོས་ལ། ཞུ་གཡས་ཀྱི་སྐུ་སྲས་དང་ཚ་བོའི་སྐོར་ལོ་རྒྱུས་ཁག་ལས་རྙོག་འཛིང་ཞིག་འདུག་ཀྱང་དེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཁོ་བོས་ཅུང་ཙམ་གླེང་ཁུལ་བགྱིས་ན། དཔྱད་ཡིག་ཁག་ལས་གཅིག་ནི་ཞུ་གཡས་ཀྱི་བུ་ལྷ་རྗེ་སྐྱིད་པོ་དང་། དེའི་བུ་མཉམ་མེད་སྐྱེ་སེ་ཆེན་པོ་བྱུང་བ་བཤད་སྒྲོས་བྱུང་བའི་སྐོར་ནི་<<དབང་ལྡན་ཞུ་ཡི་གདུང་རབས་>>[2]དང་<<ལེགས་བཤད་མཛོད་>>[3]དང་<<བསྟན་འབྱུང་རིག་པའི་ཤན་འབྱེད་>>[4]བཅས་ཡིན་ལ།  གཞན་གཅིག་ནི་ཞུ་གཡས་ལ་བུ་སྐྱིད་པོ་དང་སྐྱེ་སེ་གཉིས་བྱུང་བའི་སྐོར་ནི་<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>[5]དང་<<བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་>>[6]ཞེས་པ་ལས་ཡབ་ཡུམ་གཅིག་གི་སྤུན་མཆེད་ལྟར་བྱུང་བ་བཤད་འདུག  གང་ལྟར་སྐྱེ་སེ་ཆེན་པོའི་འཁྲུངས་ཚིགས་དེ་བསྟན་རྩིས་སོགས་ལས་ཡོངས་གྲགས་སྤྱི་རྒྱུགས་ཤིག་མེད་ཀྱང་རེ་འགའ་མཆིས་པ་དེའང་ཞལ་གཅིག་གྱུར་ཞིག་མེད་པ་ནི་ཧོར་བ་དྲུང་རམས་པའི་<<བསྟན་རྩིས་ཀེ་ཏ་ཀཿཡི་ཕྲེང་བ་>>ལས། “འོད་དཀར་༡ཕྲི་བའི་ས་ཕག་ལོར།  །མཉམ་མེད་སྐྱེ་སེ་ཆེན་པོ་འཁྲུངས། །”[7]ཞེས་པ་ལྟར་དམ་པ་ཁོང་གི་བསྟན་རྩིས་གོང་འོག་བཀླགས་ཚེ་ཞུ་སྐྱེ་སེ་ཆེན་པོ་འཁྲུངས་ནས་ལོ་ཉེར་བརྒྱད་ཐོག་རབ་བྱུང་དང་པོ་ཚེས་ཚུལ་ལ་བརྟགས་ན་རབ་བྱུང་སྔོན་གྱི་ས་ཕག་སྟེ་སྤྱི་ལོ་999ལོར་ཁེལ་བ་མངོན་གསལ་རེད།  གཞན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་ཀྱི་<<ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་>> ལས། “སྤྱི་ལོ་༡༠༣༨ཡིན། ལོ་འདིར་རྒྱལ་སྲས་ཞུ་གཡས་ལེགས་པོ་དགུང་ལོ་སོ་བདུན་ཡིན་ལ། ཁོང་གི་སྲས་གཉིས་ནི་ལྷ་རྗེ་སྐྱིད་པོ་དང་ཞུ་སྐྱེ་སེ་ཆེན་པོ་ཡིན་ལ་ལྷ་རྗེ་འཁྲུངས་ལོ་མི་གསལ་ཡང་སྐབས་འདི་ཙམ་ན་བྱོན་ཡོད་སྙམ་འཆར།”[8]ཞེས་པ། རབ་བྱུང་དང་པོའི་ས་སྟག་སྟེ་སྤྱི་ལོ་1038ལོར་གསུངས་པར་བརྟགས་ན་ཁོང་གཉིས་ཀྱི་དབར་ལ་མི་ལོ་སོ་དགུའི་ཁྱད་པར་ཡོད་པ་ངེས་རྟོགས་ནུས། གཞན་གོང་གསལ་གྱི་ལྟ་བ་ལས་ལྡོག་པའི་བསམ་བློའི་བཞེད་སྲོལ་གཅིག་ལ་ཞུ་སྐྱེ་སེ་དང་ཞུ་སྒོམ་འཁྲུལ་ཞིག་གཉིས་སྤུན་མཆེད་ཡིན་པ་ནི་<<ལྷ་རྒྱུད་རིན་ཆེན་ཕྲེང་བ་>>ལས། “ཞུ་ཡས་སྐྱིད་པོ་ཇོ་ཐོག་ལ་སྲས་བཞི་སྟེ། རབ་བྱུང་དང་པོའི་ཤིང་འབྲུག་ལོར་ཞུ་སྐྱེ་སེ་ཆེན་པོ་འཁྲུངས་ཞུ་སྐྱིད་མཁར་བ་ཆེན་པོའང་ཟེར། ཤིང་སྦྲུལ་ལོར་ཞུ་སྒོམ་འཁྲུལ་ཞིག་ཆེན་པོ་འཁྲུངས། དེ་འོག་ཞུ་བྲག་ནག་པ་ནམ་མཁའ་མཁྱེན་རབ་དང་། གཅུང་ཇོ་བྷར་བཅས་སྲས་བཞི་འཁྲུངས།”[9] ཞེས་དང་། ཡང་“ཞུ་སྒོམ་འཁྲུལ་ཞིག་ཞུ་ཡས་སྐྱིད་པོའི་སྲས་ཡིན་དགོས་པ་ལས་སྐྱེ་སེ་ཆེན་པོའི་སྲས་ཡིན་ན་རབ་བྱུང་དང་པོའི་ནང་འཁྲུངས་དཀའ་བས་ཞུ་སྒོམ་གྱི་དངོས་སློབ་རྣམས་དང་དུས་རབས་འགལ་སྐྱོན་ལྷག་པས་རབ་བྱུང་དང་པོའི་ཤིང་སྦྲུལ་ལ་འཁྲུངས་པར་སེམས།”[10]ཞེས་དང་།  ཡང་“ཞུ་སྐྱེ་སེ་ཆེན་པོའི་སྲས་རབ་བྱུང་གཉིས་པའི་ཆུ་བྱ་ལོར་ཞུ་སྒྲོལ་བ་གཤེན་རྒྱལ་འཁྲུངས། དེའི་སྲས་ཞུ་ཡེ་ཤེས་རིན་ཆེན།”[11]ཞེས་པར་གཞིགས་ན་སྤྱི་ལོ་1064ལོར་སྐྱེ་སེ་དང་དེའི་ཕྱི་ལོ་1065ལོར་ཞུ་སྒོམ་འཁྲུལ་ཞིག་འཁྲུངས་པ་གསལ་པོར་སྟོན་ཀྱང་། ཞང་སྒོམ་རིན་ཆེན་རྒྱལ་བས་མཛད་པའི་<<ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་>>དང་སྔོན་གྱི་བསྟན་འབྱུང་ཕལ་ཆེ་བ་ལས་སྐྱེ་སེ་དང་འཁྲུལ་ཞིག་གཉིས་ཡབ་སྲས་ཀྱི་རྣམ་པ་གསལ་པོར་སྟོན་པ་དེའོ། །

      གང་ལྟར་<<བསྟན་འབྱུང་རིག་པའི་ཤན་འབྱེད་>>ལས་གསལ་བ་ལྟར་ན། སྐྱེ་སེ་ཆེན་པོ་ལ་སྲས་བཞི་བྱུང་། དེ་ནི་ཆེ་བ་སྒྲོལ་བ་གཤེན་རྒྱལ་དང་། དེ་འོག་ཇོ་མཁར། དེ་འོག་ཇོ་ཐོག  དེ་འོག་ཞུ་སྒོམ་འཁྲུལ་ཞིག་བཅས་[12]ཡིན་ལ། དེ་ལས་ཇོ་ཐོག་གི་སྐུ་སྲས་ཆེ་བ་སངས་རྒྱས་ཞུ་ཆེན་བྱུང་། ཁོང་གི་མཚན་གྱི་རྣམ་གྲངས་ནི་ཆུང་དུས་སུ་ཁྲོ་རྒྱལ་འབར་ཞུ་བ་དང་།  རབ་བྱུང་སྐབས་དེར་ཞུ་བཙུན་དོན་ལྡན། བསྙེན་རྫོགས་སྐབས་ཡེ་ཤེས་རིན་ཆེན། གདན་སའི་དུས་སངས་རྒྱས་ཞུ་ཆེན། ཡུལ་སྐད་ལ་ལར་སངས་རྒྱས་ཞུ་མོ་ཆེ་ཞེས་གྲགས་པ་བྱུང་བའོ། །ཁོང་ནི་ཞུ་ཚང་གི་གདུང་ལས་འཁྲུངས་པའི་དྲང་སྲོང་ཐོག་མ་དེ་ཡིན་པ་<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>ལས་[13]གསལ།  ཞུ་ཆེན་གྱི་འཁྲུངས་ལོ་སྐོར་བསྟན་རྩིས་སུ་འཁོད་པ་ནི་ཀུན་མཁྱེན་ཉི་མ་བསྟན་འཛིན་[14]དང་ཧོར་བ་དྲུང་རམས་པ།[15] ཨ་ལགས་བོན་བརྒྱ་[16]རྣམས་ཞལ་གཅིག་མཐུན་གྱིས་རབ་བྱུང་གཉིས་པའི་ཆུ་ཡོས་ཏེ་སྤྱི་ལོ་1123ལོར་འཁྲུངས་པར་གསལ། གཞན་བོན་བརྒྱའི་བསྟན་རྩིས་ལས་ཧོར་བ་དྲུང་རམས་པས་ཞུ་ཆེན་ཡེ་རིན་དེ་རབ་བྱུང་གསུམ་པའི་ཆུ་ཡོས་ལ་འཁྲུངས་གསུངས་པ་དེ་བརྟགས་བྱ་ཞེས་གསལ་ཡོད་[17]ནའང་། དེ་ནི་དཔྱད་ཞིབ་ནན་པོ་མ་བགྱིས་པའི་གསུང་ཞིག་ཏུ་མཐོང་།  རྒྱུ་མཚན་ནི་ཧོར་བ་དྲུང་རམས་པའི་བསྟན་རྩིས་ཀྱི་གཞུང་ལས་ཞུ་ཆེན་ཡེ་རིན་ནི་ཆུ་ཡོས་ལ་འཁྲུངས་ནས་མི་ལོ་24རྗེས་སུ་རབ་བྱུང་གསུམ་པ་ཚེས་པའི་ཚིག་ཟིན་གསལ་བས་དེ་ནི་རབ་བྱུང་གཉིས་པའི་ཆུ་ཡོས་ཡིན་པ་ཤུགས་ཀྱིས་རིག་པས་གྲུབ་བོ། །

         གཞན་ཞུ་ཆེན་ཡེ་རིན་ནི་རབ་བྱུང་གསུམ་པའི་ཆུ་ཡོས་ལ་འཁྲུངས་པ་འདོད་མཁན་བྱུང་ཡོད་པ་གསལ་བ་ནི་<<བསྟན་འབྱུང་རིག་པའི་ཤན་འབྱེད་>>ལས། “ཞུ་ཆེན་འདི་བསྟན་རྩིས་ལ་ལར་རབ་བྱུང་གསུམ་པའི་ཆུ་ཡོས་ལོར་བལྟམས་ཟེར་བ་མི་དག”ཅེས་གསལ་བ་ཙམ་ལས་ཕྱོགས་སྔ་དམིགས་སུ་སྨོས་མེད་པ་དང་ཁོ་བོས་ཀྱང་དེ་ལྟར་གྱི་བཞེད་གཞུང་འདྲེན་བྱེད་ཀྱི་ལམ་དུ་མ་གྱུར་པས་འདི་ཞེས་སུ་གླེང་ཐབས་བྲལ་ནའང་། ཁོ་བོས་བརྟགས་ན་རབ་བྱུང་གསུམ་པའི་ཆུ་ཡོས་ནི་སྤྱི་ལོ་1183ལོར་ཁེལ་བ་དེ་ནི་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་མཛོད་གཞུང་སོགས་ལས་ཞུ་ཆེན་གྱི་མཛོད་གཞུང་ལུང་ཁུངས་བཅོལ་ཚུལ་ལ་བརྟགས་ན། གོང་གི་ལོ་ཚིགས་བཞེད་སྲོལ་ཤིན་ཏུ་ནས་འཇོག་དཀའ། གཞན་བསྟན་འབྱུང་རྩོམ་པ་པོ་ཁོང་གིས་ཞུ་ཆེན་ནི་རབ་བྱུང་གཉིས་པའི་སྤྲེལ་ལོར་འཁྲུངས་[18]ཞེས་གསུངས་ཡོད་ནའང་ལོ་ཁམས་དམིགས་སུ་སྨོས་མེད་པས་འདི་ཞེས་སུ་བརྗོད་དཀའ་བ་མ་ཟད་ཞུ་ཆེན་གྱིས་རྨེའུ་རི་ཁྲོད་[བསྟན་འབྱུང་རིག་པའི་ཤན་འབྱེད་ལུང་གོང་འོག་སོགས་ལ་བརྟགས་ན་རྨེའུ་རི་ཁྲོད་པ་ནི་རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་པ་དང་སྤྱི་ལོ་1038ལོར་ཁེལ། དགུང་ལོ་ལྔ་བཅུ་རྩ་དགུའི་ཐོག་གཟུགས་སྐུའི་བཀོད་པ་བསྡུས་པའི་གནས་ཚུལ་གསལ་བ་ལྟར་ན། རབ་བྱུང་གཉིས་པའི་མེ་བྱི་སྟེ་སྤྱི་ལོ་1096ལོར་ཁེལ་བ་ནི་ཀུན་མཁྱེན་ཉི་མ་སོགས་ཀྱི་བསྟན་རྩིས་དང་མ་གྲོས་གཅིག་མཐུན་དུ་བཞེད་དོ།]དང་རྗེ་བཙུན་ཡར་མེ་བ་(1058-1132)[19]གཉིས་ལས་འདུལ་བའི་སྡེ་སྣོད་གསན་ཞེས་པ་དང་། ཡང་ཁོང་གི་ཡབ་མེས་སོགས་ཀྱི་འཁྲུངས་ལོ་དང་ཞུ་ཆེན་གྱི་འཁྲུངས་ལོའི་དབར་བསྡུར་ན་ཤིན་ཏུ་ནས་དཔྱད་ཐབས་དཀའ་བའི་གཞི་ཞིག་ཏུ་གྱུར་པས་སླར་དཔྱོད་ལྡན་རྣམས་ཀྱིས་དགོངས་དཔྱད་འཚལ།

དཔེ་ཆའི་ཁུངས་དང་མཚན་བྱང་ལ་བརྟགས་པ།

      བླ་མ་ཞུ་ཆེན་གྱིས་བརྩམས་པའི་ཕྱག་དཔེ་ཇི་སྙེད་ཅིག་མཆིས་ནའང་ལ་ལ་འདྲེན་བྱེད་ཀྱི་ལམ་དུ་མ་གྱུར་པ་ནི་བོར་བརླག་ཏུ་སོང་བའམ་ཡོངས་ཁྱབ་ཏུ་མ་གྱུར་པ་ཞིག་ཡིན་པ་ཆ་མ་འཚལ། ད་ཆར་ང་ཚོས་མཐོང་ཆོས་སུ་གྱུར་ཡོད་པ་ནི་<<བླ་མེད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བ་རིག་པའི་བང་མཛོད་>>དང་<<མཛོད་ཏྲིག་>>ཅེས་མིང་དུ་གྲགས་པའི་དཔེ་ཆ་དེ་གཉིས་རེད་ལ། དེ་ཉིད་བསྟན་པ་ཕྱི་དར་གྱི་སྐབས་སུ་གབ་འགྲེལ་དང་མཛོད་ཕུགས་ཀྱི་འགྲེལ་བ་སྔ་མའི་གྲལ་དུ་ཚུད་ཡོད། དཔེ་ཆ་འདིའི་མ་ཕྱི་ནི་ཕྱི་གླིང་རྒྱལ་ཁབ་ཅིག་གི་དཔེ་མཛོད་ཁང་དུ་བདག་གཉེར་བྱས་ཤིང་ད་དབར་མི་ཚོགས་དཀྱུས་མ་གང་ཞིག་གི་འདྲེན་བྱེད་ལམ་དུ་མ་གྱུར། དུས་ཀྱི་སྐབས་ཐོག་ཅིག་ལ་ ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཡུལ་དེར་གདན་ཞུས་སྐབས་ཕྱག་དཔེ་དེ་ཉིད་གཟིགས་སྐལ་དུ་བྱུང་བས། རིན་པོ་ཆེ་མཆོག་གིས་རིན་བྲལ་གྱི་ནོར་བུ་ཞིག་ཏུ་གཟིགས་ནས་འབྲེལ་ཡོད་དཔེ་མཛོད་ཁང་དེར་འདྲ་བཤུས་ཚར་གཅིག་དང་། སླད་མ་དཔར་སྐྲུན་འགྲེམ་སྤེལ་གྱི་ཆོག་མཆན་ནན་གྱིས་རེ་ཞུས་མཛད་པའི་རླབས་ཆེན་གྱི་བྱས་རྗེས་ཉག་གཅིག་ལ་བརྟེན་ནས། ད་སྐབས་ངེད་ཅག་རྣམས་ཀྱི་ལོངས་སུ་སྤྱོད་པའི་སྐལ་བཟང་དུས་བཟང་ཉིན་མོ་འདི་ཤར་བ་རེད། ཡིག་ཆ་འདི་ཉིད་ཕུད་པའི་གཞན་བོད་ཕྱི་ནང་གང་དུའང་ཆེས་དཔེ་དཀོན་གལ་ཆེན་ཞིག་ཀྱང་ཡིན་སྲིད། རྒྱུ་མཚན་ནི་དེ་སྔོན་བོད་ནས་དབང་ལྡན་ཞུ་ཚང་དང་འབྲེལ་བའི་མཁས་པ་བརྒྱ་དང་བཅུ་བཞིས་བརྩམས་ཆོས་ཁྱོན་བསྡོམས་480ལྷག་སྤྱི་ལོ་2019ལོར་<<དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས་>>ཞེས་པའི་པོད་གྲངས་བཅུ་བདུན་བདག་ཉིད་ཅན་གྱི་ནང་དུ་འཁོད་མེད་པས་སོ། །<<མཛོད་ཏྲིག་>>པོ་ཏི་འདི་ཉིད་ཐིག་ཕྲེང་དགུས་ཆ་མཉམ་དུ་གྲུབ་པའི་ཕྲ་ཡིག་ལག་བྲིས་མདའ་ཚད་མ་ཞིག་རེད་འདུག་ལ། ཁྱོན་སྡོམ་ཤོག་གྲངས་བརྒྱ་དང་ང་བརྒྱད་ཡོད་ཀྱང་བློ་ཕམ་དགོས་པ་ཤིག་ལ་དེ་ལས་ཤོག་གྲངས་༡༣པ་དེ་ཚང་གི་མི་འདུག དཔེ་དཀོན་དེ་ཉིད་གཞིར་བྱས་ཏེ་ད་ལོ་སྤྱི་ལོ་2024ལོའི་གདན་ས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྡེའི་རྒྱུན་ལས་སྐབས་༤༤པས་དེང་རབས་ཀྱི་འགྲོས་དང་བསྟུན་ནས་དེབ་གཟུགས་སུ་དཔར་སྐྲུན་གནང་ཡོད། དེའི་མཛོད་འགྲེལ་གྱི་དབུ་ལ་<<མཛོད་ཏྲིག་བཞུགས་སྷོ་སངས་རྒྱས་ཞུ་ཆེན་གྱི་འགྲེལ་བའོ་>>ཞེས་གསལ་བ་དང་། ཡང་གཞུང་དངོས་ཀྱི་འགོ་གཞུག་གཉིས་སུ་<<ལེགས་བཤད་གཏེར་མཛོད་གསལ་བའི་སྒྲོན་མ་>>འམ་<<ལེགས་བཤད་རྣམ་པར་གསལ་བའི་སྒྲོན་མ་>>ཞེས་འཁོད་འདུག  དང་པོའི་བླ་དྭགས་དང་འབྲེལ་ཏེ་ཁོ་བོས་ཟུར་ཙམ་དཔྱོད་ན་མཛོད་ནི་དཔེས་མཚན་དུ་གསོལ་བ་ཞིག་སྟེ། རྒྱལ་པོའི་དཀོར་མཛོད་ལ་སྲིད་པ་འདིར་ཆེས་དཀོན་པའི་ཡོ་བྱད་ཙམ་མ་ཟད་སྲིད་པའི་ཕུན་ཚོགས་སྣ་རྒུ་འཛོམས་པའི་ཁྱིམ་གྱི་མཛོད་ཕུགས་ལྟར། གཞུང་འདིར་ནང་དོན་རིག་པ་དང་འཇིག་རྟེན་ཆགས་རབས་ཀྱི་རིག་པ། གཞན་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཡོད་དོ་ཅོག་གི་རྣམ་གཞག་རྒྱས་པར་གསལ་བས་མཛོད་ཅེས་གསོལ་བ་དང་། ཏྲིག་ནི་ཞང་ཞུང་སྨར་གྱི་སྐད་དུ་རབ་བམ་རྒྱས་པ་ལ་གོ་བས། མདོར་ན་བཀའ་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་རྒྱས་པ་ཞིག་གོ་དགོས་སྙམ། ཡང་ན་ཏྲིག་ནི་ཊིཀ་འམ་ཏི་ག་ལས་ཟུར་ཆགས་པའི་བརྡ་ཆད་ཅིག་ཡིན་པའི་དབང་དུ་བྱས་ན་མཛོད་འགྲེལ་ལམ་མཛོད་ཕུགས་ཞེས་བརྗོད་པར་མངོན། དཔེ་ཆའི་མཛད་བྱང་དུ་“ལེགས་བཤད་རྣམ་པར་གསལ་བའི་སྒྲོན་མ་ཞེས་བྱ་བ་མང་དུ་ཐོས་པའི་རིག་པར་སྨྲ་བའི་ཞུ་གཡས་གྱི་བཙུན་པ་ཡེ་ཤེས་རིན་ཆེན་གྱིས་སྦྱར་བ་རྫོགས་སོ། །”ཞེས་འཁོད་པའི་ཞུ་བཙུན་ཡེ་ཤེས་རིན་ཆེན་ནི་སངས་རྒྱས་ཞུ་ཆེན་གྱི་མཚན་གྲངས་ལས་དག་པ་དྲང་སྲོང་གི་ཚུལ་མིང་ཞིག་ཡིན་པ་གོང་ཞུས་ལྟར་ཀློག་པ་པོ་རྣམས་ཀྱིས་མཁྱེན་དགོས།

མཛོད་ཏྲིག་གི་ངོ་སྤྲོད་སྤྱི་བཤད།

          མཛོད་ཏྲིག་འདི་ཉིད་ཀྱི་ལུང་ཁུངས་བཅོལ་གཞི་གཙོ་བོ་ནི་མདོ་གཟེར་མིག་དང་ལྷོ་གཏེར་གྱི་བཀའ་སྲིད་པའི་མཛོད་ཕུགས།  གསལ་རབ་ལྷ་ཡི་སྲས་པོས་མཛད་པའི་<<མཛོད་ལྷ་འགྲེལ་>>ཞེས་པ་རྣམས་ཡིན་ལ། ལྷ་འགྲེལ་ནི་ལོ་རྒྱུས་བསྟན་འབྱུང་རྣམས་ལས་བཞེད་པ་ལྟར་ན། གཉེན་སྟོན་ཤེས་རབ་རྡོ་རྗེས་ཧ་ལམ་དུས་རབས་བཅུ་གཅིག་པའི་ནང་གཏེར་ལས་བཞེས་པའི་གཏེར་དཔེའི་གྲལ་དུ་ཚུད་ཡོད། ད་ཆར་ང་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པའི་པོ་ཏི་འདི་ཉིད་རྩོད་གཞི་ཅན་གྱི་དངོས་པོ་ཞིག་ཏུ་གྱུར། རྒྱུ་མཚན་ནི་ཁག་ཅིག་གིས་སྔོན་གྱི་ཕྱག་དཔེའི་ཁྲོད་དུ་གསལ་བའི་“མཁས་བཞི་མཛོད་འགྲེལ་”ཞེས་པ་དེ་ངོས་འཛིན་པ་དང་། ཡང་ལ་ལས་གསལ་རབ་ལྷ་ཡི་སྲས་པོས་མཛད་པའི་“མཛོད་ལྷ་འགྲེལ་”ཞེས་པ་སྨོས་ཀྱིན་ཡོད། དེའི་སྐོར་གཞན་དུ་ཤེས་པར་གྱིས་ཤིག མཛོད་ཏྲིག་གི་གཞུང་ལས་གསལ་བའི་གཉན་འཐིང་གི་མཛོད་འགྲེལ་ལམ་ལྷའི་སྲས་པོས་བཞེད་ཅེས་པའི་མཛོད་ཀྱི་ལུང་ཚིག་ཕལ་ཆེ་བ་སོག་སྡེ་སྤྲུལ་སྐུ་གྲུབ་དབང་བསྟན་པའི་ཉི་མས་(1942ལོར་འཁྲུངས་)ཤིན་ཧྭ་དཔེ་སྐྲུན་ཁང་ནས་སྤྱི་ལོ་1998ལོར་དཔེ་གཟུགས་སུ་དཔར་དུ་བསྐྲུན་པའི་<<བརྟེན་འགྱུར་>>གྲལ་དུ་འཁོད་པ་དེའི་ནང་འདུག དཔེ་ཆ་དེའི་དབུའི་མཚན་ལ་<<མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་པ་མི་བཞིས་མཛད་པ་>>ཞེས་བྲིས་ཡོད། གཞན་ང་ཚོས་གཞུང་དངོས་ལས་མཐོང་ཐུབ་པ་ནི་ཞུ་ཆེན་ཁོང་གི་སློབ་དཔོན་[མཛོད་ཏྲིག་གཞུང་ལས་བདག་གི་བླ་མ་གསུམ་ཀ་ཞེས་གསལ་]རྣམས་གྱིས་མཛོད་ཕུགས་ཀྱི་བཞེད་མཚམས་སྐོར་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་ཇི་སྙེད་ཅིག་གླེང་མོལ་བྱས་ཡོད་ཀྱང་དམིགས་སུ་འདི་ཞེས་སུ་སྨོས་མེད་པས་ཁོ་བོས་བླ་མ་གསུམ་ཀ་དེ་དག་འདི་ཞེས་སུ་ཞུ་སྤོབས་མ་ནུས།

      ཞུ་ཆེན་ཁོང་གི་མཛོད་ཏྲིག་ནི་ཕྱིས་སུ་བྱུང་བའི་མཛོད་འགྲེལ་རྩོམ་པ་པོ་ཞིག་ལ་མཚོན་ན་སྔ་རབས་བོན་རང་ལུགས་ཀྱི་ཐུན་མིན་བཞེད་མཚམས་དང་ས་གཅོད་བགོ་སྟངས་ཀྱི་མ་གཞི་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་རྒྱལ་བ་བྲུ་ཡི་རྗེས་འཛིན་གྱི་མཁས་པ་ཆེན་པོ་གཡས་རུའི་སྟོན་པ་བརྒྱད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(1198-1263)གྱིས་མཛད་པའི་མཛོད་འགྲེལ་གསུམ་དུ་གྲགས་པའི་ནང་ནས་ད་ཆར་གདན་ས་ཁག་ཏུ་འཆད་ཉན་གྱི་དཔེ་གཞིར་གྱུར་པའི་<<ལུང་མཚན་ཉིད་སྲིད་མཛོད་ཕུགས་ཀྱི་འགྲེལ་བ་>>འདི་ཉིད་དང་བསྡུར་ན་ཀློག་པ་པོ་རྣམས་ཀྱིས་མཁྱེན་རྟོགས་ཡོང་བ་མ་ཟད། འགྲོ་མགོན་བླ་མའི་མཛོད་འགྲེལ་ལས་ཐུན་མིན་གྱི་བཞེད་སྲོལ་ཁག་ཅིག་ཀྱང་<<མཛོད་ཏྲིག་>>འདི་ཉིད་ལ་གཞི་བཅོལ་ཏེ་བྲིས་ཡོད་པ་གསལ་པོར་མངོན་ཐུབ་པ་ནི། དཔེར་ན་རྟེན་འབྲེལ་གྱི་རྣམ་གཞག་དང་། ཡིད་སྔོན་སོང་གི་འཁོར་དང་རྐྱེན་ཉེ་བར་གནས་པའི་འཁོར་གྱི་སྐོར་ལྟ་བུའོ། །དེའི་སྐོར་ཞིབ་ཕྲ་གཤམ་དུ་ཁོ་བོའི་རྨོངས་བློས་ཅུང་ཙམ་དཔྱད་གླེང་ཞུ་རྒྱུ་ཡིན། གཞན་ཞུ་ཆེན་གྱིས་མཛོད་ཏྲིག་གི་གཞུང་བརྩམས་པའི་སྐབས་དེར་སོ་སོའི་དད་མོས་ཀྱི་ཡུལ་དུ་གྱུར་པའི་བླ་མའམ་གྲགས་ཆེ་བའི་དཔོན་གསས་གྱི་བཞེད་འདོད་འགོད་པ་ཙམ་མིན་པར།  རྒྱལ་བའི་བཀའ་དང་འཕགས་པའི་ལུང་རྣམ་དག་ལ་གཞི་བཅོལ་ཏེ་རང་གི་རྣམ་དཔྱོད་ཀྱིས་དཔྱད་གསུམ་དག་པས་བསྲེགས་བཅད་བདར་གསུམ་གནང་སྟེ་བརྩམས་པའི་དཔེ་གཞུང་ཞིག་ཡིན་པ་རྟོགས་ནུས་པ་ནི་མཛོད་ཏྲིག་ལས་དཔེར་མཚོན་ཞིག་དྲང་ན། “སློབ་དཔོན་གྱི་བཀའ་ཚད་མ་ལ་བརྟེན་ཏེ་བཤད་དེ། འཐད་པ་རྣམས་ནི་ཤིན་ཏུ་ཡང་གཅེས་པར་བྱ། མི་འཐད་པ་ཡང་ཕྱོགས་སྔར་བཞག་ནས་བླ་མའི་ཞབས་ཐོག་ཡིན།” ཞེས་དང་། ཡང་“ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང་། མཚན་གཞི་དང་། ངེས་ཚིག་གོ། དང་པོ་ལ་ཡང་སྤྱིའི་མཚན་ཉིད་ནི། བླ་མ་ན་རེ་མཚན་མ་རྔོས་སུ་སྣང་བ་ཡིན་ནོ་ཞེས་པ་ནི་མི་རིགས་ཏེ། མཚན་ཉིད་མཚན་གཞི་ཐ་དད་མེད་ནས་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེས་ན་མ་དཔྱད་པའི་ཤེས་པ་ལ་སྣང་བ་ཡིན་ནོ། །”ཞེས་པ་ལྟར་དེ་རིགས་ཇི་སྙེད་ཅིག་བགྲང་རྒྱུ་འདུག་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གཞུང་དངོས་ལ་འཇུག་པར་མཛོད་ཅིག  

          མཛོད་ཏྲིག་གི་གཞུང་ལ་སྡེ་ཚན་ཆེན་པོ་གཉིས་སུ་དགར་ནས་བསྟན་ཡོད། དང་པོ་ཀླད་ཀྱི་རྣམ་གཞག་དང་གཞུང་གི་དོན་གཉིས། གཞུང་ལ་ལུས་ཀྱི་མདོར་བཤད་དང་ཡན་ལག་རྒྱས་བཤད་ཅེས་སོ། །ཡན་ལག་རྒྱས་བཤད་ལ་བཀའ་སྲིད་པའི་མཛོད་ཕུགས་ལྟར་གཞི་བྱས་ལ་མཛོད་གནས་བཅུ་བདུན་ཕྱེས་ཡོད།  མཛོད་གནས་རེར་སྤྱི་དོན་རྣམ་པར་བཤད་པ་དང་།  ཚིག་དོན་གསལ་བར་བཤད་པ་གཉིས་ཀྱིས་སྤྱི་བསྡོམས་སུ་བྱས། དང་པོ་སྤྱི་དོན་དེ་ལ་རྒྱུ་དང་། མཚན་ཉིད། དབྱེ་བ། དགོས་པ་བཅས་བཞིས་བསྟན།  གཉིས་པ་ཚིག་གི་དོན་གསལ་བར་བཤད་པ་ལ་མཛོད་གནས་སྐབས་ཐོག་གི་བརྗོད་བྱ་དང་བསྟུན་ནས་སྤྱི་དོན་དང་ཚིག་དོན་གཉིས་གཉིས་ཀྱིས་ཕྱེས་པ་སྤྱི་རྒྱུགས་སུ་བཤད་པ་དེའང་། སྔོན་བྱུང་གོང་མ་རྣམས་ཀྱི་རིག་རྩལ་ལས་འཁྲུངས་པའི་མཛོད་ཀྱི་རིག་པའི་བཞེད་མཚམས་དེར། རྒྱལ་བའི་བཀའ་དང་འཕགས་པའི་ལུང་རྣམ་དག་གིས་ཟུང་དུ་འབྲེལ་ནས་མ་མཐུན་པ་རྣམས་ཁ་ཅིག་དགག་པ་དང་། མཐུན་པ་རང་ལུགས་སུ་བཞག་པ། སྐྱོན་མེད་རང་ལུགས་སུ་བཞག་པ་དེར་ལུང་རིག་གི་གནོད་པའི་རྩོད་པའི་སྐྱོན་མི་འབབ་པའི་ཐལ་བ་འཕངས་པའི་རྣམ་གཞག་དེའང་ཆེ་ལོང་རག་ཙམ་མིན་པར།  ཞིབ་མོ་རྣམ་པར་འཐག་པའི་སྒོ་ནས་དཔྱད་གསུམ་དག་པས་བསྲེགས་བཅད་བདར་པའི་མཛོད་ཏྲིག་གི་གཞུང་འདི་ཉིད་བརྩམས་པ་དེའོ། །

གཞུང་དངོས་ཀྱི་གལ་གནད་དང་འབྲེལ་བའི་གླེང་མོལ།

     འདིར་ཁོ་བོས་མཛོད་ཏྲིག་གི་གཞུང་ཁྱོན་ཡོངས་ནས་མཁས་གྲུབ་ཁོང་གིས་བཞེད་པའི་ཐུན་མིན་གྱི་ཁྱད་བོན་ཁག་གཅིག་ཟུར་དུ་བཏོན་ཏེ་བོན་གྱི་མཛོད་འགྲེལ་ཁག་གཞན་དང་ས་ལམ་གྱི་གཞུང་འགྲེལ་དབར་གྱི་ཁྱད་པ་སྐོར་དམིགས་སུ་ཁོ་བོའི་རྨོངས་འཆར་དང་འབྲེལ་སློང་གླེང་ཅུང་ཙམ་ཞུ་རྒྱུ་ཡིན། གཤམ་དུ་སྤྱིའི་སྡེ་ཚན་གཉིས་སུ་དགར་ཏེ་བཤད་ན། དང་པོ་ཀླད་ཀྱི་རྣམ་གཞག་དང་གཞུང་གི་དོན་གཉིས་སོ། །གཞུང་ལ་ལུས་ཀྱི་མདོར་བཤད་དང་ཡན་ལག་རྒྱས་བཤད་ཅེས་པ་དེའོ། །

དང་པོ། ཀླད་ཀྱི་རྣམ་གཞག

༼༡༽ ཐོག་མ་དཔེ་ཆའི་སྤྱི་འགྲོས་ལྟར་འཆད་ཉན་བྱ་བའི་ལས་ལ་འཇུག་པའི་ཚུལ་གྱིས་བླ་སློབ་ཀྱི་འབྲེལ་བ་དང་། གང་བསྟན་པའི་བོན་གྱི་བརྗོད་གཞི་བཤད་བྱའི་དོན་གཞི་བདེན་པ་གཉིས་སམ། བདེན་པ་བཞི་གཏན་ལ་ཕབ་ནས་འབྲས་བུ་རྟེན་སྐུ་དང་བརྟེན་པ་མཁྱེན་པའི་ཡེ་ཤེས་ལ་སོགས་གྲུབ་ཚུལ་རྣམ་གཞག་ཉེ་བར་དགོད་པ་བཅས་ཀྱིས་གྲུབ་པའོ། །དེ་ལས་བོན་འཆད་ཉན་གྱི་སྐབས་དེར་དཔོན་གསས་བླ་མས་གཞུང་ཞིག་ཅི་ལྟར་འཆད་པ་བྱེད་པའི་ཚུལ་ནི་<<མཛོད་ཏྲིག་>>ལས། “འཆད་བྱེད་ཀྱི་སྟོན་པ་དེ་ཡང་ལྟ་བ་སྤྱི་རྒྱ་རླབས་ཀྱིས་ཆོད་པ་ནི་མཁའ་ལ་ཁྱུང་ལྡིངས་པ་ལྟ་བུ་གཅིག་རྒོས། ཚིག་དོན་ལ་ཐེན་ཐོགས་མེད་པ་སེང་གེའི་མཆོངས་ལྟ་བུ་དང་། གཞུང་གི་བྱེད་པ་ལ་མཁས་པ་བྱ་ངང་མོའི་འགྲོས་ལྟ་བུ་དང། ཉན་པའི་སྣ་བར་སྤྲོ་ཞིང་དང་བ་སྐྱེ་བ་ཁུ་བྱུག་གི་གསུང་ལྟ་བུ་དང། དོན་གྱི་བསྡུ་ཐབས་སམ་ཉམས་ལེན་གྱི་དོན་ལ་མཁས་པ་རུས་སྦལ་རྒྱ་མཚོར་བསྐུམས་པ་འདྲ་བ་དང། གཞན་གྱི་རྒོལ་བ་ཟིལ་གྱིས་གནོན་པ་ལ་རིག་པ་ཟུར་བརྣོ་བ་བྱ་ཕོ་རོག་ལྟ་བུ་ཅིག་རྒོས་ཏེ། འཆད་བྱ་དོན་རྟོགས་གར་གྱང་འགྱུར་གྱི་སྒོམ་པ་ལ་དམིགས་དྲུག་སྟེ། ཁྱུང་ཆེན་ལྡིངས་སྟབས་ཀྱི་རྒོངས་པ་དང་ལས་སོགས་གསུངས་པའི་ཕྱིར་རོ། །”ཞེས་པ་ལྟར་རོ། །

༼༢༽ སྔོན་འདྲེན་པའི་སྟོན་པ་རྣམས་ཀྱིས་བཀའ་གཞུང་འཆད་ཐབས་ཀྱི་རང་བཞིན་བཤད་པའི་སྐབས་དེར་མཁས་པ་སོ་སོའི་རང་ངོས་ནས་བཤད་ལུགས་མ་འདྲ་བ་བྱུང་ཡོད་ལ། འདིར་<<མཛོད་ཏྲིག་>>ལས་དྲངས་པའི་གསུང་སྒྲོས་ནི་འ་ཞ་འགྲོ་མགོན་བླ་མའི་མཛོད་འགྲེལ་དུ་དམིགས་བསལ་དྲངས་ཡོད། དེ་ནི་“ད་རེས་མཛོད་འདི་གསུང་རབ་དང་རྣམ་དག་ལས་སོགས་ཕྱི་རྒྱུད་དང་བབས་མཐུན་པར་བྱུང་པས་ལོ་རྒྱུས་ཀྱང་དེ་དང་མཐུན་པར་བྱས་ལ་བཤད་སྟེ་ཁུངས་བཙུན་ཞེས་ཡིད་ཆེས་པར་བྱ་བའི་ཕྱིར། བདེ་བར་གཤེགས་པ་གང་གིས་གསུངས་པ་དང། འཁོར་གང་ལ་དང། གནས་གང་དུ་དང། དུས་ཇི་ཙམ་ན་དང། གསུངས་པའི་བོན་དེ་རང་གང་ཡིན་པ་དང། དེ་བཤད་ན་བཤད་ལུགས་ཇི་ལྟར་བཤད་པ་དང་དྲུག”ཅེས་པའི་ཕྱི་ནང་གསང་གསུམ་གྱི་བོན་འཆད་པའི་སྐབས་དེར་ཕྱི་ནང་གསང་གསུམ་གྱི་ཁུངས་སྟོན་པ་དང་བརྟེན་ནས་འཆད་ཐབས་གླེང་དགོས་པའི་སྐོར་སྨོས་པ་ནི་དམིགས་བསལ་བ་ཞིག་རེད།  དེ་མིན་བོན་ལུགས་ཀྱི་མཁས་གྲུབ་སྔ་ཕྱི་དུ་མས་མཛོད་འགྲེལ་བརྩམས་པའི་སྐབས་དེར་བདག་ཅག་གི་སྟོན་པས་མཛོད་ཕུགས་འཆད་ཐབས་དེ་གབ་པའི་གཞུང་དང་བསྟུན་ནས་གླེང་ཡོད་པ་ཇི་སྙེད་ཅིག་བགྲངས་པ་ཡོད།

༼༣༽ འདིར་བོན་ལུགས་ཀྱི་མཁས་པ་ཡོངས་ལས་དམིགས་བསལ་གྱི་བཞེད་སྲོལ་ཞིག་གཤམ་དུ་གླེང་རྒྱུ། སྤྱིར་བཏང་སྟོན་པ་གཤེན་རབ་མི་བོའི་བཀའ་<<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་མེ་ལོང་དགུ་སྐོར་>>ལས་གསུངས་པ་ལྟར་ན། དོན་དམ་བདེན་པ་ལ་གཉིས་ཏེ་སྤྲོས་པའི་ཕྱོགས་གཅིག་དང་བྲལ་བ་ནི་འཇིག་རྟེན་གྲགས་སྡེའི་དོན་དམ་དང་། སྤྲོས་པའི་ཕྱོགས་མཐའ་དག་དང་བྲལ་བ་ནི་ཟབ་མོ་གཏམ་གྱི་དོན་དམ་གཉིས་སོ། །དེའང་ས་ལམ་གྱི་གཞུང་ཁྱོན་ཡོངས་ནས་སྤྱི་སྡོམ་ཞིག་བརྒྱབ་ན་འཇིག་རྟེན་ཐོས་བསམ་སྒོམ་གསུམ་ལ་བརྟེན་ཏེ་སྐྱེས་པའི་ཤེས་རབ་ཀྱིས་དོན་སྤྱི་ཙམ་དང་། དོན་སྤྱི་གསལ་སྣང་ཚུལ་དུ་རྟོགས་པའི་སྟོང་ཉིད་དེར་འཇིག་རྟེན་གྲགས་སྡེའི་དོན་དམ་ཞེས་བཏགས་ལ། དེ་ལྟར་ན་<<མཛོད་ཏྲིག་>>གི་གཞུང་ལས་གསལ་བའི་རྣམ་གྲངས་དང་མཐུན་པའི་དོན་དམ་བདེན་པ་དང་རྣམ་གྲངས་དང་མ་མཐུན་པའི་དོན་དམ་གཉིས་ནི། གོང་གི་འགྲེལ་མེ་ལོང་ལས་གསལ་བའི་འཇིག་རྟེན་གྲགས་སྡེའི་དོན་དམ་དང་ཟབ་མོ་གཏམ་གྱི་དོན་དམ་ཞེས་པ་གཉིས་ཡང་སྙིང་གཅིག་ཏུ་བབ་ལ། སངས་རྒྱས་ཞུ་ཆེན་གྱི་བཞེད་སྲོལ་ནི་<<མཛོད་ཏྲིག་>>ལས། “དོན་དམ་པའི་བདེན་པའི་རང་བཞིན་ལ་སྤྱིར་དོན་དམ་པའི་བདེན་པ་ཞེས་གྲགས་པ། དེ་གཉིས་ལ་གྲགས་པ་ཡིན་ཏེ། རྣམ་གྲངས་དང་མཐུན་པ་མ་ཡིན་པའི་དོན་དམ་པའི་བདེན་པ་མཚན་ཉིད་པ་དང། རྣམ་གྲངས་དང་མཐུན་པའི་དོན་དམ་པའི་བདེན་པ་བཏགས་པ་བའོ། །དང་པོ་ནི་མ་གོ་པར་རྟོགས་པ་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པ་དག་གི་སོ་སོས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི། ཐོས་བསམ་པ་མན་ཆད་ཀྱི་ཤེས་པས་ཤེས་པར་མི་ནུས་ཤིང་ཚད་མས་གཞལ་བར་མི་ནུས་ལ་སྒྲས་ཀྱང་བརྗོད་པར་ནུས་པ་མ་ཡིན་ནོ། །དེས་ན་དོན་དམ་པའི་བདེན་པ་མཚན་ཉིད་པ་དེ་ནི་མཚན་ཉིད་དང་མཚན་གཞི་དང་མཚོན་བྱ་ལས་སོགས་སྤྲོས་པ་ཐམས་ཅད་བྲལ་བ་ཡིན་ཅིང་། འོན་ཀྱང་ངེས་པའི་ལུང་ལས་སྟོང་པ་ཉིད་དང་ཐ་སྙད་མེད་པ་དང་དོན་དམ་པའི་བདེན་པ་ལས་སོགས་པར་གསུངས་པ་ཡིན་ནོ། །གཉིས་པ་ནི་ཐོས་བྱུང་གི་ཤེས་རབ་ཀྱིས་སྟོང་པ་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་དང། བསམ་བྱུང་གི་ཤེས་རབ་ཀྱིས་བརྟགས་དཔྱད་ནས་སྟོང་པར་རྟོགས་པ་གཉི་ག་རྣམ་གྲངས་དང་མཐུན་པའི་དོན་དམ་པའི་བདེན་པ་ཡིན་ནོ། །”ཞེས་པ་ལྟར་རོ། །

༼༤༽དུས་རྒྱུན་རྟོག་གེ་བ་ཁ་ཅིག་གིས་“དོན་དམ་བློ་འདས་ཡིན་”ཞེས་པའི་ཚིག་ལ་འཇུས་ཏེ་དོན་དམ་རྟོགས་པའི་རིགས་ཤེས་དང་མཉམ་བཞག་ལ་སོགས་བློ་མ་ཡིན་པ་བཞེད་པའི་རྒྱུ་མཚན་ནི། བློ་ནི་ཆེད་གཟུང་དང་རྣམ་རྟོག་ཅན་གྱི་རྣམ་པ་ཡིན་པས་དེ་ལྟར་བཞེད།  གཞན་གཞུང་འདིར་དམིགས་བསལ་ཞིག་ལ་དཔྱད་བྱ་ཟད་པའི་རིགས་ཤེས་དེ་ཤེས་པ་མ་ཡིན་པར་འདོད་པའི་ལུགས་ཏེ་<<མཛོད་ཏྲིག་>>ལས། “དོན་དམ་བློའི་དཔྱོད་ཡུལ་མིན། བློ་ནི་ཀུན་རྗོབ་ཡིན་པར་འདོད། ཅེས་པས་གནོད་པར་འགྱུར་རོ་ཞེ་ན། དཔྱད་བྱ་མ་ཟད་ཀྱི་བར་དུ་རིགས་ཤེས་ཀྱི་ཡུལ་ཀུན་རྫོབ་ཡིན་ཀྱང་ཐ་སྙད་པའི་ཤེས་པར་མི་འགྱུར་ཏེ། མ་དཔྱད་པར་ཡུལ་དུ་མ་བྱས་པའི་ཕྱིར་རོ། །དཔྱད་བྱ་ཟད་པ་ན་རིགས་ཤེས་ལ་ཡུལ་མེད་པ་ཡིན་ཏེ་དེའི་ཚེ་རིགས་ཤེས་ཤེས་པ་མ་ཡིན་པར་ཐལ་བ་ནི་འདོད་པ་ཡིན་ནོ། །”ཞེས་དང་། ཡང་“རིགས་པས་དཔྱད་ན་སྒྲུབ་བྱེད་ཀྱི་ཚད་མ་མེད་ཀྱང་མ་དཔྱད་པ་ལ་སྣང་པའི་ཚད་མ་ཡོད་པ་ཡིན་ཏེ། བ་ལང་རྫི་དང་བུད་མེད་ཡན་ཆད་ལ་མེ་དང་ཆུ་ལས་སོགས་པའི་མཐུན་སྣང་ཡོད་པས་དེ་ཙམ་ལ་འཇིག་རྟེན་པའི་མངོན་སུམ་དུ་བརྗོད་པ་ཡིན་ཅིང་། ཡང་ན་འཇིག་རྟེན་ལ་གྲགས་པ་ཙམ་དུ་ནི་དུ་བ་ལ་ལ་ཡོད་པ་དང་། དུ་བ་ལ་མེས་ཁྱབ་པ་ལ་མཐུན་སྣང་ཡོད་པས་རྗེས་དཔག་ཀྱང་ཡོད་པ་ཡིན་ནོ། །”ཞེས་ལུང་འོག་མ་དེའང་རིག་པས་དཔྱད་ན་འཇིག་རྟེན་པ་ལ་ཚད་མ་མེད་པ་དང་མ་བཏགས་མ་དཔྱད་པའི་ངོར་གྲགས་པའི་ཚད་མ་ཡོད་པར་སྨྲ་བའི་ལུགས་སོ། །

༼༥༽བཀའ་སྲིད་པའི་མཛོད་ཕུགས་སུ་སྡེ་ཚན་གནས་བཅུ་བདུན་གྱིས་ཕྱེས་པའི་བརྗོད་གཞི་བཅུ་བདུན་དེ་བདེན་པ་གཉིས་དང་བདེན་གཉིས་ཟུང་འབྲེལ་དུ་སྡུད་ཚུལ་ནི་<<མཛོད་ཏྲིག་>>ལས་གསལ་བ་ལྟར་ན། “ཀུན་རྫོབ་གཏན་ལ་འབེབས་པའི་གནས་དྲུག  དོན་དམ་གཏན་ལ་འབེབས་པའི་གནས་གསུམ། བདེན་གཉིས་དོ་མཉམ་དུ་གཏན་ལ་འབེབས་པའི་གནས་བརྒྱད།”ཞེས་པའི་དང་པོ་ནི་སྲིད་པ་དང་། བསྐལ་པ། ཕྲ་རྒྱས། རྟེན་འབྲེལ། སྐྱེ་མཆེད། ཁམས་སོ། །གཉིས་པ་ནི་དབྱིངས་དང་། ཡེ་ཤེས། དབང་པོའོ། །གསུམ་པ་ནི་སྣོད་བཅུད་དང་། ཕུང་པོ། ལས་སྤྱོད། ལམ། ས། འབྲས་བུ་བཅས་སོ། །

༼༦༽འདིར་ཡོངས་གྲགས་ལས་འདས་པའི་གནད་ཀྱིས་སྨིན་པའི་གྲུབ་དོན་ཞིག་སྟེ། རང་དོན་དུ་བོན་སྐུ་དང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཞེས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པ་ལྔ་ལྡན་ཅན་ཁོ་ན་ཡིན་པ་ཡོངས་ཁྱབ་ལྟར་ཡིན་ནའང་། སྐུའི་རྣམ་འགྱུར་གྱི་ཆ་ལ་རིགས་ཇི་སྙེད་ཅིག་གི་བཞེད་སྲོལ་ཡོད།  འདིར་<<མཛོད་ཏྲིག>>ལས། “ངེས་པ་ལྔ་དང་ལྡན་པ་ནི་ལོངས་སྐུ་ཡིན་ཏེ། སྟོན་པ་ངེས་པ་དང། འཁོར་དང་། བཀའ་དང། གནས་དང་། དུས་ངེས་པའོ། །དང་པོ་ནི་ཞི་བ་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནར་ངེས་ཤིང་།”ཞེས་དང་། འོ་ན་འགྲོ་མགོན་བླ་མ་དང་མཉམ་མེད་བླ་མའི་<<ས་ལམ་གྱི་འགྲེལ་>>ལས་གསལ་བ་ལྟར་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་དབྱེ་ན་ངོ་བོ་ཞི་བ་དང་ཁྲོ་བོའི་རྣམ་པ་[ཁྲོ་བོའི་རིགས་ལྔ་ལ་སོགས་]གཉིས་ཡོད་པ་གསུངས་འདུག་ཀྱང་། ཐེག་པ་འདིའི་ལུགས་ལ་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣལ་མ་ཞིག་ཁོ་བོས་ད་དབར་མ་རྙེད།  ཁོ་བོ་ལྟར་ན་གོང་གི་ཞུ་ཆེན་གྱི་གསུང་དེ་གནད་ཀྱིས་སྨིན་པའི་འབྲས་བུ་གཡུར་དུ་ཟ་བའི་དངོས་པོ་ཞིག་དང་མཚུངས།  རྒྱུ་མཚན་ནི་རིག་པའི་ཞིབ་མོར་དཔྱད་ན་མདོ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་རྫོགས་སྐུའི་རྣམ་པ་ནི་ཞི་ལྷ་མ་གཏོགས་ཁྲོ་བོ་ཅན་འཇོག་དཀའ། ལྷ་ཁྲོ་བོའི་རྣམ་པ་ནི་གདུལ་བྱ་འདུལ་དཀའ་བ་དྲག་པོའི་རིགས་ལ་ཐུགས་ཞི་བའི་ངང་ནས་ཁྲོས་པའི་དབལ་འབར་བའི་རྣམ་འགྱུར་ཅན་དུ་སྤྲུལ་པ་བཞིན། དེ་ནི་སྐུའི་རྣམ་པ་ངེས་པ་ཅན་ཞིག་མིན་པས་ངེས་པ་ལྔ་ལྡན་དུ་ཐལ་བ་འདོད་དཀའ་ལ། གཞན་སྔགས་ལུགས་ལྟར་བྱས་ནའང་དཔེར་ན་ལྷ་ཞལ་གདངས་མཆེ་བ་བརྩིས་པ་དང་། དྲག་པོའི་མེ་རི་འབར་པའི་གུར་ཁྱིམ་དུ་འགྱིང་པའི་རྣམ་འགྱུར་གར་གྱིས་རོལ་བའི་ཁྲོ་བོའི་རིགས་དེ་སྤྲུལ་སྐུར་འདོད་པ་དེ་ནི། ཇི་སྐད་དུ། ཡིན་པ་ཀུན་ཏུ་བཟང་པོ། སྣང་བ་མཁའ་འགྱིང་དཀར་པོ། སྤྲུལ་སྐུ་གསང་མཆོག་མཐར་ཐུག་ཅེས་པས་སོ། །ལར་རྒྱུ་མཚན་ཉིད་ཐེག་པའི་གཞུང་དོན་ལ་དཔྱད་བརྗོད་གནང་བའི་དཔྱོད་ལྡན་པ་རྣམས་ཀྱིས་སླར་རྟོག་ཞིབ་གནང་དགོས་པའི་གནད་དོན་ཞིག་ནི་མདོ་ཕར་ཕྱིན་ཐེག་པའི་ས་ལམ་གྱི་གཞུང་འགྲེལ་ཁག་ལས་གསལ་བའི་“ཞི་ཁྲོ་གཉིས་སམ་རིགས་ལྔ་སོགས་”ཞེས་པ་དེའོ། །

༼༧༽བོན་ལུགས་ཀྱི་མཁས་པ་སྔ་ཕྱི་དག་བརྗོད་གཞི་གཅིག་ལ་བཞེད་འདོད་འགྱུར་བ་ཆེན་པོ་གཅིག་ནི། དོན་དམ་དེ་མཉམ་བཞག་ཡེ་ཤེས་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡིན་མིན་ཐད་རེད། དེའང་བོན་སྔ་རབས་པའི་མཁས་པ་ཕལ་ཆེ་བས་ཞལ་གཅིག་མཐུན་ལྟར་དོན་དམ་བདེན་པ་དོན་དམ་རྟོགས་པའི་མངོན་སུམ་གྱི་ཡུལ་མ་ཡིན་པ་ནི་<<མཛོད་ཏྲིག་>>ལས། “དྲིལ་ནས་སངས་རྒྱས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཡོད་ལ་ཡུལ་དང་ཡུལ་ཅན་དུ་འཛིན་པ་ནི་མི་མངའ། རིག་ཙམ་ནི་ཡོད་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ནི་མི་མངའ་སྟེ། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན་པ་སྟེ། ཇི་སྐད་དུ། རྟོགས་ལ་མི་རྟོག་མཚན་ཉིད་འཛིན་ཞེས་པ་དང། མཁྱེན་ལ་མི་དཔྱོད་མཚན་ཉིད་འཛིན་ཞེས་པས་སོ། །”ཞེས་དང་། ཡང་“སངས་རྒྱས་ཀྱི་ཐུགས་མེ་ལོང་ལྟ་བུ་ལ་ཇི་སྙེད་པའི་རྣམ་པ་ཤར་བ་ལ་མཁྱེན་པར་བཏགས་པ་ཡིན་གྱི། ཡུལ་དང་ཡུལ་ཅན་གཉིས་ཡོད་པ་མ་ཡིན་ནོ། །ཡང་ན་གཟུང་འཛིན་གཉིས་མེད་དུ་མཁྱེན་པ་ཡིན་ནོ། །”ཞེས་དང་། ཡང་<<ཚད་མ་ཀུན་བཏུས་>>ལས། “ཤེས་བྱའམ་ཡུལ་ཙམ་གྱི་མཚན་ཉིད་དང༌། མཚན་གཞིའི་དབྱེ་བ་དང༌། མཚོན་བྱའི་ངེས་ཚིག་གོ། དང་པོ་ལ་དངོས་དང་རྩོད་སྤོང་གཉིས་ལས། དང་པོ་ལ་དངོས་པོ་དངོས་མེད་མཚན་གཞི། ཤེས་བྱའི་ཐ་སྙད་དུ་མཚོན། བློ་ཡི་ཡུལ་དུ་བྱ་རུང་བ་མཚན་ཉིད་དུ་འགོད་པའོ། གཉིས་པ་ལ་སྤྲོས་མེད་དོན་དམ་ཤེས་བྱ་མ་ཡིན་པར་འགྱུར་ཞེ་ན། འདོད་དེ་བློ་འདས་ཡིན་པའི་ཕྱིར་རོ། དེ་ལྟར་ན་རྣལ་འབྱོར་མངོན་སུམ་གྱིས་གཞལ་བྱ་མ་ཡིན་པར་ཐལ་ཞེ་ན། རྣལ་འབྱོར་གྱི་གཞལ་བྱ་ཡིན་ཡང་ཤེས་བྱ་མ་ཡིན་ཏེ། ཡུལ་དང་ཡུལ་ཅན་དབྱིངས་ཤེས་དབྱེར་མེད་དུ་གཟིགས་པའི་ཕྱིར་རོ།”[20]ཞེས་པ་དང་། འགྲོ་མགོན་བླ་མས་ཚངས་པ་གཙུག་ཕུད་ཀྱིས་མཛད་པའི་འབུམ་ཏིག་གི་དགོངས་དོན་དང་བསྟུན་ནས་གཟུང་བ་ཡུལ་དང་། འཛིན་པ་ཡུལ་ཅན་ཞེས་པ་བཞིན་<<མཛོད་འགྲེལ་>>ལས་གསལ་བ་ལྟར་ན།ཉེར་སྤྱོད་སྐྱེ་བའི་སྒོ་ལ་བརྟེན་ནས་འཛིན་མངོན་པར་རྟོགས་པའམ་འཛིན་པ་རྟོགས་པ་ནི་འཛིན་པའི་མཚན་ཉིད་དང་། ཉེར་སྤྱོད་སྐྱེ་བའི་སྒོ་ལ་བརྟེན་ནས་གཟུང་བ་རྣམ་པར་རྟོགས་པའམ།  གཟུང་བའི་རྣམ་པ་རྟོགས་པ་ནི་ཡུལ་གྱི་མཚན་ཉིད་དུ་བཞེད་ཡོད། ཕྱིས་སུ་བྱུང་བའི་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རྣམ་མཁྱེན་ཡེ་ཤེས་ལ་ཡུལ་ཡོད་པའི་ཚུལ་གཅིག་མཐུན་དུ་སྣང་བ་མ་ཟད་རྗེ་བདག་ཉིད་ཆེན་པོའི་<<ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་འགྲེལ་>>ལས། “སྤྲོས་མེད་དམ། དོན་དམ་གྱི་ཆ་བོན་ཅན། ཡུལ་མ་ཡིན་པར་ཐལ། བློས་ཡུལ་དུ་བྱ་རུང་བ་མ་ཡིན་པའི་ཕྱིར་ཏེ། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། བློ་ནི་ཀུན་རྫོབ་རྟོག་བཅས་ཡིན། ཞེས་གསུངས་སོ། འདོད་ན་ཤེས་བྱ་མ་ཡིན་པ་དང་། གཞི་མ་གྲུབ་པ་དང་། རྟོགས་མི་སྲིད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པར་ཐལ། ཡུལ་མ་ཡིན་པས་སོ། །ཞེ་ན། དེ་ནི་རྟོག་པའི་དངོས་ཡུལ་མ་ཡིན་པ་ལ་དགོངས་པ་ཡིན་ནོ། །དེ་ལྟར་མིན་ན། སྤྲོས་མེད་དམ། དོན་དམ་གྱི་ཆ་བོན་ཅན། ཕུལ་དུ་ཕྱིན་པའི་བློ་གྲོས་ཀྱི་ཡུལ་མ་ཡིན་པར་ཐལ། བློ་ཡུལ་དུ་བྱ་རུང་མ་ཡིན་པའི་ཕྱིར་རོ། རྟགས་ཁས་བླང་། འདོད་ན། ཤེས་བྱ་ལ་སོགས་མ་ཡིན་པར་ཐལ་བར་འགྱུར་རོ། །དེས་ན་རྒྱལ་བའི་དགོངས་པ་ཟབ་མོ་ལ་རློམ་སེམས་མ་བསྐྱེད་མཁས་ལ་བསྟེན་པར་མཛོད།”[21]ཅེས་པ་ལྟར་རོ། །

༼༨༽<<མཛོད་ཏྲིག་>>ལས། “རྒྱུད་ལུང་མན་ངག་གསུམ་ལས་གང་ཡིན་པ་ནི། རྒྱུད་ཀྱི་གོ་བ་སེམས་ལ་རིག་པས་བརྒྱུད་པ་སྟེ། རྒྱུད་ཀྱི་ཐིག་ལེ་རིག་པ་ཐབས་ཆེན་མཆོག་གསུངས། ལུང་གི་གོ་བ་སེམས་ལས་འཁོར་འདས་ཀྱི་བོན་ཐམས་ཅད་འབྱུང་པ་ཡིན་ཏེ། ལུང་གི་ཐིག་ལེ་ཡེ་ཤེས་ཀུན་འབྱུང་གསལ་ཞེས་པས་སོ། །མན་ངག་གི་གོ་བ་ཡང་དག་པའི་དོན་གསལ་བར་སྟོན་པ་སྟེ། མན་ངག་ཐིག་ལེ་ཡང་དག་ངེས་པར་གསལ་ཞེས་པའི་ཕྱིར་རོ། །ཡང་ན་མང་ལ་འབྲེལ་པ་རྒྱུད། མི་ནོར་བཙན་ཆེ་བའི་ཡོན་ཏན་དང་ལྡན་པར་ལ་གཅོད་པས་ལུང་། ཡང་དག་པའི་དོན་གསལ་བར་སྟོན་ཅིང་ཚེགས་ཆུང་གནད་དུ་འགྲོ་བ་མན་ངག་གོ་ཞེས་ཀྱང་གསུང་ངོ་། །དེ་ལྟ་ན་འདི་ལ་གསུམ་ཀ་ཚང་པ་ཡིན་ནོ། །”ཞེས་པ་ལྟར་གྱི་བཞེད་འདོད་ནི་མཛོད་ཕུགས་ཀྱི་འགྲེལ་རྩོམ་པ་པོ་ཕལ་ཆེ་བ་དང་གཅིག་མཚུངས་སུ་གྱུར་ཡོད་ཀྱང་། ལར་དཔྱོད་ལྡན་པ་རྣམས་ཀྱིས་དཔྱད་དགོས་པའི་དོན་སྙིང་ཞིག་ནི་གཞི་གཅིག་ལ་རྒྱུད་ལུང་མན་ངག་གསུམ་གྱི་དོན་ཚང་ན་རྒྱུད་ལུང་མན་ངག་གསུམ་གྱི་གཞུང་ཡིན་མིན་དཔྱད་གཞིར་གྱུར།  སྤྱིར་བཏང་རྒྱུད་ནི་འབྱུང་ཁུངས་དང་ཞུ་ལེན་ལ་སོགས་པའི་ཚིག་དོན་གཉིས་ཀའི་སྤྲོས་པ་བཅས་ཀྱི་ཟབ་རྒྱས་ཀྱི་ཚུལ་དུ་བསྟན་པའི་ལེགས་བཤད་ཅིག་དང་། ལུང་ནི་གཏན་ཚིགས་གཙོ་ཆེར་བཟུང་སྟེ་ཚིག་དོན་འབྲིང་ཙམ་དུ་བསྟན་པ། མན་ངག་ནི་ཚིག་ཚོགས་ཀྱི་སྤྲོས་པ་དབེན་པའི་བརྗོད་དོན་རྗེན་གཅེར་དུ་བསྟན་པའི་ལེགས་བཤད་ཅིག་ལ་གོ་དགོས་པས། ཁོ་བོ་ལྟར་ན་གཞུང་གཅིག་ལ་རྒྱུད་ལུང་མན་ངག་གསུམ་གྱི་དོན་ཚང་བ་སྲིད་པའི་མཛོད་ཕུགས་ལྟ་བུ་ཡིན་ནའང་།  དེར་གཞུང་དངོས་བསྟན་དུ་རྒྱུད་ལུང་མན་ངག་གང་ཤས་ཆེ་བ་གྱུར་སྟབས་དེའི་གཞུང་དུ་དམ་བཅའ་དགོས་པ་མཐོང་ངོ་། །

༼༩༽སྲིད་པའི་མཛོད་ཕུགས་ནི་ཐེག་པ་གང་གི་ལུགས་སུ་བྱས་པའི་བཞེད་ཕྱོགས་ཐད་མཁས་པ་རྣམས་ཞལ་གཅིག་གྱུར་ཞིག་བྱུང་མེད་ལ། དེ་ནི་<<མཛོད་ཏྲིག་>>ལས། “ཐེག་པ་དགུ་ལས་གང་ཡིན་པ་ནི་ཁ་ཅིག་ན་རེ་དྲང་སྲོང་པའི་ཐེག་པ་ཡིན་ཏེ་མཚན་ཉིད་སྡེ་ལྔའི་བོན་གཤེན་དྲང་སྲོང་རྒྱལ་བ་ལ་ཡང་གསན་ཞེས་པས་སོ་ཟེར་བ་ནི་མ་ཡིན་ཏེ་དྲང་སྲོང་ཡིན་ན་འདུལ་བའི་སྡེ་སྣོད་དུ་ཐལ་བའི་ཕྱིར་རོ། །”ཞེས་དང་། ཡང་“དེས་ན་མཚན་ཉིད་གསང་སྔགས་གཉིས་ལས་རྒྱུ་ལམ་དུ་བྱེད་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་ཅིང་། དེ་ལ་ཡང་ཐེག་པ་ཆེ་ཆུང་གཉིས་ལས་ཉན་ཐོས་ཀྱི་ཐེག་པ་མ་ཡིན་གྱི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡིན་ཏེ་ཐམས་ཅད་ཐུགས་རྗེས་བཟུང་པའི་ཕྱིར་ཞེས་པ་དང་། ཐམས་ཅད་ཀུན་ལ་གསལ་བར་སྟོན་ཞེས་པ་དང་། ཡེ་ཤེས་དང་དབང་པོ་ལས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ཐེག་པ་དགུར་གྲགས་པ་ནི་སྔགས་ཀྱི་ལུགས་ཡིན་ཅིང་དེ་དང་བསྟུན་ན་དགེ་བསྙེན་དྲང་སྲོང་དང་མཐུན་པར་ཤས་ཆེ་བ་ཡིན་ནོ། །”ཞེས་པ་ཞུ་ཆེན་གྱིས་ཕྱོགས་སྔར་བཟུང་པའི་ཁ་ཅིག་དེ་བྲུ་ཆེན་པོ་ཡིན་པ་རྟོགས་ནུས་ཏེ་<<ལུང་མཚན་ཉིད་མཛོད་ཕུགས་འགྲེལ་>>ལས། “དེས་ན་ཐོག་མར་བསྟན་པའི་བདག་ཉིད་བྲུ་ཆེན་པོའི་རྗེས་སུ་འབྲེང་ལ་ཐེག་པ་ཐམས་ཅད་ཀྱི་དོན་འབྱུང་བས་ཐུན་མོང་པར་གནས་ཏེ་ཐམས་ཅད་འབྱུང་། ཞེས་དང་། འོན་ཀྱང་ཤས་དྲང་སྲོང་དུ་ཆེ་སྟེ་དེའི་རྒྱུ་མཚན་མཚན་ཉིད་ཀྱི་བོན་ཡིན་པས་དང་། འཕན་ཡུལ་དང་སྒོ་མཐུན་པས་དང་། རྒྱས་པ་འབུམ་དང་བབས་མཐུན་པའི་ཕྱིར་རོ། །དང་པོ་ནི་མཚན་ཉིད་སྡེ་ལྔའི་བོན་གཤེན་དྲང་སྲོང་རྒྱལ་བ་ལ་གསན། ཞེས་པ་དང་ལྔའི་ཆ་གཅིག་སྲིད་པ་ཀུན་འབྱུང་མཛོད་ཀྱི་སྡེ་ཡིན་ཏེ། འདི་ལ་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་དང་མཚན་ཉིད་གཏན་ལ་འབེབས་པའོ། །གཉིས་པ་འཕན་ཡུལ་ལ་འགྲེས་དང་ཚིག་བཤད་གཉིས། ཚིག་བཤད་ལ་ཡང་གཏན་ཚིགས་བྱུང་ཁུངས་འདོན་པ་དང་མཆོད་སྦྱིན་སེམས་ཅན་དོན་དུ་བསྔོ་བ། ཞེས་པས། འདིར་འཁོར་འདས་འགྲེས་ཀྱི་དོན་རྩ་དང་བྱུང་ཁུངས་ཀྱི་ཚིག་བཤད་ཚང་ལ། འཕན་ཡུལ་ཉིད་དྲང་སྲོང་ཡིན་པས་འཕན་ཡུལ་འདུལ་ཁྲིམས་བསྲུང་པའི། ཞེས་དང་། དེའི་ལུས་ཀྱི་གཟུང་འཛིན་དོན་དམ་དུ་སྨྲ་བ་ཡང་ཕྲ་རབ་རྡུལ་ལས་སོགས་འདིར་གཏན་ལ་འབེབས་པའོ། །གསུམ་པ་ནི་འདི་སྲིད་པ་དང་འབུམ་གྱི་སྲིད་ཁམས་མཐུན་ལ། དེ་བཞིན་དུ་བསྐལ་པ་དང་རྒྱུན་ཁམས་དང་། སྣོད་བཅུད་དང་རྟེན་འབྲེལ་དང་སྣང་པ།  མཚན་ཉིད་ཕུང་པོ་སྟོང་པ། ཁམས་སྐྱེ་མཆེད་ཕྲ་རྒྱས་ལས་སྤྱོད་དང་སོ་སོ། དབང་པོ་ས་གནས་ལམ་དང་རིག་པ། དབྱིངས་དང་དབྱིངས་སུ། ཡེ་ཤེས་འབྲས་བུ་དང་མཉམ་ཁམས་བས་མཐུན་པའོ། །དེ་ཡང་འབུམ་དྲང་སྲོང་དུ་འགྲོ་བ་ནི་འཕན་ཡུལ་རྒྱས་པ་འབུམ་ལས་འགྲེས་ཚིག་བཤད་ལས་འགྲེས་འདིར་སྟོན་པས་དང་ཤེས་རབ་དག་པ་འབུམ་གྱི་སྡེ། ཞེས་མཚན་ཉིད་སྡེ་ལྔའི་ཆ་གཅིག་དུ་གསུངས་པས་སོ།།”ཞེས་པ་ལྟར་རོ། །

གཉིས་པ། གཞུང་དོན་རྣམ་གཞག

དང་པོ། ལུས་ཀྱི་མདོར་བཤད།

    ལུས་ཀྱི་མདོར་བཤད་པའི་ནང་དོན་ནི་མཛོད་གནས་བཅུ་བདུན་རེ་རེའི་སྤྱིའི་མཚན་ཉིད་དང་། མཚོན་པར་བྱ་བ།  མཚན་གཞིའི་དབྱེ་བ། དཔེས་མཚོན་པ་བཅས་བཞིའི་ངོ་བོ་སྤྱི་བཤད་དང་། གཞན་“བསྡུས་པའི་དོན་ལ་གཉིས་ཏེ་གནས་བཅུ་བདུན་དུ་བསྟན་པ་ཡང་ཤེས་བྱ་གཏན་ལ་འབེབས་པའི་ཚུལ་དང། གང་ཟག་འཇུག་པའི་རིམ་པའི་ཚུལ་གཉིས་སུ་བསྡུའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་རྒྱུ་འབྲས་སུ་གཏན་ལ་དབབ་པ་དང་། གནས་དང་གནས་ཚུལ་དང་། མཚན་གཞི་དང་མཚན་ཉིད་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ཏེ་སྲིད་པ་དང་བསྐལ་པ་གཉིས་སུ་བཞག་སྟེ་བསྐལ་པ་རིན་པོ་ཆེའི་རྒྱུ་ནི་སྲིད་པ་ལས་བྱུང་ཞེས་སོ། །ཡང་སྲིད་པས་མ་བསྲིད་ན་བསྐལ་པས་བསྐལ་རྒྱུ་ཡང་མེད་ཞེས་པས་སོ། །རྣམ་པར་བྱང་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ཏེ་དབྱིངས་ཡེ་ཤེས་གཉིས་བཞག་སྟེ་རྒྱུའི་རང་བཞིན་དུ་བསྟན་པ་ནི་དབྱིངས་ཡིན་ལ། འབྲས་བུའི་རང་བཞིན་དུ་བསྟན་པ་ནི་ཡེ་ཤེས་སོ་ཞེས་པས་སོ། །དེ་ཡང་ལམ་པ་ལ་རྒྱུད་ལ་སྐྱེ་ཚུལ་ལ་ལྟོས་ནས་རྗེས་སུ་འགྲོ་ལྡོག་ངེས་པའི་རྒྱུ་འབྲས་སོ། །དྲིལ་ནས་རྒྱུ་འབྲས་སུ་གཏན་ལ་འབེབས་པའི་གནས་བཞི་ཡིན་ནོ། །

གཉིས་པ་ལ་ཡང་གནས་དང་གནས་ཚུལ་གྱིས་ངོ་བོའི་དབང་དུ་བྱས་པ་དང། དེའི་སྐྱོན་ཡོན་གཉིས་སུ་འདུས་ལ། དང་པོ་ལ་ཡང་གནས་ཀྱི་ངོ་བོའི་དབང་དུ་བྱས་པ་ནི་སྣོད་ཡིན་ལ། གནས་ཚུལ་གྱི་ངོ་བོའི་དབང་དུ་བྱས་པ་བཅུད་ཡིན་ནོ། །དེ་ཡང་འབྱུང་བ་ཕྱིའི་སྣོད་ལ་འབྱུང་པའི་བཅུད་བརྟེན་པར་ཤས་ཆེ་ཞིང། དབང་པོ་ནང་ཤེས་དགུ་སོག་པའི་སྣོད་ལ་སེམས་ཅན་གྱི་བཅུད་བརྟེན་པར་ཤས་ཆེ་ལ། འདུས་པ་དོན་སྣོད་ལ་ཡེ་ཤེས་ཀྱི་བཅུད་བརྟེན་པར་ཤས་ཆེ་བ་ཡིན་ནོ། །དེའི་སྐྱོན་ཡོན་གྱི་དབང་དུ་བྱས་པ་ནི་དབང་པོ་འཕྲ་རྒྱས་རྟེན་འབྲེལ་གསུམ་ཡིན་ཏེ། འདུས་པ་དོན་སྣོད་ལ་ཡེ་ཤེས་ཀྱི་བཅུད་རྟེན་པའི་ཡོན་ཏན་གྱི་སྒོ་ནས་བཞག་པ་དབང་པོ་ཡིན་ལ། འབྱུང་བ་ཕྱི་དབང་པོ་ན་ཤེས་དགུ་སོག་པའི་སྣོད་ལ་རྟེན་པའི་ཉེས་སྐྱོན་འོག་མ་གཉིས་སོ། །དེ་ཡང་རྒྱུ་ཀུན་འབྱུང་གི་ཉེས་སྐྱོན་གྱིས་བཞག་པ་འཕྲ་རྒྱས་ཡིན་ལ། རྒྱུ་འབྲས་ཚོགས་པའི་ཉེས་སྐྱོན་གྱིས་བཞག་པ་རྟེན་འབྲེལ་ལོ། །དྲིལ་ནས་ལྔར་ངེས་སོ། །

གསུམ་པ་ལ་ཡང་མཚན་གཞིའི་སྒོ་ནས་བཞག་པ་ཕུང་པོ་འཁམས་དང་སྐྱེ་མཆེད་གསུམ་ཡིན་ལ། དེའི་མཚན་ཉིད་ནི་རང་འཛིན་གྱི་མཚན་ཉིད་དོ། །དང་པོ་ལ་ཡང་མྱང་ངན་འདས་པའི་མཚན་ཉིད་གཞི་ནི་ཟག་མེད་ཕུང་པོ་ཡིན་ཅིང་། འཁོར་བའི་མཚན་གཞི་ལ་ཡང་འཁོར་བའི་བོན་ཐམས་ཅད་ཕུང་པོ་ལྔར་འདུས་ཚུལ་གྱིས་བཞག་པ་ཕུང་པོ་ཡིན་ལ། འཁམས་གསུམ་དུ་འདུས་པ་དང་། སྐྱེ་མཆེད་བཅུ་གཉིས་སུ་འདུས་པའི་དབང་དུ་བྱས་ནས་འཁམས་སྐྱེ་མཆེད་དོ། །དྲིལ་ནས་བཞིར་ངེས་པ་ཡིན་ནོ། །

གཉིས་པ་གང་ཟག་འཇུག་པའི་རིམ་པའི་ཚུལ་གྱི་སྒོ་ནས་བཞག་པ་ལས་སྤྱོད་ལས་སོགས་བཞི་ཡིན་ཏེ། དེ་ལ་ཡང་གཤེན་རབ་ཀྱི་ལས་ལ་སྤྱད་ཅིང་འཁོར་བ་མེད་པའི་ལམ་དུ་ཞུགས་ནས་བོན་ཉིད་བདེ་ཆེན་གྱི་ས་གནས་ལ་བརྟེན་པས་བླ་མེད་ཀྱི་འབྲས་བུ་ཐོབ་ཅིང་། དགེ་བའི་ལས་ལ་སྤྱད་ཅིང་མཐོ་རིས་ཐར་པའི་ལམ་དུ་ཞུགས་ནས། མཐོ་རིས་ཀྱི་སའམ་གཡུང་དྲུང་ཐེག་པའི་ས་ལ་བརྟེན་པས་གནས་སྐབས་སུ་དགེ་བའི་རྒྱུ་མཐུན་གྱི་འབྲས་བུ་དང་ཐུགས་རྗེའམ་དགེ་བའི་དབང་དང་རྣམ་པར་སྨིན་པའི་འབྲས་བུ་འཐོབ་ལ། སྡིག་པའི་ལས་ལ་སྤྱོད་ཅིང་འཁོར་བ་བརྒྱུད་པའི་ལམ་དུ་ཞུགས་ནས་འཁོར་བའི་ས་ལ་བརྟེན་པས་མི་དགེ་བའི་རྒྱུ་མཐུན་གྱི་དང་། དབང་དང་། རྣམ་སྨིན་གྱི་འབྲས་བུ་འཐོབ་པ་ཡིན་ཅིང་། ལུང་མ་བསྟན་གྱི་ལས་ལ་སྤྱོད་ཅིང་རང་བཞིན་རྒྱུ་བའི་ལམ་ནས་ཞུགས་ནས་འཁོར་བའི་ས་ལ་བརྟེན་པས་རྒྱུ་མཐུན་གྱི་འབྲས་བུ་འཐོབ་པར་ཤས་ཆེ་བ་ཡིན་ནོ། །”ཞེས་པ་ལྟར་རོ། །

གཉིས་པ། ཡན་ལག་རྒྱས་བཤད།

       ཡན་ལག་རྒྱས་བཤད་འདིའི་ནང་མཛོད་ཏྲིག་གི་གནས་བཅུ་བདུན་གྱི་གཞུང་དངོས་སུ་གསལ་བའི་ཐུན་མིན་གྱི་བཞེད་མཚམས་འགའ་དང་འབྲེལ་ཟུར་དུ་དཔྱད་གཞིའི་ཡིག་ཆ་གཞན་དང་མ་མཐུན་པའི་རྣམ་གཞག་སྐོར་གཤམ་དུ་ཅུང་ཙམ་དཔྱད་ཞིབ་བྱས་ཁུལ་བགྱིས་ཡོད།

༼༡༽སྤྱིར་བཏང་བོན་ལུགས་ཀྱི་རྗེས་འཛིན་པ་དྲན་དབང་རྣམས་ཀྱིས་བརྩམས་པའི་མཛོད་འགྲེལ་གྱི་ཕྱག་དཔེ་ཁྲོད་དུ་ཚངས་རྒྱུང་གི་སྲིད་པ་འདི་སྲིད་གསུམ་མམ་གྲུབ་མཐའ་གང་གི་ལུགས་སུ་བཞེད་ཕྱོགས་སྐོར་སྔར་ནས་རྩོད་པ་དང་རྩོད་སྤོང་ཇི་སྙེད་ཅིག་བྱུང་བ་མ་ཟད་ད་དུང་མི་འཐུས་ནས་འགྲོ་བཞིན་པ་ཞིག་རེད། དེ་ནི་མཁས་པ་ཆེན་པོ་སངས་རྒྱས་ཞུ་ཆེན་གྱི་<<མཛོད་ཏྲིག་>>ལས། “གཉིས་པ་རང་ལན་ནི། གཞུང་ལས་སྲིད་པ་གསུམ་དུ་བཤད་པ་ནི་ཐེག་པའི་གྲུབ་མཐའ་ལ་ལྟོས་ཏེ་བཤད་པ་ཡིན་ལ་དེ་ཡང་རང་བཞིན་ཡོད་པར་ལྟ་བའི་གྲུབ་མཐའ་དང། བྱེད་པ་པོ་ཡོད་པར་ལྟ་བའི་གྲུབ་མཐའ་ནི་ཀུན་བརྟགས་ཀྱི་གྲུབ་མཐའ་སྟེ་སྣང་གཤེན་ཕྱྭ་གཤེན་གྱིས་བཞེད་ཡིན་ཏེ་ཕྱྭ་གཤེན་པས་འདི་ལྟར་སྣང་བ་ཐམས་ཅད་ཐོག་མར་ཀྱང་བྱ་བ་པོ་དང་བྱེད་པ་པོ་ཡོད་ལ། ཐ་མར་ཀྱང་བཅོས་ཤིང་བསླད་དུ་ཡོད་པར་རྟོགས་ཞེས་པས་སོ། །རྟེན་འབྲེལ་ལས་ཀྱང་དུས་ལ་རྒྱུ་རུ་འདོད་པའིས། ཡིད་ལ་ལེན་པར་བྱེད་པ་དང་། རང་བཞིན་རྒྱུ་རུ་འདོད་པའིས། ཡིད་ལ་ལེན་པར་བྱེད་པ་དང་། བྱེད་པ་རྒྱུ་རུ་འདོད་པའིས། ཡིད་ལ་ལེན་པར་བྱེད་པ་དང་ཞེས་པ་དང་། འབྲས་བུ་ལས་ཀྱང་རང་གི་རང་བཞིན་རྒྱུར་ལྟ་བའི། དེ་བཞིན་འབྲས་བུར་གྱུར་པ་དང་། བྱེད་པ་པོ་ནི་རྒྱུར་ལྟ་བའི། ལས་སོགས་གསུངས་པའི་ཕྱིར་རོ། །དེས་ན་རྒྱུ་རྐྱེན་ཡོད་པར་ལྟ་བ་ནི་འབྲས་བུའི་བོན་ནམ་མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ལུགས་སོ། །”ཞེས་དང་། ཡང་“དེས་ན་དང་པོ་གཉིས་ནི་ཀུན་བརྟགས་ཀྱི་གྲུབ་མཐའ་ཕྱོགས་སྔའི་ཚུལ་དུ་སྔོན་དུ་ངེས་ལ། རྒྱུ་མཐུན་རང་ལུགས་རྗེས་ནས་ངེས་པའོ། །དོན་འདི་ལ་ཐེག་པའི་བཞེད་ལུགས་ནི་ཁ་ཅིག་ན་རེ་ཡེ་སྲིད་དྲང་སྲོང། བྱེད་བྱས་ཨ་དཀར། རྒྱུ་མཐུན་དགེ་བསྙེན་ཡིན་ནོ་ཞེས་པ་ནི་མ་ཡིན་ཏེ། ཡེ་སྲིད་དྲང་སྲོང་ཡིན་པ་ལ་སྒྲུབ་བྱེད་མེད་དེ་གཞུང་ལས་རྡུལ་ཕྲ་རབ་མ་བཤད་པའི་ཕྱིར་རོ། །གནོད་བྱེད་ཡོད་དེ་ཁྱེད་ཀྱིི་དྲང་སྲོང་རྟག་ལྟ་འཛིན་པར་ཐལ་བའི་ཕྱིར་རོ། །བྱེད་བྱས་ཀྱང་ཨ་དཀར་ཡིན་པ་ལ་སྒྲུབ་བྱེད་མེད་དེ་གཞུང་ལས་ལྷ་དང་ལྷ་མོར་མ་བཤད་པས་སོ། །གནོད་བྱེད་ཡོད་སྟེ་ཁྱོད་ཀྱི་ལྷ་ཚོགས་གནོད་བྱེད་དུ་ཐལ་བའི་ཕྱིར་རོ། །དེས་ན་བླུན་པོའི་རིགས་པར་ཟད་དོ། །རང་ལུགས་ནི་སྔར་བཤད་ཟིན་ཏོ། །”ཞེས་པ་དེ་ནི་གསལ་རབ་ལྷ་ཡི་སྲས་པོའི་དགོངས་བཞེད་ཡིད་ལ་བཅངས་ཏེ་གླེང་བ་ཞིག་ཡིན་ཏེ་<<མཛོད་ལྷ་འགྲེལ་>>ལས། “རང་བཞིན་ཡེ་སྲིད་ཀྱི་སྲིད་པ་ནི། གང་ཟག་དབང་པོ་འབྲིང་དང་བསམ་པ་བསྟུན་པའོ། །བྱེད་པོས་བྱས་པའི་སྲིད་པ་ནི། དབང་པོ་ཐ་མ་དང་བསམ་པ་བསྟུན་པའོ། །རྒྱུ་མཐུན་འབྱུང་བའི་སྲི་པ་ནི། དབང་པོ་རབ་དང་བསམ་པ་མཐུན་ནས་བསྟན་ཏེ། དེ་བས་ན། དབང་རབ་ནི། ཕྱི་ནང་བོན་ཐམས་ཅད་རྩ་བ་སེམས་སུ་འདུས་པ། སེམས་རྒྱུ་རྐྱེན་ལས་སྐྱེ་ཞིང་འཁོར་བར་རྟོགས་སོ། །དབང་པོ་འབྲིང་ནི། ཕྱི་ནང་ནི་བོན་ཐམས་ཅད་སྤྱི་མཐུན་གྱི་ལས་དང་ཉོན་མོངས་པས་སྐྱེ་ཞིང་སྲིད་པས་རྟོགས་སོ། །དབང་པོ་ཐ་མས་ནི། བྱེད་པས་བྱས་ནས་སྲིད་པར་ལྟ་སྟེ། ཕ་དང་མ་ལ་མངོན་པར་ཞེན་ཏེ་རྟག་པར་ལྟའོ། །དེ་བས་ན་ཡིན་པ་དང་མིན་པར་གཉིས་སུ་ལྟ་བ་ནི། ཕྱིན་ཅི་ལོག་གོ། སྲིད་པའི་མཛོད་བསྟན་པའི་འགྲེལ་ལས། གནས་དང་པོ་བསྟན་པ་རྫོགས་སོ།།”ཞེས་པ་ལྟར་ན་རྒྱུ་མཐུན་འབྱུང་བའི་སྲིད་པའི་གྲུབ་ཚུལ་འདོད་པའི་ལུགས་ནི་ཐེག་པ་ཆེན་པོ་བ་ཡིན་པར་བསྟན་ཡོད། གཞན་འ་ཞ་འགྲོ་མགོན་བློ་གྲོས་ཀྱིས་རྒྱུ་མཐུན་འབྱུང་བའི་བཞེད་པ་འདོད་ཚུལ་ནི་ཐེག་པ་ཆུང་བའི་གྲུབ་མཐའི་འདུ་བྱེད་ཀྱིས་གྲུབ་པ་བསྟན་ཏེ་<<ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་>>ལས། “གཞི་ངོ་བོ་རྒྱུ་མཚན་དབྱེ་དོན་གྲངས་ལྔ་ལས། དང་པོ་མཚན་ཉིད་ཡོད་པས་ཁྱབ་ཚོད་ཀྱི་སྲིད་པ་ཙམ་ལ། གཉིས་པ་ཡེ་སྲིད་བྱེད་བྱས་རྒྱུ་མཐུན་གསུམ་དང་།  གསུམ་པ་གང་ཟག་གི་བློ་དང་ཐེག་པའི་རྟོགས་ཚོད་དང་ལོག་རྟོག་བཟློག་པ་ལ་ལྟོས་ནས་འབྱེད་དེ། དང་པོ་ནི། སྐྱེས་བུ་བློ་རབ་ཀྱི་རང་བཞིན་ལ་བྱེད་པ་མེད་པ་དང་། འབྲིང་གིས་ཐུགས་རྗེ་ལས་ལས་གྲུབ་པ་དང་། ཐ་མས་རྒྱུ་རྐྱེན་ལས་གྲུབ་པ་རྟོགས་པས་རིམ་པ་བཞིན་ཕྱེ་ལ། གཉིས་པ་ནི། དྲང་སྲོང་དབང་པོ་རབ་ཀྱིས་སྣོད་བཅུད་རྡུལ་ཕྲན་དང་སྐད་ཅིག་གི་རང་བཞིན་ལ་བྱེད་པ་མེད་པ་དང་། འབྲིང་གིས་ལྷ་ཡེ་སྲིད་འཕྲུལ་གྱི་རྒྱལ་པོའི་ཐུགས་རྗེ་དང་། སེམས་ཅན་གྱི་ལས་ལ་གྲུབ་པར་ལྟ་ལ། དགེ་བསྙེན་པས་རྒྱུ་རྐྱེན་ལས་གྲུབ་པར་ལྟ་བས་རིམ་པ་བཞིན་ཕྱེ་ལ། གསུམ་པ་ནི། ཕྱི་རོལ་པས་སྣོད་བཅུད་ཕྱྭ་དང་དབང་ཕྱུག་གིས་བྱས་པ་དང་། བྱས་པ་མེད་པར་རྟག་པ་དང་ལས་འབྲས་ལས་སོགས་མེད་པར་འདོད་པ་བཟློག་པའི་ཕྱིར་གསུམ་དུ་རིམ་པ་བཞིན་ཕྱེའོ། །”ཞེས་པ་ལྟར་རོ། །

༼༢༽འཇིག་རྟེན་ཆགས་འཇིག་གི་རྣམ་གཞག་དེ་ལ་སྔོན་བྱུང་མཁས་གྲུབ་དག་གིས་བརྩམས་པའི་ཕྱག་དཔེ་ཁྲོད་དུ་མུ་ཆགས་སུ་འདོད་པ་དང་མུ་ཆགས་མ་ཡིན་པ་འདོད་པའི་རྣམ་གཞག་རིགས་ཇི་སྙེད་ཅིག་བྱུང་ཡོད། དེ་སྔོན་སངས་རྒྱས་ཞུ་ཆེན་གྱི་མཛོད་ཏྲིག་ང་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར་བའི་སྐབས་དེར་མུ་ཆགས་མ་ཡིན་པ་འདོད་པའི་རིག་པའི་འགྲོས་ཏེ་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་རིག་རྩལ་ལས་འཁྲུངས་པའི་རྣམ་དཔྱོད་ཅིག་ཡིན་པ་གདན་སའི་རྟོག་གེ་བ་རྣམས་ཀྱིས་ཞལ་གཅིག་གྲགས་སུ་སྨོས་ནའང་། སྒ་སྟོན་ཚུལ་རྒྱན་གྱི་གོང་ནས་དེ་འདྲའི་བཞེད་སྲོལ་བྱུང་ཡོད་པ་ནི་<<མཛོད་ཏྲིག་>>ལས། “གང་འཇིག་ན་སྣོད་ཀྱི་འཇིག་རྟེན་རླུང་ནས་བསམ་གཏན་དང་པོ་མན་ཆད་འཇིག་ཅིང་། གང་གི་སྐྱོན་གྱིས་ན་དང་པོ་ལ་རྟོག་དཔྱོད་མེ་དང་འདྲ་བའི་ཏིང་ངེ་འཛིན་ཡོད་པའི་སྐྱོན་གྱིས་སོ། །གང་གི་རྐྱེན་གྱིས་ན་གསེར་གྱི་ཉི་བདུན་ཞེས་པ་སྟེ། གཅིག་ཤར་བས་དོག་མོའི་ལྗོངས་དྲོས། གཉིས་ཀྱིས་ཆུ་ཕྲན་ལྟེང་ལ་སྐམས།གསུམ་གྱིས་ཆུ་ཕྲན་ལྟེང་ཁ་འབྲིང་སྐམས་ཤིང། བཞིའིས་མཚེའུ་ཆེ་བ་སྐམས། ལྔས་ཆུ་བོ་ཆེན་པོ་སྐམས། དྲུག་གིས་རྩི་ཤིང་མེར་འབར། བདུན་གྱིས་རི་རབ་རི་བདུན་མེར་འབར་རོ། །ཞེས་འབྱུང་སྟེ་རྫ་སོ་ལ་མེས་བཏང་བ་ལྟར་འགྱུར་སྟེ། ཐལ་བའི་ལྷག་མ་ཡང་མེད་པར་བྱེད་དོ་ཞེས་འབྱུང་ངོ་། །གྲངས་ཇི་ཙམ་དུ་ཞེ་ན་མེས་ལན་བདུན་བདུན་དུ་འཇིག་པ་ཡིན་ནོ། །འདི་ནས་རླུང་གིས་འཇིག་པ་སྔོན་དུ་བཤད་ཀྱང་འཁམས་ནས་ཆུས་འཇིག་སྔོན་དུ་བཤད་དེ་དང་པོ་མེས་འཇིག  གཉིས་པ་ཆུ་བསམ་གཏན་གསུམ་པ་རླུང་གིས་འཇིག་ཞེས་པས་སོ། །དེས་ན་ཆུ་སྔོན་དུ་འབྱུང་པ་ནི་གང་འཇིག་ན་རླུང་ནས་བསམ་གཏན་གཉིས་པ་ཡན་ཆད་འཇིག་ཅིང་། གང་གི་སྐྱོན་གྱིས་ན་གཉིས་པ་ལ་དགའ་བདེ་ཆུ་དང་འདྲ་བའི་ཏིང་ངེ་འཛིན་གྱི་སྐྱོན་གྱིས་སོ། །གང་གི་སྐྱོན་གྱིས་ན་ཟླ་བ་དགུ་ཞེས་པ་སྟེ། གཅིག་ཤར་བས་ནམ་ཀ་བསིལ་ལ་གདང་། གཉིས་ཀྱིས་ཆར་ཟིམ་བུ་འབབ་པོ། །གསུམ་གྱིས་ཆར་གྱི་རྒྱུན་མི་འཆད་པར་འབབ་པོ། །བཞིའིས་ཆར་གྱི་རྒྱུན་སྙུག་མ་ཙམ་འབབ་པོ། །ལྔ་ཤར་བས་གཉའ་ཤིང་ཙམ་འབབ་པོ། །དྲུག་ཤར་བས་ཤིང་རྟའི་འཕང་ལོ་ཙམ་འབབ་པོ། །བདུན་ཤར་བས་ནམ་མཁར་ཆུས་ཁེངས། བརྒྱད་ཀྱིས་སྣང་སྲིད་ཀྱི་ཐ་བ་གཡེང། དགུའིས་འཇིག་རྟེན་ཐམས་ཅད་འཁྲུ་བར་བྱེད་དོ། །ཞེས་འབྱུང་ངོ་། །མདོའ་ལས་ཀྱང་སེམས་ཅན་ལས་ཟད་བསོད་ནམས་ཆ་བྲི་ནས། འབྱུང་བ་ཆུའིས་གཤིག་འཁྱེར་འཁྲུ་བའོ། །ཞེས་གསུངས་སོ། །གྲངས་ཇི་ཙམ་དུ་ཞེ་ན་མེས་བདུན་བདུན་ཞིག་པ་ན་ཆུས་ལན་རེ་འཇིག་པར་བཤད་པ་ཡོད་དོ། །དེ་ནས་རླུང་གིས་འཇིག་པ་ནི་རླུང་ནས་བསམ་གཏན་གསུམ་པ་མན་ཆད་དོ། །དེ་ཡང་གཡོ་འགུལ་རླུང་དང་འདྲ་བའི་ཏིང་ངེ་འཛིན་གྱིས་སྐྱོན་གྱིས་གསུམ་པ་འཇིག་པའོ། །གང་གི་རྐྱེན་གྱིས་ན་རླུང་དམར་ཞེས་པ་སྣང་སྲིད་ཐམས་ཅད་གཏོར་བའི་ཚུལ་གྱིས་འཇིག་སྟེ། རླུང་གཅིག་གི་ནུས་པས་འདོད་འཁམས་དང་ཚངས་པ་འདུན་འདུན་འཇིག་གོ། །གཉིས་ཀྱི་ནུས་པས་འཁོར་དང་། གསུམ་གྱིས་འབུམ་ཁྲི་དང་། བཞིའིས་འོད་ཆུང་ནས། ལྔའིས་འོད་གསལ་དང། དྲུག་གིས་ཚད་མེད་འོད་དང་། བདུན་གྱིས་དགེ་ཆུང་དང་། བརྒྱད་ཀྱིས་དགེ་རྒྱས་དང་། དགུའིས་ཚད་མེད་དགེའི་གཞལ་བྱས་འཇིག་པར་བྱེད་དོ། །བསམ་གཏན་བཞི་པ་ནི་བསྐལ་པའི་རྐྱེན་གྱིས་མི་འཇིག་སྟེ་འོག་གཞི་སྤྲིན་ལྟ་བུ་ཞིག་ཏུ་ཆགས་པ་མེད་ཅིང་། སྐར་མ་ལྟ་བུ་དུ་མར་ཆགས་པས་ལྷ་རེ་སྐྱེ་བ་ན་ཡང་གཞལ་ཡས་དང་འགྲོགས་ཏེ་འབྱུང་ལ། ཤི་ན་ཡང་དེ་དང་འགྲོགས་ཏེ་ཡལ་བའི་ཕྱིར་རོ། །གྲངས་ཇི་ཙམ་དུ་ཞེ་ན་ཆུའིས་ལན་བདུན་ཞིག་པ་ན་ཡང་མེས་ལན་བདུན་འཇིག་ཅིང་དེ་ནས་རླུང་གིས་ལན་གཅིག་འཇིག་པ་ཡིན་ཏེ། ཇི་སྐད་དུ། མེ་འིས་བདུན་ནོ་ཆུ་འིས་གཅིག། དེ་ལྟར་ཆུ་བདུན་ཐལ་ནས་ནི། མཇུག་ཏུ་རླུང་གིས་འཇིག་པ་ཡིན་ཞེས་པ་ཡང་བཤད་པ་ཡོད་དོ། །དེ་ལྟ་ན་འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞི་ནི་བསྐལ་པ་ཆེན་པོ་གཅིག་ཅེས་བྱའོ། །”ཞེས་དང་། ཡང་“ཆགས་པ་དང་པོ་རླུང་ནས་ནི་ཞེས་སྨོས་པ་ནི་འདོད་པ་འཁམས་ཀྱི་འོག་གཞི་སྨོས་པ་ཡིན་གྱི་རླུང་གིས་འཇིག་པ་སྔོན་དུ་སོང་ན་བསམ་གཏན་གསུམ་པ་དང་གཉིས་པ་དང་དང་པོ་རྣམས་རིམ་པས་འཆགས་པ་ཡིན་ལ། ཆུས་འཇིག་པ་སྔོན་དུ་སོང་ན་གཉིས་པ་དང་དང་པོ་གཉིས་འཆགས་ཤིང། མེས་འཇིག་པ་སྔོན་དུ་སོང་ན་དང་པོའི་འོག་གཞི་འབྱུང་པའི་དྭངས་མ་འོད་དང་གཞའ་ཚོན་གྱི་ཚུལ་དུ་འཆགས་སོ། །དེ་ནས་འདོད་འཁམས་ཀྱི་འོག་གཞི་རླུང་དང་ཆུ་དང་ས་དང་རི་རབ་རི་བདུན་ལས་སོགས་ཡར་འཆགས་པའོ། །དེ་ནས་སེམས་ཅན་ནི་ཡས་འཆགས་ཏེ་མེས་འཇིག་སྔོན་དུ་སོང་ན་བསམ་གཏན་གཉིས་པ་ནས་འཆགས་ལ། ཆུས་འཇིག་སྔོན་དུ་སོང་ན་གསུམ་པ་ནས་འཆགས་ཤིང་། རླུང་གིས་འཇིག་པ་སྔོན་དུ་སོང་ན་བསམ་གཏན་བཞི་པ་ནས་འཆགས་པ་ཡིན་ལ། དེ་ལས་གཞན་འཕྲུལ་ལས་སོགས་རིམ་པས་ཆགས་ནས་མནར་མེད་པའི་སེམས་ཅན་གཅིག་ཆགས་པ་ན་ཆགས་པའི་བསྐལ་པ་དེས་རྫོགས་པས་དམྱལ་བ་སྲིད་པའི་བར་དུའོ་ཞེས་བྱའོ། །”ཞེས་པ་ལྟར་རོ། །

༼༣༽སྐབས་འདིར་གཡུང་དྲུང་ཁྱིམ་བདུན་གྱི་བརྡ་ཆད་དམིགས་བསལ་ཞིག་སྟེ་<<མཛོད་ཏྲིག་>>ལས། “གཡུང་དྲུང་ཁྱིམ་བདུན་ཞེས་པ་སྟེ། གཡུང་དྲུང་གི་རྒྱལ་པོ་དང་། གཡུང་དྲུང་མིང་གི་རྒྱལ་པོ་དང་། གཡུང་དྲུང་ལྷའི་རྒྱལ་པོ་དང་། གཡུང་དྲུང་སྐོས་ཀྱི་རྒྱལ་པོ་དང་། གཡུང་དྲུང་ཚེའི་རྒྱལ་པོ་དང་། གཡུང་དྲུང་དབང་གི་རྒྱལ་པོ་དང་། གཡུང་དྲུང་ཕྱྭའི་རྒྱལ་པོ་དང་བདུན་ནོ། །”ཞེས་པ་ལྟར་རོ། །

༼༤༽གྲངས་མེད་གསུམ་གྱི་རྣམ་གྲངས་བློ་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ཏེ་གླེང་ཚུལ་ནི་<<མཛོད་ཏྲིག་>>ལས། “གྲངས་མེད་གསུམ་གྱིས་དམྱལ་བ་དོང་ནས་སྤྲུག་པར་མཐོང་སྟེ། འདི་ལ་ཡང་དབང་པོ་ཐ་མའི་གྲངས་མེད་གསུམ་དང་། འབྲིང་གི་གྲངས་མེད་གསུམ་དང་། རབ་ཀྱི་གྲངས་མེད་གསུམ་མོ། །དང་པོ་ནི་ས་དང་པོ་མན་ཆད་ལ་གྲངས་མེད་གཅིག་འདུ་ལ། བདུན་པ་མན་ཆད་ལ་གཅིག་འདུ་ཞིང་། དག་པའི་ས་གསུམ་ལ་གཅིག་འདུ་བར་གསུངས་སོ། །གཉིས་པ་ནི་ས་གསུམ་པ་མན་ཆད་ལ་གཅིག་འདུ་བར་འདོད་ལ། བདུན་པ་མན་ཆད་ལ་གཅིག། ས་བཅུ་གཅིག་མན་ཆད་ལ་གཅིག་འདུ་བར་འདོད་དོ། །དབང་པོ་རབ་ཀྱིས་ནི་ཚེ་གཅིག་ལ་ཡང་བསྐལ་པ་གྲངས་མེད་གསུམ་ཀ་འདུ་བར་གསུངས་སོ། །དེས་ན་མཚན་ཉིད་ཀྱི་ཐེག་པ་ནི་དབང་པོ་འབྲིང་ཐ་མའི་དོན་དུ་གསུངས་ཤིང་། གསང་སྔགས་ཀྱི་ཐེག་པ་དབང་པོ་རབ་ཀྱི་དོན་དུ་གསུངས་པར་མངོན་ནོ། །འབྲིང་ཐ་མའི་གྲངས་མེད་པ་ཉིད་གང་ཞེ་ན། ལྷའི་སྲས་པོས་འདི་ལྟར་བཤད་དེ། གཅིག་པ་བཅུ་ལ་བཅུ་དང་། བཅུ་པ་བཅུ་ལ་བརྒྱ་དང་། དེ་བཞིན་དུ་སྟོང་དང། ཁྲི་དང་། འབུམ་དང་། བྱེ་བ་དང་། ས་ཡ་དང་། དུང་ཕྱུར་དང་། ཐེར་འབུམ་དང་། ཐེར་འབུམ་ཆེན་པོ་དང་། ཁྲག་ཁྲིག་དང་། ཁྲག་ཁྲིག་ཆེན་པོ་དང་། གཏམས་པ་དང་། གཏམས་པའི་ཁྲིགས་ཆེན་པོ་དང་། མུ་མེད་དང་། མུ་མེད་ཆེན་པོ་དང་། ཚད་འདས་དང་། ཚད་འདས་ཆེན་པོ་དང་། དཔག་མེད་དང་། དཔག་མེད་ཆེན་པོ་དང་། བརྗོད་འདས་དང་། བརྗོད་འདས་ཆེན་པོ་དང་། ཁྱད་ཕྱིན་དང་། ཁྱད་ཕྱིན་ཆེན་པོ་དང་། འཕར་བ་དང་། འཕར་བ་ཆེན་པོ་དང་། འདྲེས་པ་དང་། འདྲེས་པ་ཆེན་པོ་དང་། མཐར་སྣ་དང་། མཐར་སྣ་ཆེན་པོ་དང་། རྒྱུད་དང་། རྒྱུད་ཆེན་པོ་དང་། ཆ་དང་། ཆ་ཆེན་པོ་དང་། ལེགས་འབྱོར་དང་། ལེགས་འབྱོར་ཆེན་པོ་དང་། དབང་པོ་དང་། དབང་པོ་ཆེན་པོ་དང་། རྟོག་པ་དང་། རྟོག་པ་ཆེན་པོ་དང་། དཔྱོད་པ་དང་། དཔྱོད་པ་ཆེན་པོ་དང་། ཚོལ་བ་དང་། ཚོལ་བ་ཆེན་པོ་དང་། གྲངས་ཀྱི་དམིག་དང་། གྲངས་ཀྱི་དམིག་ཆེན་པོ་དང་། གྲངས་བརྡ་དང་། གྲངས་བརྡ་ཆེན་པོ་དང་། རྣམ་པ་དང་། རྣམ་པ་ཆེན་པོ་དང་། དོན་ཚོལ་དང་། དོན་ཚོལ་ཆེན་པོ་དང་། བརྗོད་ཀྱིས་མི་ལང་པ་དང་། བརྗོད་ཀྱི་མི་ལང་པ་ཆེན་པོ་དང་། གྲངས་ཟད་པ་མེད་པའོ། །ཞེས་གསུངས་པ་ཡིན་ནོ། །”ཞེས་པ་ལྟར་རོ། །

༼༥༽སྤྱིར་བཏང་བོན་ཕྱོགས་སུ་སྔོན་གྱི་གདན་ས་ཁག་གི་བླ་མ་གོང་མའི་ཞལ་ཁྲིད་ཀྱི་ལམ་སྲོལ་མི་འདྲ་བ་རིགས་ཇི་སྙེད་ཅིག་བྱུང་ཡོད། དེ་ལས་འཁོར་བ་ཐོག་མ་ཡོད་མེད་ཀྱི་ཐད་རྩོད་པ་དང་རྩོད་སྤང་གི་རྣམ་གཞག་ཧ་ཅང་གི་རྒྱ་ཆེ་གཏིང་ཟབ་པ་ཞིག་ཡིན་ལ། དེ་ལས་སངས་རྒྱས་ཞུ་ཆེན་གྱིས་<<མཛོད་ཏྲིག་>>ལས། “རང་ལན་ནི་མ་རིག་པ་སྔ་མ་ལས་བྱུང་ཞིང་སྔ་མ་དེའི་སྔ་མ་ཡང་སྔ་ཞེ་སྔ་ཐོག་མ་མེད་པ་ལས་བྱུང་བ་ཡིན་པས་ན་འཁམས་གསུམ་སྤྱི་བརྩན་དུ་འཁོར་བ་ལ་ཐོག་མ་དང་ཐ་མ་གཉི་ག་མེད་ཅིང་། གང་ཟག་སྒོས་བརྩན་དུ་འཁོར་བ་ཐོག་མ་མེད་ཀྱང་ཐ་མ་ཡོད་པ་ཡིན་ཏེ་བདེན་པ་གཉིས་ཀྱི་གནས་ལུགས་རྟོགས་ན་འཁོར་བའི་ཐ་མ་དེ་ཡིན་ཏེ་ད་ཕྱིན་ཆད་འཁོར་མི་སྲིད་པའི་ཕྱིར་རོ། །”ཞེས་དང་། “འཁོར་བ་ལ་ཐོག་མ་མེད་ན་སེམས་ཅན་རྒྱུ་མེད་ལས་སྐྱེ་བར་འགྱུར་ཅིང་དེ་འདོད་ན་ནམ་མཁའ་སྟོང་པ་ལས་ཀྱང་མེ་ཏོག་སྐྱེ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ནི་ཁྱབ་པ་མ་གྲུབ་པ་ཡིན་ཏེ་ཐོག་མ་མེད་པའི་གོ་བ་ནི་སྐྱེ་རྒྱུ་ཐུག་མེད་དུ་ཡོད་པ་ཡིན་གྱི་གཏན་མེད་ལས་གསར་སྐྱེ་མ་ཡིན་ནོ། །དེ་ལྟར་ན་ཐམས་ཅད་འཚམ་པ་ཡིན་ནོ། །”ཞེས་པ་ལྟར་རོ། །

༼༦༽དེ་སྔ་བོན་ལུགས་ཀྱི་ཡིག་ཆ་ཁག་ཏུ་མ་དག་པའི་རྟེན་འབྲེལ་སྐོར་འ་ཞ་འགྲོ་མགོན་བླ་མའི་མཛོད་འགྲེལ་དུ་ཐུན་མིན་གྱི་བཞེད་སྲོལ་སྐོར་སྤྱི་སྡོམ་ཙམ་ཡོད། དེའི་ལུང་ཁུངས་བཅོལ་གཞི་ནི་ཕལ་ཆེར་མཛོད་ཏྲིག་འདི་ཡིན་པར་ངེས་ནུས་ལ།  གཤམ་གྱི་མཛོད་ཏྲིག་ལས་གསལ་བའི་རྟེན་འབྲེལ་སྐོར་གྱི་ཞིབ་ཕྲ་ནི་“ཐུན་མོང་མ་ཡིན་པའི་དབྱེ་བར་བསྟན་པ་ཡིན་ལ་འདི་ལ་གསུམ་སྟེ། རབ་ཏུ་དབྱེ་བ་དང་། དབྱེ་བ་དེ་ཚན་ཚན་དུ་བསྡུ་བ་དང་། ས་མཚུངས་པ་དང་མི་མཚུངས་པའི་བྱེ་བྲག་དཔྱད་པའོ། །དང་པོ་ལ་ལྔ་སྟེ། གང་ལས་དབྱེ་བའི་གཞི་ནི་སྔར་གྱི་མཚན་ཉིད་དོ། །གང་དབྱེ་བའི་དངོས་པོ་ནི་མ་རིག་པ་དང་འདུ་བྱེད་ལས་སོགས་པ་ཡིན་པ་ན་དེ་དག་གི་ངོ་བོ་བཟུང་པ་ནི་འདི་ལྟ་སྟེ། མ་རིག་པ་ནི་རྒྱུ་བོན་གྱི་བདག་དང་གང་ཟག་གི་བདག་ཏུ་འཛིན་པ་ལས་བྱུང་ཞིང་རང་གི་ངོ་བོ་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་ཏུ་ཀུན་བརྟགས་པ་ཡིན་ལ་དེ་ཡང་དེ་དག་མངོན་དུ་རྒྱུས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་སོག་པར་བྱེད་ཅིང་། བག་ལ་ཉལ་གྱིས་མི་གཡོ་བའི་ལས་སོག་པར་བྱེད་པའམ། ཡང་ན་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་བསོད་ནམས་མ་ཡིན་པའི་ལས་སོག་པར་བྱེད་ཅིང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་མི་གཡོ་བའི་ལས་སོགས་པར་བྱེད་པ་ཡིན་ནོ། །འདུ་བྱེད་ནི་མ་རིག་པ་དེས་བསགས་པའི་ལས་བསོད་ནམས་ལས་སོགས་པ་སྟེ། དེ་ཡང་ཁ་ཅིག་ན་རེ་བསོད་ནམས་ལས་སོགས་ཀྱི་ལས་བསགས་པ་ཙམ་ཡིན་གྱི་ནུས་པ་ཐོགས་མེད་མ་ཡིན་ནོ། །ཟེར་བ་ནི་མ་ཡིན་ཏེ། ལུས་འཁོར་བ་ལ་ལོང་འདོགས་པ་ནི་ཚེ་གསུམ་དུམ་བུ་གསུམ་གྱིས་བསྟན་ཅེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདི་ཚེ་གསུམ་ལ་རྫོགས་པར་གསུངས་པས། ཚེ་འདིའི་ལུས་སྐྱེད་པའི་ནུས་པ་ཐོགས་མེད་ནི་སྔ་མའི་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་རོ། །དེས་ན་འདུ་བྱེད་ནི་འདོད་པ་ཁམས་ཀྱི་ངན་སོང་གསུམ་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་མི་དགེ་བ་བཅུ་ལས་སོགས་པ་བསོད་ནམས་མ་ཡིན་པའི་ལས་དང་། འདོད་པ་ཁམས་ཀྱི་ལྷ་མི་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་དགེ་བ་བཅུ་ལས་སོགས་པ་བསོད་ནམས་ཀྱི་ལས་དང་། འཁམས་གོང་མར་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་མི་གཡོ་བའི་ལས་ཞི་གནས་ཀྱི་མི་རྟོག་པ་དང་གསལ་བ་ལ་ཆགས་པ་རྣམས་ཡིན་ནོ། །རྣམ་པར་ཤེས་པ་ནི་བར་དོའི་ཚེ་ན་ལས་རྣམ་པ་གསུམ་གྱི་བག་ཆགས་དང་བཅས་པའི་ཡུལ་སོ་སོར་འཛིན་པའི་རྣམ་པར་ཤེས་པ་སྐྱེ་གནས་དང་མ་ཕྲད་པའི་གནས་སྐབས་ན་ཡོད་པ་རྣམས་ཡིན་ནོ། །མིང་དང་གཟུགས་ནི་སྔར་གྱི་རྣམ་པར་ཤེས་པ་དེ་ཉིད་སྐྱེ་གནས་སུ་ཚུད་སྐྱེ་མཆེད་མ་དོད་ཀྱི་བར་དུ་ཚོར་བ་འདུ་ཤེས་འདུ་བྱེད་གསུམ་ནི་མིང་ཡིན་ལ། འབྱུང་བ་བཞི་དང་རྣམ་པར་ཤེས་པ་ཉིད་ཡུལ་ལྔ་དང་དབང་པོ་ལྔར་སྣང་བ་ནི་གཟུགས་ཡིན་པས་མིང་དང་གཟུགས་ཞེས་བྱའོ། །སྐྱེ་མཆེད་དྲུག་ནི་མིང་དང་གཟུགས་དེ་ཉིད་འཕེལ་ནས་གཟུགས་ལས་སོགས་པའི་ཡུལ་དྲུག་འཛིན་ནུས་པའི་དབང་པོ་དྲུག་གོ། །རེག་པ་ནི་ཡུལ་དང་དབང་པོ་ཕྲད་ནས་ཡུལ་དྲུག་འཛིན་པའི་རྣམ་པར་ཤེས་པ་དྲུག་གོ། །ཚོར་བ་ནི་ཡུལ་དྲུག་ཡིད་དུ་འོང་པ་དང་མི་འོང་པ་དང་བར་མའི་རྣམ་པར་བཅད་པས་སིམ་པ་དང་གདུང་པ་དང་བར་མའི་རྣམ་པ་ཐ་མལ་པར་ཉམས་སུ་མྱོང་པ་ཡིན་ནོ། ཁ་ཅིག་ན་རེ། སྐྱེ་མཆེད་ཡན་ཆད་སྔར་དང་མཐུན་པ་ལ་ཡུལ་དྲུག་ཡོངས་སུ་གཅོད་ཀྱང་བདེ་བ་དང་སྡུག་བསྔལ་གྱི་རྒྱུའི་བྱེ་བྲག་མི་ཤེས་པས་མེ་ལ་རེག་པ་ལས་སོགས་པའི་བྱ་བ་བྱེད་པ་ནི་རེག་པ་ཡིན་ལ། བདེ་སྡུག་གི་རྒྱུ་ངོ་ཤེས་པ་ནས་འཁྲིག་པ་སྤྱོད་མི་ནུས་པའི་བར་ནི་ཚོར་བ་ཡིན་ཅིང། འཁྲིག་པ་སྤྱོད་ནུས་པ་ནས་ཡུལ་ཚོལ་བ་ལ་མ་ཞུགས་ཀྱི་གནས་སྐབས་ནི་སྲེད་པ་ཡིན་ལ། དེ་ནས་ཚོར་བ་བདེ་བ་དོན་དུ་གཉེར་བ་ཡིན་པས་བདེ་སྡུག་ཡུལ་ལ་རག་ལས་པར་མཐོང་སྟེ་འདོད་པའི་ཡུལ་ལས་སོགས་པ་ཉེ་བར་ལེན་ཞིང་ལས་དང་ཉོ་ཚོང་ལས་སོགས་པའི་བྱ་བ་ལ་ཞུགས་པ་ནི་ལེན་པ་ཡིན་ཅིང་། དེ་ལྟར་བརྒྱད་ཀྱིས་ཚེ་འདི་རྫོགས་པ་ཡིན་ནོ་ཞེས་སྨྲ་བ་ནི་ཐེག་པ་འོག་མ་བ་དག་གི་ལུགས་སོ། །སྐྱེ་བ་ནི་ཚེ་སྔ་མ་ནས་འདིར་སྐྱེ་བ་ལ་རུང་མོད་ཀྱི་རྟེན་འབྲེལ་བཅུ་གཉིས་ཚེ་གསུམ་ལ་རྫོགས་པའི་དབང་དུ་བྱས་ནས་ཕྱི་མའི་སྐྱེ་བ་ཡིན་ནོ། །སྐྱེས་པའི་རྒྱུན་གཞན་དུ་གྱུར་ནས་འབྱུང་པ་རྣམས་རྙིང་པའི་རྒས་པ་དང་། རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བ་ཡིན་ནོ། །

       གསུམ་པ་གང་གིས་འབྱེད་པའི་རྒྱུ་མཚན་ནི་བྱེད་པ་པོ་དང་བྱེད་པ་དང་བྱ་བ་དོན་གཞན་རང་དབང་པར་ལྟ་བའི་གཏི་མུག་བཀག་ནས། རྟེན་འབྲེལ་བཅུ་གཉིས་ཉིད་གཞན་དབང་པའི་བྱེད་པ་པོ་དང་བྱེད་པ་དང་བྱ་བར་སྟོན་པའི་ལས་བཅུ་གཉིས་སུ་ཕྱེ་བ་སྟེ། དེ་ལ་བྱེད་པ་པོ་ནི་རྐྱེན་ཡིན་པས་མ་རིག་པ་དང་སྲེད་པ་དང་ལེན་པ་ཡིན་ཏེ། དཔེར་ན་མྱུ་གུ་སྐྱེད་པར་བྱེད་པ་ན་ས་བོན་འདེབས་པར་བྱེད་པའི་བདག་པོ་དང་ས་བོན་བརླན་པར་བྱེད་པའི་ཆུ་དང་། ས་བོན་འཕེལ་ནུས་སུ་བྱེད་པའི་ལུད་དགོས་པ་ལྟར་མ་རིག་པས་བརྒྱུད་ནས་ལས་སོག་པར་བྱེད་པ་པོ་ཡིན་པས་བདག་པོ་དང་འདྲ་བ་ཡིན་ལ། སྲེད་པ་དང་ལེན་པ་ནི་ལས་ནུས་པ་མཐུ་ཅན་དུ་བྱེད་པ་ཡིན་པས་བྱེད་པ་པོའི་རྐྱེན་གསུམ་དུ་བཞག་པ་ཡིན་ནོ། །བྱེད་པ་ནི་འདུ་བྱེད་དང་རྣམ་པར་ཤེས་པ་སྲིད་པ་གསུམ་དུ་བཞག་པ་ཡིན་ཏེ། དཔེར་ན་ཆུ་ལུད་དང་ས་བོན་ཐམས་ཅད་ཀྱི་རྟེན་ཞིང་ཡིན་པ་ལྟར། རྣམ་ཤེས་དང་མིང་གཟུགས་ཀྱི་རྟེན་ཡང་ལས་འདུ་བྱེད་དང་སྲིད་པ་ཡིན་ཏེ་དེ་ཡང་འདི་བྱེད་ནི་ལས་གསུམ་ནུས་པ་ཐོགས་མེད་དུ་བསགས་པ་ཡིན་ལ། སྲིད་པ་ནི་བར་དོའི་རྣམ་ཤེས་འཕེན་པའི་ནུས་པ་ཐོགས་མེད་དུ་གྱུར་བ་ཡིན་ནོ། །དཔེར་ན་མྱུ་གུའི་ས་བོན་ཉེར་ལེན་ཡིན་པ་ལྟར་སྐྱེ་གནས་ཀྱི་མིང་དང་གཟུགས་སྐྱེད་པའི་ཉེར་ལེན་ཡང་བར་དོའི་རྣམ་ཤེས་ཡིན་པས་བྱེད་པ་ལ་འདུ་བྱེད་སྲིད་པ་དང་རྣམ་ཤེས་གསུམ་དུ་ངེས་པ་ཡིན་ནོ། །བྱ་བའི་འབྲས་བུ་ཡང་དྲུག་ཏུ་ངེས་པ་ཡིན་ཏེ། དཔེར་ན་ས་བོན་དང་ཆུ་ལུད་ལས་སོགས་པའི་འབྲས་བུ་མྱུ་གུ་དང་དེ་འཕེལ་བའི་སྟོན་ཐོག་ལས་སོག་པ་ཡིན་པ་ལྟར། འདིར་ཡང་བྱེད་པ་དེ་བྱེད་པའི་བྱ་བའི་འབྲས་བུ་སྐྱེ་གནས་སུ་གྲུབ་པའི་མིང་དང་གཟུགས་ཡིན་ལ། དེ་འཕེལ་བའི་སྐྱེ་མཆེད་དྲུག་ཡིན་ཅིང་། དེ་ལས་ཡུལ་ཡོངས་སུ་གཅོད་པའི་རེག་པ་ཡིན་ལ། ཡུལ་དེ་ཉིད་སིམ་པ་དང་གདུང་པ་ལས་སོགས་པ་ཉམས་སུ་མྱོང་པ་ནི་ཚོར་བ་ཡིན་ཅིང་། དེ་ནས་ཕྱི་མའི་སྐྱེ་བ་དང་། སྐྱེས་པའི་རྒྱུན་གཞན་དུ་གྱུར་པའི་རྒས་པ་དང་ཕུང་པོ་འཇིག་པའི་འཆི་བ་ཡིན་པས་བྱ་བའི་འབྲས་བུ་ལ་ལྟོས་ནས་དྲུག་ཏུ་བཞག་པ་ཡིན་ནོ། །ཇི་ལྟར་དབྱེ་བའི་དོན་ནི། རྔོས་པོ་ཐ་དད་པ་ཡིན་ཏེ་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །ལྔ་པ་ཇི་སྙེད་དབྱེ་བའི་ངེས་པ་ནི་གསུམ་སྟེ་གཞན་ལུགས་དགག་པ་དང་། རང་ལུགས་དང་། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི་བླ་མ་ན་རེ་སྔ་མའི་མ་རིག་པ་དང་འདུ་བྱེད་ཀྱིས་རྒྱུ་བྱས་པའི་ད་ལྟའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན་ལ། སྔ་མའི་འདུ་བྱེད་ཀྱི་ལས་ལས་གྲུབ་པ་འདིའི་སྲེད་ལེན་སྲིད་པ་གསུམ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་འདུག་ཅིང་། དེ་གསུམ་ཕྱི་མའི་སྐྱེ་བ་དང་རྒ་ཤི་སྐྱེད་པའི་རྒྱུ་ན་བ་དང་རྒ་ཤི་གཉིས་དེས་བསྐྱེད་པའི་འབྲས་བུ་ན་ཡང་འདུག་པས། དེ་ལྟར་རྒྱུ་འབྲས་ཕྲུགས་གཉིས་ལ་བརྩིས་པས་དེ་བས་མང་ན་མི་རྒོས་ཉུང་ན་མི་ཆོག་པས་བཅུ་གཉིས་སུ་གྲངས་ངེས་སོ་ཟེར་བ་ནི་མ་ཡིན་ཏེ། མ་རིག་པ་དང་འདུ་བྱེད་གཉི་ག་རྒྱུ་ཡིན་ན་འདིའི་ཚོར་བ་ལས་སོགས་སྐྱེད་པ་ལ་ཉེར་ལེན་གཅིག་གིས་ཆོག་པས་རྒྱུ་གཅིག་ཏུ་འགྱུར་ལ་དེ་འདོད་ན་རྒྱུ་གཉིས་ཡིན་པ་དང་བཅུ་གཉིས་སུ་གྲངས་ངེས་པ་ཉམས་སོ། །ཡང་སྲེད་སྲིད་པ་གསུམ་ཀ་ཉེར་ལེན་ཡིན་ན་དེ་ལ་རྐྱེན་གཅིག་ཀྱང་དགོས་པས་རྟེན་འབྲེལ་བཅུ་གསུམ་དུ་འགྱུར་རོ། །གལ་ཏེ་ལས་རྐྱེན་དུ་བཤད་པ་མ་ཡིན་ནམ་ཞེ་ན་འགའ་ཞིག་ནས་རྐྱེན་དུ་ཡང་བཤད་ལ་འགའ་ཞིག་ནས་རྒྱུ་རུ་ཡང་བཤད་དེ། ཞེ་སྡང་ཅན་ནི་དམྱལ་བའི་གནས་སུ་སྐྱེ། གལ་ཏེ་མི་རུ་སྐྱེས་ཀྱང་སྲོག་གཅོད་ཤན་པར་སྐྱེ། དེ་ཚེ་ལས་ཀྱི་རྒྱུ་བསགས་དམྱལ་བའི་གནས་སུ་སྐྱེ་ཞེས་པས་སོ། །དེས་ན་ཐེག་པ་གོང་འོག་གི་ལུགས་ཐ་དད་དུ་མངོན་ནོ། །

      གཉིས་པ་རང་ལུགས་ནི་གསུམ་སྟེ། རྒྱུ་དྲུག་འབྲས་བུ་དྲུག་གི་དབང་དུ་བྱས་ནས་གྲངས་ངེས་པ་དང་། རྒྱུ་ལྔ་འབྲས་བུ་བདུན་གྱི་དབང་དུ་བྱས་ནས་གྲངས་ངེས་པ་དང་། རྒྱུ་བཅུ་འབྲས་བུ་བཅུ་གཉིས་སུ་འདོད་པའི་དབང་དུ་བྱས་ནས་གྲངས་ངེས་པའོ། །དང་པོ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་རྒྱུ་འབྲས་ཚར་གཉིས་ལ་ལྟོས་ནས་ངེས་པ་བརྩི་བར་བྱ་སྟེ། ཚེ་སྔ་མའི་ལས་གསུམ་སོག་པར་བྱེད་པ་ལ་རྐྱེན་མ་རིག་པ་གཅིག་པུས་ཆོག་པས་རྐྱེན་དུ་བཞག་ལ། རྐྱེན་དེས་བསགས་པའི་བར་དོ་འཕེན་པའི་ནུས་པ་ཐོགས་མེད་ནི་འདུ་བྱེད་ཡིན་ལ། མིང་དང་གཟུགས་སྐྱེད་པའི་ནུས་པ་ཐོགས་མེད་ནི་རྣམ་ཤེས་ཡིན་པས་ཉེར་ལེན་གཉིས་སུ་ངེས་པ་ཡིན་ནོ། །དེ་ལྟར་ཚེ་སྔ་མ་ལ་རྒྱུ་རྐྱེན་གསུམ་རྫོགས་པས་གསུམ་དུ་ངེས་པ་ཡིན་ནོ། །ཚེ་འདི་ལ་སྡུག་བསྔལ་གྱི་མྱུ་གུ་ཐོག་མར་གྲུབ་པ་ནི་མིང་དང་གཟུགས་ཡིན་ལ། དེ་འཕེལ་བ་ནི་སྐྱེ་མཆེད་དྲུག་ཡིན་ཅིང། དེའི་འབྲས་བུ་རེག་པ་ཡིན་ལ། རེག་ནས་ཡུལ་གྱི་དོན་ཉམས་སུ་མྱོང་པ་ཚོར་བ་ཡིན་པས་དེ་ལྟར་རྒྱུ་འབྲས་སྐོར་ཅིག་རྫོགས་པ་ཡིན་ནོ། །ཚོར་བ་ལ་ཡང་ཚེ་ཕྱི་མའི་སྐྱེ་བ་འགྲུབ་པའི་ལས་སོག་ནུས་ན་སྲེད་པ་ཡིན་ལ། དེས་ལས་སོག་པའི་ནུས་པ་ཐོགས་མེད་དུ་འཕེལ་བ་ནི་ལེན་པ་ཡིན་ཅིང་། དེས་ལས་བསགས་ནས་ཚེ་ཕྱི་མ་འགྲུབ་པའི་ནུས་པ་ཐོགས་མེད་ནི་སྲིད་པ་ཡིན་ནོ། །དེ་ལྟར་ན་ཚེ་འདི་ལ་བདུན་རྫོགས་པས་བདུན་དུ་ངེས་པ་ཡིན་ནོ། །ཚེ་ཕྱི་མ་ལ་ཐོག་མ་སྐྱེ་བ་དང་དེ་ནས་རྒ་ཤི་གཉིས་འབྱུང་པ་ཡིན་ནོ། །དེ་ལྟར་ན་ཚེ་ཕྱི་མ་ལ་གཉིས་རྫོགས་པས་གཉིས་སུ་ངེས་པ་ཡིན་ནོ། །དེས་ན་ཚེ་གསུམ་ལ་རྒྱུ་འབྲས་སྐོར་གཉིས་རྡོགས་པས་བཅུ་གཉིས་སུ་གྲངས་ངེས་པ་ཡིན་ཏེ་འདི་ལྟར་སྔོན་དང་ཕྱི་མཐའ་གསུམ་གཉིས་དང་། བར་དུ་བདུན་ཡང་རྫོགས་ལྡན་ལ་ཞེས་བཤད་པ་ཡོད་དོ། །

གཉིས་པ་རྒྱུ་ལྔ་འབྲས་བུ་བདུན་གྱི་དབང་དུ་བྱས་ནས་གྲངས་ངེས་པ་ནི་མ་རིག་པ་དང་འདུ་བྱེད་ནི་རྐྱེན་དང་རྒྱུ་ཡིན་པས་ཚེ་སྔ་མ་ལ་རྫོགས་པ་ཡིན་ལ་དེ་དག་གི་འབྲས་བུ་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་རྣམས་ནི་ཚེ་འདི་ལ་རྫོགས་པའི་འབྲས་བུ་ཡིན་ནོ། །ཡང་ཚེ་ཕྱི་མར་སྐྱེད་པའི་རྐྱེན་དང་རྒྱུ་ནི་སྲེད་པ་དང་ལེན་པ་དང་སྲིད་པ་ནི་ཚེ་འདི་ལ་རྫོགས་པ་ཡིན་ལ། དེ་དག་གི་འབྲས་བུ་སྐྱེ་བ་དང་རྒ་ཤི་ཕྱི་མ་ལ་རྫོགས་པ་ཡིན་པས་རྟེན་འབྲེལ་བཅུ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །འདི་ལྟར་སྔོན་དང་ཕྱི་མཐའ་གཉིས་གཉིས་དང་། བར་དུ་བརྒྱད་ཡང་རྫོགས་ལྡན་ལ་ཞེས་བཤད་པ་ཡོད་དོ། །དེ་ལྟར་ན་རྣམ་ཤེས་མིང་དང་གཟུགས་ཀྱི་རྒྱུ་ཡིན་པས་རྒྱུར་བཞག་ཅིང་། རྣམ་ཤེས་དེ་འདུ་བྱེད་ཀྱི་འབྲས་བུ་ཡིན་པས་འབྲས་བུར་ཡང་བཞག་པ་ཡིན་ནོ། །ཡང་རྣམ་ཤེས་ཚེ་སྔ་མ་ལ་རྫོགས་པར་བྱས་པ་ནི་བར་དོ་ཚེ་སྔ་མར་བྱས་ལ་རྣམ་ཤེས་ཚེ་འདིར་བསྡུས་པ་ནི་བར་དོ་ཚེ་འདིའི་ཁོག་ཏུ་བསྡུས་པས་འགལ་བ་མ་ཡིན་ནོ། །

      གསུམ་པ་རྒྱུ་བཅུ་འབྲས་བུ་གཉིས་སུ་བྱས་ནས་གྲངས་ངེས་པ་ནི། ཚེ་སྔ་མའི་མ་རིག་པ་ནས་སྔ་མའི་སྲིད་པའི་བར་རྒྱུ་ཡིན་ལ། འདིའི་སྐྱེ་བ་དང་རྒ་ཤི་འབྲས་བུར་བརྩིས་ནས་ཀྱང་གྲངས་ངེས་ཅིང་། ཡང་ཚེ་སྔ་མའི་མ་རིག་པ་ནས་འདིའི་སྲིད་པའི་བར་རྒྱུ་ཡིན་ལ་ཕྱི་མའི་སྐྱེ་བ་དང་རྒ་ཤི་འབྲས་བུར་བྱས་ནས་ཀྱང་གྲངས་ངེས་པ་རུང་ཞིང་། འདིའི་མ་རིག་པ་ནས་ཕྱི་མའི་སྲིད་པའི་བར་རྒྱུ་ཡིན་ལ། ཡང་ཕྱི་མའི་སྐྱེ་བ་དང་རྒ་ཤི་འབྲས་བུར་བྱས་ནས་ཀྱང་གྲངས་ངེས་པ་རུང་པར་མཐོང་པ་ཡིན་ནོ། །མཐའ་སྲིད་ཚད་ཀྱི་དབང་དུ་བྱས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གཅིག་ལ་ཡང་རྫོགས་པར་འབྱུང་པ་ཡིན་ནོ། །

    གསུམ་པ་རྩོད་པ་སྤངས་པ་ལ་གཉིས་ཏེ། སྤྱིར་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་གྲངས་ངེས་པ་ལ་རྩོད་པ་སྤང་པ་དང་། བྱེ་བྲག་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་པ་ལ་རྩོད་པ་སྤང་པའོ།  །དང་པོ་ལ་ལྔ་སྟེ། མ་རིག་པ་ལ་རྒྱུ་ཡོད་མེད་བརྟགས་ན་མི་འཐད་པ་སྤངས་པ་དང་། རྒ་ཤི་ལ་འབྲས་བུ་ཡོད་མེད་བརྟགས་ན་མི་འཐད་པ་སྤངས་པ་དང་། མིང་མ་ངེས་པར་ཐལ་པ་སྤངས་པ་དང་། མི་འདོད་པ་གཞན་དང་མཚུངས་པར་ཐལ་པ་དང་། འདུས་བྱས་ཀྱི་མཚན་ཉིད་མ་ཚང་པར་ཐལ་བ་སྤངས་པའོ། །དང་པོ་ནི་གལ་ཏེ་མ་རིག་པ་ལ་རྒྱུ་ཡོད་དམ་མེད། དང་པོ་ལྟར་ན་རྟེན་འབྲེལ་ཡན་ལག་བཅུ་གསུམ་དུ་འགྱུར་ལ་དེ་འདོད་ན་གྲངས་ངེས་པ་ཉམས་ཤིང་། གཉིས་པ་ལྟར་ན་འཁོར་བ་ལ་ཐོག་མ་ཡོད་པར་ཐལ་བ་དང་། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར་རྟག་ཏུ་ཡོད་པ་འམ་མེད་པར་ཐལ་པའི་ཕྱིར་རོ་ཞེ་ན། མ་རིག་པ་ལ་རིགས་མི་མཐུན་གྱི་རྒྱུ་མེད་ཅིང་རིགས་མཐུན་གྱི་རྒྱུ་ཡོད་པས་ཉེས་པ་གང་ཡང་མེད་པའམ། ཡང་ན་རྟེན་འབྲེལ་ཚར་གཅིག་ལ་ལྟོས་ནས་རྒྱུ་མེད་པས་གྲངས་ངེས་པ་ཡང་རུང་ལ་རྟེན་འབྲེལ་ཚར་གཞན་ལ་ལྟོས་ནས་རྒྱུ་ཡོད་པས་འཁོར་བ་ཐོག་མེད་ཀྱང་རུང་པ་ཡིན་ཏེ། དེས་ན་སྲེད་པ་ཚོར་བ་ལས་སྐྱེ་བ་ཁོ་ན་མ་རིག་པ་ལ་རྒྱུ་ཡོད་པར་བསྟན་པ་ཡིན་ནོ། །ཚེ་འདིའི་སྲེད་པ་འདྲ་པའི་ཉོན་མོངས་པ་ནི་སྔ་མའི་མ་རིག་པ་ཡིན་པའི་ཕྱིར་རོ། །

      གཉིས་པ་ནི། གལ་ཏེ་རྒ་ཤི་ལ་འབྲས་བུ་ཡོད་ན་རྟེན་འབྲེལ་བཅུ་གསུམ་དུ་འགྱུར་ལ་རྒ་ཤི་ལ་འབྲས་བུ་མེད་ན་འཁོར་བ་ལ་ཐ་མ་ཡོད་པར་འགྱུར་ཏེ། དེ་འདོད་ན་འཁམས་གསུམ་སྟོང་ནས་འདྲོངས་པ་མི་སྲིད་པར་བཤད་པ་དང་འགལ་ལོ་ཞེ་ན། འདིའི་ལན་ཀྱང་སྔ་མ་ལྟར་ཡིན་ཏེ་རྟེན་འབྲེལ་ཚར་གཅིག་ལ་ལྟོས་ནས་རྒ་ཤི་ལ་འབྲས་བུ་མེད་པས་བཅུ་གསུམ་དུ་འགྱུར་བ་མ་ཡིན་ལ། རྟེན་འབྲེལ་ཚར་གཞན་ལ་ལྟོས་ནས་རྒ་ཤི་ལ་འབྲས་བུ་ཡོད་པས་འཁོར་བ་ལ་ཐ་མ་མེད་པ་ཡང་རུང་པ་ཡིན་ནོ། །དེ་ཉིད་གང་ཡིན་ཞེ་ན་སྲེད་པ་ཚོར་བ་ལས་སྐྱེ་བ་ཁོ་ན་རྒ་ཤི་ལ་འབྲས་བུ་ཡོད་པར་བསྟན་པ་ཡིན་ཏེ་ཚེ་འདིའི་ཚོར་བ་ལས་སྲེད་པ་སྐྱེ་བ་ནི་རྟེན་འབྲེལ་ཚར་སྔ་མའི་རྒ་ཤི་འབྲས་བུ་ཡོད་པ་ཡིན་ལ། ཚེ་ཕྱི་མའི་ཚོར་བ་ལས་སྲེད་པ་སྐྱེ་བ་ཁོ་ན་རྟེན་འབྲེལ་ཚར་འདིའི་རྒ་ཤི་ལ་འབྲས་བུ་ཡོད་པར་བསྟན་པ་ཡིན་ནོ། །དེས་ན་རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་ནས་རྒྱུ་ཁོ་ནས་བསྡུས་པ་མ་རིག་པ་ཡིན་ཏེ་དེའི་རྒྱུའི་ཡན་ལག་གཞན་མེད་པའི་ཕྱིར་རོ། །འབྲས་བུ་ཁོ་ནས་བསྡུས་པ་རྒ་ཤི་ཡིན་ཏེ། དེའི་འབྲས་བུ་གཞན་མེད་པའི་ཕྱིར་རོ། །ལྷག་མ་རྣམས་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་ཏེ། འདུ་བྱེད་དེ་མ་རིག་པའི་འབྲས་བུ་ཡིན་ལ་རྣམ་པར་ཤེས་པའི་རྒྱུ་ཡིན་པ་ལས་སོགས་པའི་ཕྱིར་ཏེ་ས་བོན་དེ་ཉིད་མྱུ་གུའི་རྒྱུ་ཡིན་ལ་མྱུ་གུ་དེ་ཉིད་ནས་ཀྱི་རྒྱུ་ཡིན་པ་བཞིན། རྟེན་འབྲེལ་ཚར་གཞན་ལ་ལྟོས་ནས་རྒྱུ་ཁོ་ནས་བསྡུས་པ་ཡིན་ཞེས་བྱ་བ་ཡང་མེད་དེ་འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་རོ། །འབྲས་བུ་ཁོ་ནས་བསྡུས་པ་ཡིན་ཞེས་བྱ་བ་ཡང་མེད་དེ་འཁོར་བ་ལ་ཐ་མ་མེད་པའི་ཕྱིར་རོ། །དེས་ན་མ་རིག་པ་དང་རྒ་ཤི་རྒྱུ་འབྲས་སུ་འགྱུར་བར་བསྟན་པ་ཡང་ཡིན་ཏེ་མ་རིག་པ་ལ་རྒྱུ་ཡོད་ཀྱང་ཡན་ལག་གཞན་མ་ཡིན་ཏེ། སྲེད་པ་ལས་ལེན་པ་སྐྱེ་བའམ་ཚོར་པ་ལས་སྲེད་པ་སྐྱེ་བར་གཏོགས་པས་སོ། །རྒ་ཤི་ལ་འབྲས་བུ་ཡོད་ཀྱང་ཡན་ལག་གཞན་མ་ཡིན་ཏེ། མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་སྐྱེ་བ་ནས་ཚོར་བ་ལས་སྲེད་པ་སྐྱེ་བའི་བར་དུ་གཏོགས་པའི་ཕྱིར་རོ། །

      གསུམ་པ་མིང་མ་ངེས་པར་ཐལ་བ་སྤང་པ་ནི། གལ་ཏེ་མ་རིག་པ་དང་སྲེད་ལེན་དུ་མཚུངས་ན་རྟེན་འབྲེལ་གྱི་ཐོག་མར་སེད་ལེན་གྱི་མིང་གིས་འདོགས་པར་འགྱུར་ལ་དེ་འདོད་ན་མིང་ལ་ངེས་པ་མེད་པར་ཐལ་བ་དང་རྟེན་འབྲེལ་གྱི་ཐོག་མར་མ་རིག་པ་ཁོ་ནའི་མིང་གིས་བཏགས་པ་དང་འགལ་ལོ་ཞེ་ན། མ་རིག་པ་དང་སྲེད་ལེན་དུ་མཚུངས་ཀྱང་སྤོང་པའི་ལམ་ལ་འབད་པར་འགྱུར་བའི་དོན་དུ་མ་རིག་པ་ཁོ་ནའི་མིང་གིས་བཏགས་པ་སྟེ་ལམ་ནི་རིག་པའི་ཡེ་ཤེས་ཡིན་ལ་དེའི་མི་མཐུན་ཕྱོགས་མ་རིག་པ་ཁོ་ན་ཡིན་པས་སོ། །གལ་ཏེ་རྒ་ཤི་དང་ཚོར་བ་ལས་སོགས་པར་མཚུངས་ན་རྟེན་འབྲེལ་གྱི་མཐའ་ཆོར་བའི་མིང་གིས་ཀྱང་འདོགས་པར་ཐལ་ལ་དེ་འདོད་ན་རྒ་ཤི་ཁོ་ནའི་མིང་གིས་བཏགས་པ་དང་འགལ་ལོ་ཞེ་ན། རྒ་ཤི་དང་ཚོར་བ་ལས་སོགས་པར་མཚུངས་ན་ཡང་རྒ་ཤི་ཡིད་འབྱུང་པའི་གནས་ཡིན་པས་དེའི་རྒྱུ་འགོག་པ་ལ་འབད་པར་འགྱུར་བས་ན་རྟེན་འབྲེལ་ཐམས་ཅད་ཀྱི་མཐའ་རྒ་ཤིའི་མིང་གིས་གདགས་པ་ཡིན་ནོ། །

      བཞི་པ་མི་འདོད་པ་གཞན་དང་མཚུངས་པ་སྤང་པ་ནི། གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་བཞི་ཡོད་པ་ན་རྒས་པ་དང་ཤི་བ་དངོས་པོ་ཐ་དད་པས་རྟེན་འབྲེལ་བཅུ་གསུམ་དུ་འགྱུར་ལ་རྒས་ལོང་མེད་པར་འཆི་སྲིད་པས་གཅིག་ཏུ་འཇོག་ན་རྫུས་སྐྱེས་ཀྱི་སེམས་ཅན་ལ་ཡང་མིང་དང་གཟུགས་གྲུབ་ལོང་མེད་པར་སྐྱེ་མཆེད་དྲུག་དོད་པས་དེ་གཉིས་ཀྱང་གཅིག་ཏུ་འགྱུར་རོ་ཞེ་ན། འདིའི་ལན་ལ་ཁ་ཅིག་ན་རེ་སྲིད་ཚད་ཀྱི་དབང་དུ་བྱས་པ་ཡིན་ཏེ་རྫུས་ཏེ་སྐྱེ་བ་ལ་མིང་དང་གཟུགས་མ་གྲུབ་པར་སྐྱེ་མཆེད་དྲུག་འགྲུབ་སྲིད་ཀྱང་མངལ་སྐྱེས་ལ་མིང་དང་གཟུགས་གྲུབ་ནས་སྐྱེ་མཆེད་དྲུག་འགྲུབ་པའི་རིམ་པ་ཡོད་པས་གཅིག་ཏུ་འཇོག་གོ་ཞེས་པས་ནི་མ་ཡིན་ཏེ། འདིར་ཡང་སྲིད་ཚད་ཀྱི་དབང་དུ་བྱས་ཏེ་མ་རྒས་པར་འཆི་སྲིད་ཀྱི་རྒས་ནས་འཆི་བ་ཡང་སྲིད་པས་སོ་སོར་འཇོག་པར་འགྱུར་བ་དང་མཚུངས་པ་མ་ཡིན་ནམ། དེས་ན་འདི་དོན་ནི་མིང་གཟུགས་དང་སྐྱེ་མཆེད་དྲུག་ཐ་དད་དུ་འཇོག་པ་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་པ་ཡིན་ལ། རྒ་ཤི་གཅིག་ཏུ་འཇོག་པ་ནི་རྒས་ལོང་མེད་པར་འཆི་སྲིད་པས་གཅིག་ཏུ་བཞག་པ་ཡིན་ནོ། །

      ལྔ་པ་ནི། གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་བཞི་ཡོད་པ་ལ་སྐྱེ་བ་ལས་སོགས་གསུམ་འདིར་སྨོས་ནས་གནས་པ་མི་བཤད་པར་འགལ་ལོ་ཞེ་ན་འདུས་བྱས་ཀྱི་མཚན་ཉིད་བཞི་ཡོད་ཀྱིས་ཀྱང་རྟེན་འབྲེལ་བཤད་པའི་སྒོས་པ་ནི་འཁོར་བ་ལ་ཡིད་འབྱུང་བ་ཡིན་ལ་གནས་པ་ནི་ཡིད་འབྱུང་བའི་རྐྱེན་དུ་མི་འགྱུར་བས་མ་བསྟན་ལ་གསུམ་པོ་ཡིད་འབྱུང་པའི་གནས་ཡིན་པས་རྟེན་འབྲེལ་གྱི་གྲངས་སུ་བཤད་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་ཚེ་གསུམ་ལ་རྫོགས་པ་ལ་རྩོད་པ་སྤང་པ་ནི་གལ་ཏེ་རྒྱུ་འབྲས་ཚར་གཉིས་ཡིན་ན་གཉིད་གཅིག་ཏུ་བསྡོམ་ནས་རྒྱུ་འབྲས་ཚར་གཅིག་དུ་བྱས་པ་ལ་དོན་མེད་པར་འགྱུར་རོ་ཞེ་ན། འདིའི་ལན་ནི་དུས་གསུམ་གྱི་རྨོངས་པ་བཟློག་པ་ལ་ཉེ་བར་མཁོ་བའི་ཕྱིར་རྒྱུ་འབྲས་ཚར་གཉིས་ཚེ་གསུམ་ལ་རྫོགས་པར་བསྟན་པ་ཡིན་ཏེ། སྔོན་གྱི་མཐའ་ནས་འདིར་འཇུག་པའི་རྟེན་འབྲེལ་བདུན་ལས་མ་བསྟན་ན་སྔོན་གྱི་མཐའ་དང་ད་ལྟར་གྱི་ཕྱོགས་གཅིག་ལ་རྨོངས་པ་ལོག་ཀྱང་ད་ལྟར་གྱི་ཕྱོགས་གཅིག་དང་ཕྱི་མའི་མཐའ་ལ་རྨོངས་པ་མི་ལྡོག་ཅིང་། ཕྱི་མའི་མཐར་འཇུག་པའི་རྟེན་འབྲེལ་ལྔ་ལས་མ་བསྟན་ལ་ཕྱི་མའི་མཐའ་དང་ད་ལྟར་གྱི་ཕྱོགས་གཅིག་ལ་རྨོངས་པ་ལོག་ཀྱང་སྔོན་གྱི་མཐའ་དང་ད་ལྟར་གྱི་ཕྱོགས་གཅིག་ལ་རྨོངས་པ་མི་ལྡོག་པས་དང་པོ་བདུན་བསྟན་པ་ཡིན་ནོ། །

གཉིས་པ་གོ་རིམ་ངེས་པ་ནི། བླ་མ་ན་རེ་རྒྱུ་འབྲས་ཀྱི་གོ་རིམ་སྟེ་མ་རིག་པ་རྒྱུ་ཡིན་པས་སྔོན་དུ་ངེས་ཤིང་འདུ་བྱེད་དང་འབྲས་བུ་ཡིན་པས་ཕྱི་ནས་ངེས་པ་ལས་སོགས་པར་གསུངས་སོ། །ཡང་ན་གོ་རིམ་ངེས་པ་མཚན་ཉིད་པ་ནི་རྒྱུ་འབྲས་ཚར་གཉིས་ཚེ་གསུམ་ལ་རྫོགས་པ་ལ་ལྟོས་ཏེ་གཞག་པ་ནི་རྒྱུད་ལ་སྐྱེ་བའི་གོ་རིམ་སྟེ། འདི་ལྟར་ཐོག་མ་ཁོ་ནར་མ་རིག་པས་ཤེས་བྱ་ལ་རྨོངས་ཤིང་ལས་ཀུན་ནས་སློང་པར་བྱེད་ཅིང་། ལས་ཀུན་ནས་བསླང་པས་བསོད་ནམས་ལས་སོགས་ཀྱི་ལས་གསུམ་ནུས་པ་ཐོགས་མེད་ཀྱི་འདུ་བྱེད་དང་། དེ་ཉིད་ཀྱིས་བར་དོའི་ལས་གསུམ་གྱི་བག་ཆགས་དང་བཅས་པའི་རྣམ་པར་ཤེས་པ་འཔེན་པ་ཡིན་ཅིང་། དེ་ཉིད་ཀྱིས་སྐྱེ་གནས་ཀྱི་ཐོག་མ་མིང་དང་གཟུགས་ཀྱི་མྱུ་གུ་གྲུབ་པར་བྱེད་ལ། དེ་ཉིད་འཕེལ་བ་ལས་དབང་པོ་ཡོངས་སུ་རྫོགས་པའི་སྐྱེ་མཆེད་དྲུག་ཡིན་ཅིང་། དེ་ཉིད་ཀྱིས་ཡུལ་ཡོངས་སུ་གཅོད་པའི་རེག་པ་ཡིན་་ཅིང་། དེ་ཉིད་ལས་ཡུལ་ཉམས་སུ་མྱོང་པའི་ཚོར་བ་ཡིན་ཅིང་། དེ་ཉིད་ལས་བདེ་སྡུག་བཏང་སྙོམས་གསུམ་ལ་མི་འབྲལ་བ་དང་འབྲལ་བ་དང་དེའི་རྣམ་པ་དོན་དུ་གཉེར་པའི་སྲེད་པ་ཡིན་ལ། དེ་ཉིད་འཕེལ་ནས་འདོད་པའི་དོན་ལེན་པའམ་དུག་གསུམ་གྱིས་ལས་སོག་པའི་ནུས་པ་ཐོགས་མེད་ཀྱི་ལེན་པ་ཡིན་ཅིང་། དེ་ཉིད་ཀྱིས་ཕྱི་མ་འགྲུབ་པའི་ནུས་པ་ཐོགས་མེད་ཀྱི་སྲིད་པ་ཡིན་ལ། དེ་ཉིད་ཀྱིས་ཕྱི་མའི་སྡུག་བསྔལ་གྱི་སྐྱེ་བ་འགྲུབ་ཅིང་། དེ་ཉིད་ཀྱི་རྒྱུན་གཞན་དུ་གྱུར་པའི་རྒས་པ་དང་ཕུང་པོ་འཇིག་པའི་འཆི་བ་འབྱུང་བས་གོ་རིམ་ངེས་པའོ། །

   གཉིས་པ་དབྱེ་བ་དེ་ཚན་ཚན་དུ་བསྡུ་བ་ལ་གསུམ་སྟེ། ཡན་ལག་བཞི་རུ་བསྡུ་བ་དང་། ཚེ་གསུམ་དུ་བསྡུ་བ་དང་། དུམ་བུ་གསུམ་དུ་བསྡུ་བའོ། །དང་པོ་ལ་བཞི་[གསུམ]སྟེ། འཕེན་པའི་ཡན་ལག་དང་། འཕངས་པའི་ཡན་ལག་དང་། མངོན་པར་འགྲུབ་པའི་ཡན་ལག་གོ། །དང་པོ་ནི་མ་རིག་པ་ལས་སོགས་པ་གསུམ་ཡིན་ཏེ་གང་ལ་བརྟེན་ཏེ་འཕེན་ན་མ་རིག་པ་ལ་བརྟེན་ཏེ་འཕེན་ཏེ་གཞུ་དང་འདྲ། གང་གིས་ན་འདུ་ཤེས་ཀྱིས་འཕེན་ཏེ་སྐྱེས་བུ་དང་འདྲ། གང་ན་རྣམ་ཤེས་འཕེན་དེ་མདའ་དང་འདྲའོ། །འདི་ལ་བླ་མ་ན་རེ། ལུས་སེམས་བྲལ་ནས་སྲིད་པའི་བར་དོ་ན་འཁྱམས་པའི་དུས་ན། མི་གསལ་རྨོངས་པའི་མ་རིག་པའི་རང་བཞིན་གྱིས་གནས་སོ། །གང་གིས་འཕེན་ན་དེས་འཕེན། གང་ལ་བརྟེན་ཏེ་འཕེན་ན་སྲིད་པ་ཅིར་ཡང་མ་ངེས་པ་བར་མ་དོའི་འདུ་བྱེད་ལ་བརྟེན་ནས་འཕེན་ཏེ། དེ་ཅི་ལྟར་གནས་ན་བརྟེན་པ་མེད་པར་སེམས་འཕྱོས་པ་ཡིད་མི་བདེ་བའི་འདུ་བྱེད་ལ་བརྟེན་ནས་འཕེན་ཏེ། ཁ་ཉེན་པོ་རྒྱབ་རྟེན་དང་བྲལ་བ་འདྲ། ཀེ་ཤའི་མདོའ་ནས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚང་ཐོགས་མེད་ལྡན། རིགས་མཐུན་ཤ་མིག་དག་པས་མཐོང་། ཞེས་འབྱུང་པས་དམྱལ་བར་སྐྱེ་ན་དམྱལ་བའི་གཟུགས་དང་དབང་པོ་ཆས་པར་འོང་གསུངས། ཡང་ན་སྔ་མའི་ལུས་ཀྱི་བག་ཆགས་ཡོད་པས་དེའི་ལུས་དང་དབང་པོ་ཆས་པར་འོང་སྟེ་རྨི་ལམ་བཞིན། དེ་ཡང་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དུ་གནས་ཏེ་རི་བྲག་ལས་སོགས་གང་ལ་ཡང་ཐོགས་རྡུག་མེད། རིས་དྲུག་སྟོང་གསུམ་སྐད་ཅིག་རེ་ལ་འཁོར་ལོ། དེ་གང་གིས་མཐོང་ན་བར་དོ་རང་གི་རིགས་མཐུན་པ་དང་ཤ་མིག་དག་པ་ཞེས་བྱ་སྟེ། གཡུང་དྲུང་སེམས་དཔའ་དང་སྤྲུལ་སྐུ་ལས་སོགས་ཀྱིས་མཐོང་སྐད། གང་འཕེན་ན་རྣམ་ཤེས་དེས་འཕེན། གང་དུ་འཕེན་ན་སྲིད་པའི་སྐྱེ་གནས་སུ་འཕེན་སྟེ་མའི་མངལ་དེ་སྐྱུག་བྲོ་བར་མ་མཐོང་སྟེ་གནས་བཟང་པོར་སྐྱེ་ན་གཞལ་ཡས་ཁང་དང་མཆོད་ཁང་དང་ཁང་བཟང་ལས་སོགས་པར་མཐོང་། ངན་པར་སྐྱེ་ན་འཇག་སྤྱིལ་ལམ་ས་བུག་ལས་སོགས་པར་མཐོང་། གནས་པ་མའི་གཞལ་ཡས་ཁང་ཟིན་རིས་མ་མཐོང་སྲེད་པ་དང་ཞེས་པས་སོ། །དེའི་ཚེ་རྐྱེན་ལས་ཀྱི་རླུང་ཞེས་བྱ་བ་ཁ་ཚུབ་དང་ཆར་དྲག་ལས་སོགས་པ་ཞིག་བྱུང་ནས་དེ་ལ་གབ་པར་དྲན་སྔ་མའི་གནས་དང་འཇུག་པ་ན་ཕོར་སྐྱེ་ན་མ་ལ་ཆགས་ཕ་ལ་སྡང་། མོར་སྐྱེ་ན་ཕ་ལ་ཆགས་མ་ལ་སྡང་པ་གཅིག་སྐྱེས་པ་དེས་རྐྱེན་བྱས་ནས་རྣམ་ཤེས་དེ་རྒྱ་མཚོའི་ཉ་དོལ་ལ་འཁྲིས་པ་ལྟར་རིམ་གྱིས་སོང་པ་དེ་ཁོ་ན་མིང་གཟུགས་ཕྲད་ཅེས་བྱའོ། །ཞེས་གསུངས་པ་ནི་སྤྱིར་དེ་ལྟར་ཡིན་གྱིས་ཀྱང་མ་རིག་པ་དང་འདུ་བྱེད་བར་དོ་ནས་རྩི་བ་ནི་མི་རིགས་ཏེ། དེ་ལྟར་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གཅིག་ལ་རྫོགས་པར་འགྱུར་ལ་དེ་འདོད་ན་ཚེ་གསུམ་ལ་རྫོགས་པ་ཉམས་སོ། །གཞན་ཡང་སྔ་མའི་སྲེད་ལེན་ལ་འདིའི་མ་རིག་པར་བཏགས་པར་འདོད་པ་ཡང་ཉམས་སོ། དེས་ན་མ་རིག་པ་ནི་ལས་ཀུན་ནས་སློང་པའི་རྐྱེན་ཡིན་ལ། འདུ་བྱེད་ནི་ལས་ནུས་པ་ཐོགས་མེད་རྒྱུ་ཡིན་ནོ། །

    འཕངས་པའི་ཡན་ལག་ནི། མིང་དང་གཟུགས་ལས་སོགས་པ་འདིའི་ཉེས་དམིགས་ཡིན་ནོ། །སྲེད་ལེན་སྲིད་པ་གསུམ་མངོན་པར་འགྲུབ་པའི་ཡན་ལག་ཡིན་ཏེ། གང་ལ་བརྟེན་ཏེ་འགྲུབ་ན་སྲེད་པ་ལ་བརྟེན་ཏེ་འགྲུབ། གང་གིས་ན་ལེན་པ་ལས་སོག་པའི་རྒྱུ་ནུས་པ་ཐོགས་མེད་དུ་འགྲུབ་ཅིང་། གང་འགྲུབ་ན་སྲིད་པས་ཚེ་ཕྱི་མ་འཕེན་ནས་རྒྱུ་ནུས་པ་ཐོགས་མེད་འགྲུབ་པ་ཡིན་ནོ། །སྐྱེ་བ་དང་རྒ་ཤི་མངོན་པར་གྲུབ་པའི་ཡན་ལག་ཡིན་ཏེ་ཚེ་འདིའི་སྲེད་ལེན་སྲིད་པ་གསུམ་ལ་བརྟེན་ནས་ཕྱི་མའི་སྐྱེ་བ་དང་དེ་དག་གི་རྒྱུན་གཞན་དུ་གྱུར་པའི་རྒ་ཤི་འགྲུབ་པ་ཡིན་ནོ། །གཉིས་པ་ཚེ་གསུམ་དུ་བསྡུ་བ་ནི། རྒྱུ་དྲུག་འབྲས་བུ་དྲུག་ཏུ་འདོད་པ་ལྟར་ན་མ་རིག་པ་དང་འདུ་བྱེད་རྣམ་པར་ཤེས་པ་གསུམ་སྔ་མའི་ཚེ་ལ་ཡོད་པ་ཡིན་ལ། མིང་དང་གཟུགས་ལས་སོགས་པ་བདུན་འདི་ལ་ཡོད་ཅིང་། སྐྱེ་བ་དང་རྒ་ཤི་ཕྱི་མ་ལ་ཡོད་པ་ཡིན་ནོ། །རྒྱུ་ལྔ་འབྲས་བུ་བདུན་དུ་འདོད་པ་ལྟར་ན་མ་རིག་པ་དང་འདུ་བྱེད་ཚེ་སྔ་མ་ལ་ཡོད་ཅིང་རྣམ་ཤེས་ལས་སོགས་བརྒྱད་འདི་ལ་ཡོད་པ་ཡིན་ནོ། །དེ་དག་མི་འགལ་བ་ནི་བཤད་ཟིན་ཏོ། །

     གསུམ་པ་དུམ་བུ་གསུམ་དུ་བསྡུ་བ་ནི་དང་པོ་བརྒྱད་དང་དགུ་ཉོན་མོངས། གཉིས་དང་[པ]བཅུ་པ་ལས་ཡིན་ཏེ། ལྷག་མ་བདུན་ནི་སྡུག་བསྔལ་ཡིན་ཅེས་བྱ་སྟེ། དང་པོ་མ་རིག་པ་བརྒྱད་པ་དང་དགུ་པ་སྲེད་ལེན་གསུམ་ཉོན་མོངས་པའི་དུམ་བུར་བསྡུ་བ་སྟེ། དེ་ཡང་མ་རིག་པ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་ཡིན་ལ་སྲེད་ལེན་འདོད་ཆགས་ཡིན་པའམ་དུག་གསུམ་ཡིན་པས་ཉོན་མོངས་པའི་དུམ་བུར་བཞག་པའོ། །གཉིས་པ་འདུ་བྱེད་བཅུ་པ་སྲིད་པ་ལས་ཀྱི་དུམ་བུར་བསྡུ་སྟེ་དེ་ཡང་སྔ་མའི་འདུ་བྱེད་ཀྱི་ལས་ནུས་པ་ཐོགས་མེད་ཀྱིས་འདི་གྲུབ་ལ་འདིའི་སྲིད་པའི་ལས་ནུས་པ་ཐོགས་མེད་ཀྱིས་ཕྱི་མ་འགྲུབ་པས་ལས་ཀྱི་དུམ་བུར་བཞག་པ་ཡིན་ནོ། །ལྷག་མ་བདུན་ནི་རྣམ་ཤེས་ལས་སོགས་པ་ཡིན་ཏེ་རྣམ་ཤེས་ནས་ཚོར་བ་ཡན་ཆད་ལྔས་འདིའི་སྡུག་བསྔལ་སྤྱོད་པར་ཤས་ཆེ་ལ། སྐྱེ་བ་དང་རྒ་ཤི་ལ་བརྟེན་ནས་ཕྱི་མའི་སྡུག་བསྔལ་སྤྱོད་པ་ཤས་ཆེ་བས་སྡུག་བསྔལ་གྱི་དུམ་བུར་བཞག་པའོ། །

    གསུམ་པ་ས་མཚུངས་པ་དང་མི་མཚུངས་པའི་བྱེ་བྲག་ལ་གཉིས་ཏེ། ས་མཚུངས་མི་མཚུངས་ཀྱི་ཚུལ་རྣམ་པར་གཞག་པ་དང་། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི་གལ་ཏེ་ས་མཚུངས་པའི་གོ་བ་ཉིད་གང་ཞེ་ན། གང་དུ་སྐྱེ་བར་འགྱུར་པའི་སར་གཏོགས་ཏེ་སྐྱེ་སེམས་དང་ཚོགས་པ་གཅིག་གིས་བསྡུས་ནས་མཚུངས་ཤིང་། དེ་ལས་གཞན་ལ་ལ་སྐྱེ་སེམས་དང་ཚོགས་པ་གཅིག་གིས་བསྡུས་པ་ལ་ལ་འཆི་སེམས་དང་ཚོགས་པ་གཅིག་གིས་བསྡུས་པ་ནི་ས་མི་མཚུངས་པ་ཡིན་ནོ། །དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་མིང་དང་གཟུགས་ལས་སོགས་པ་དྲུག་ནི་འབྲས་བུའི་ཡན་ལག་ཡིན་པས་གང་དུ་སྐྱེ་བར་འགྱུར་པའི་ས་རུ་གཏོགས་ཏེ་དེ་ཚོ་ལ་ལ་ས་གར་གཏོགས་ལུང་ལུང་ས་གང་དུ་གཏོགས་པ་མི་སྲིད་དེ་དཔེར་ན་རྒྱུའི་དངོས་པོ་གཅིག་གིས་འབྲས་བུའི་དངོས་པོ་གཅིག་སྐྱེད་པ་ལ་ཆ་ཤས་ཀྱི་བསྐྱེད་བྱ་སྐྱེད་བྱེད་མི་སྲིད་པ་བཞིན་ནོ། །སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་ཀྱི་ལས་དང་ཉོན་མོངས་པ་ཡིན་པས་འཁམས་དང་ས་གཞན་དུ་གཏོགས་པའི་ལས་དང་ཉོན་མོངས་པས་འཁམས་དང་ས་གཞན་དུ་འབྲས་བུ་འགྲུབ་མི་སྲིད་པའི་ཕྱིར་རོ། །ཡང་ན་ཚེ་འདི་ཉིད་ལ་ཡོད་པའི་ཕྱིར་རོ། །འདུ་བྱེད་དང་རྣམ་ཤེས་ནི་འཕེན་པའི་ཡན་ལག་ཡིན་པའི་ཕྱིར་ན་འཕེན་བྱེད་ཀྱི་ལས་ནི་ཁམས་དང་ས་གང་ན་ཡང་གཡོ་བ་མི་སྲིད་པས་གང་དུ་སྐྱེ་བར་འགྱུར་བའི་སར་གཏོགས་སོ། །སྐྱེ་བ་དང་རྒ་ཤི་ཚེ་ཕྱི་མ་ལ་རྩི་བ་ཡིན་གྱིས་ཀྱང་འབྲས་བུ་མིང་གཟུགས་ལས་སོགས་ལ་བཏགས་པ་ཡིན་པས་ཀྱང་ས་མཚུངས་པ་ཡིན་ལ་མ་རིག་པ་ལ་ནི་བྱེ་བྲག་ཡོད་སྟེ། དེ་ཡང་སྐྱེ་བ་རྣམ་པ་དགུ་ལ་བརྟེན་ཏེ་བརྩི་བར་བྱ་སྟེ། འདོད་པའི་རང་ས་ནས་ཤི་ནས་རང་སར་སྐྱེ་བ་དང་། འཁམས་གོང་མ་གཉིས་ནས་འདོད་པར་སྐྱེ་བ་དང་། དེ་བཞིན་གཟུགས་འཁམས་རང་ས་ནས་ཤི་ནས་རང་སར་སྐྱེ་བ་དང་། འཁམས་གོང་འོག་གཉིས་ནས་གཟུགས་འཁམས་སུ་སྐྱེ་བ་དང་། གཟུགས་མེད་རང་ས་ནས་རང་སར་སྐྱེ་བ་དང་། འཁམས་འོག་མ་གཉིས་ནས་ཤི་ནས་གཟུགས་མེད་དུ་སྐྱེ་བ་གསུམ་སྟེ་དགུའོ། །དེ་ལྟར་དགུ་ལ་འདོད་པའི་འཁམས་སུ་སྐྱེ་བ་གསུམ་ནི་འཁམས་གང་ནས་ཤི་འཕོས་ནས་སྐྱེ་ཡང་རུང་སྟེ་མ་རིག་པ་ས་མཚུངས་པ་ཁོ་ན་སྟེ་མ་རིག་པ་འདོད་པའི་མ་རིག་པས་བཏུབ་པའི་ཕྱིར་རོ། །འཁམས་གོང་མ་གཉིས་དང་སྐྱེ་བ་དྲུག་ནི་མ་རིག་པ་ས་མི་མཚུངས་པ་ཡིན་ཏེ། སྔ་མ་ལྟར་དེ་ལ་གསུམ་ལས་འདོད་པ་ནས་ཤི་ནས་བསམ་གཏན་དང་པོར་སྐྱེ་བ་ན་མ་རིག་པ་ས་མི་མཚུངས་ཏེ། འདོད་པའི་འཁམས་ནས་བསམ་གཏན་དང་པོར་སྐྱེ་བ་འཕེན་པར་བྱེད་པ་ནི་མི་གཡོ་བའི་འདུ་བྱེད་བར་ཆད་མེད་པའི་ལམ་གསུམ་འཁོར་དང་བཅས་པ་ཡིན་ལ་དེའི་སྔོན་དུ་ལས་དེ་ཀུན་ནས་སློང་པའི་མ་རིག་པ་གཅིག་དགོས་ལ་དེ་འདོད་པའི་མ་རིག་པ་ལ་བསམ་གཏན་དང་པོའི་མ་རིག་པར་མི་འཐད་པའི་ཕྱིར་རོ། །དེ་ཅིས་ཞེ་ན་འོག་མ་ལས་འདོད་ཆགས་དང་མ་བྲལ་བའི་རྟེན་ལ་གོང་མའི་ཉོན་མོངས་པ་མངོན་དུ་གྱུར་པ་སྐྱེ་མི་སྲིད་པའི་ཕྱིར་རོ། །དེ་ལས་འདོད་ཆགས་དང་བྲལ་ནས་སྐྱེའོ་ཞེ་ན། འདོད་ཆགས་དང་བྲལ་བའི་རྟེན་ལ་བར་ཆད་མེད་པའི་ལམ་གསུམ་པོ་དེ་དགོས་པ་མེད་དེ་མངོན་དུ་མི་བྱེད་པའི་ཕྱིར་རོ། །དེ་མི་བྱེད་ཀྱང་གོང་མར་སྐྱེ་བ་འཕེན་པའི་ལམ་གཞན་ཞིག་མངོན་དུ་བྱེད་དོ་ཞེ་ན། གོང་མར་སྐྱེ་བ་འཕེན་པའི་ལམ་ཡང་བར་ཆད་མེད་པའི་ལམ་གསུམ་པོ་དེ་ཁོ་ན་ཡིན་པའི་ཕྱིར་རོ། །སྲིད་རྩེའི་བར་དུ་ཡང་དེ་བཞིན་ནོ། །གལ་ཏེ་བསམ་གཏན་དང་པོའི་མ་རིག་པ་བག་ལ་ཉལ་གྱིས་ལས་ཀུན་ནས་སློང་ངོ་ཞེ་ན་བསམ་གཏན་དང་པོའི་མ་རིག་པ་བག་ལ་ཉལ་ཡང་འདུ་བྱེད་ཀྱི་རྒྱུ་ཉིད་དུ་བརྟག་པར་མི་ནུས་ཏེ་བག་ལ་ཉལ་ནི་ས་བོན་ཡིན་པའི་ཕྱིར་ཧ་ཅང་ཐལ་པར་འགྱུར་རོ། །

འདོད་པའི་འཁམས་ནས་བསམ་གཏན་གཉིས་པར་སྐྱེ་བ་ན་ཡང་མ་རིག་པ་འདོད་པའི་མ་རིག་པ་ཡིན་གྱི་གཉིས་པའི་མ་རིག་པ་མ་ཡིན་ཏེ་དང་པོ་ལས་འདོད་ཆགས་དང་མ་བྲལ་བར་གཉིས་པའི་ཉོན་མོངས་པ་མངོན་དུ་མི་འགྱུར་བ་ལས་སོགས་སྔ་མ་བཞིན་ནོ། །ཁ་ཅིག་གིས་དང་པོའི་མ་རིག་པ་ཡིན་ཡང་སྲིད་དོ་ཞེས་ཟེར་བ་ཡང་མ་ཡིན་ཏེ་དང་པོར་མ་སྐྱེས་པའི་ཕྱིར་མ་རིག་པ་ཡིན་པར་མི་རིགས་སོ། །ཡང་བསམ་གཏན་དང་པོ་ནས་ཤི་ནས་གཉིས་པར་སྐྱེ་བའི་མ་རིག་པ་ས་གར་གཏོགས་ཞེ་ན་བསམ་གཏན་དང་པོར་གཏོགས་ཀྱང་སྲིད། འདོད་པའི་ཁམས་སུ་གཏོགས་ཀྱང་སྲིད་སྟེ། སྔོན་འདོད་པའི་ཁམས་སུ་སྐྱེས་ནས་མྱོང་པར་འགྱུར་བའི་ལས་དང་པོར་བསགས་ལན་གྲངས་གཞན་ལ་མྱོང་པར་འགྱུར་པའི་ལས་གཉིས་པར་བསགས་པ་ན་དེའི་སྔོན་དུ་འདོད་པའི་མ་རིག་པ་སོང་པའི་ཕྱིར་རོ། །དང་པོ་རང་དུ་གཉིས་པར་སྐྱེ་འགྱུར་གྱི་ལས་བསགས་ན་དང་པོར་གཏོགས་པ་ཡིན་ནོ། །གལ་ཏེ་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་ཏེ་གཉིས་པའི་དངོས་གཞི་ཐོབ་པ་ལས་ཉམས་སམ་མ་ཉམས། མ་ཉམས་ན་དང་པོར་སྐྱེ་བ་ལས་གཉིས་པར་སྐྱེ་བ་མི་འཐད་ལ། ཉམས་ན་ལས་གསར་དུ་པ་གཞི་ནས་སོག་དགོས་པས་མ་རིག་པ་འདོད་པའི་མ་རིག་པར་མི་འཐད་དོ་ཞེ་ན། མ་ཡིན་ཏེ་མངོན་གྱུར་ལས་ཉམས་ཤིང་བག་ཆགས་ལས་མ་ཉམས་པས་ཉེས་པ་གང་ཡང་མེད་པར་སེམས་སོ། །རང་གི་ས་ནས་རང་གི་སར་སྐྱེ་བ་ཐམས་ཅད་ཀྱང་མ་རིག་པ་དང་ས་མི་མཚུངས་ཏེ་སྔོན་འདོད་པའི་ཁམས་སུ་ལས་གཅིག་གིས་ལུས་དུ་མ་འཕེན་པའམ་ལས་དུ་མས་ལུས་དུ་མ་འཕེན་པའི་ལས་མ་བསགས་པར་དེར་སྐྱེ་བ་འཕེན་པའི་ལས་གསར་པ་བསག་ཏུ་མི་བཏུབ་པའི་ཕྱིར་རོ། །འདི་ལྟར་དེར་སྐྱེ་བ་འཕེན་པར་བྱེད་པའི་ལས་ནི་འོག་མ་ལ་རགས་པ་གོང་མ་ལ་ཞི་བར་སྒོམ་པར་བྱེད་པ་ཡིན་ལ། དེར་ཞི་རགས་སུ་བསྒོམ་དུ་མི་བཏུབ་སྟེ་བསམ་གཏན་དང་པོ་དེ་ཉིད་ཞི་རགས་གཉིས་སུ་འགལ་ལ། དང་པོ་ལ་ཞི་བ་འདོད་པ་ལ་རགས་པ་བསྒོམ་པ་ནི་དོན་མེད་སྟེ། དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དང་པོ་ལ་རགས་པ་གཉིས་པ་ལ་ཞི་བ་བསྒོམ་པ་ནི་དང་པོར་སྐྱེ་བ་འཕེན་པའི་ལས་སུ་མི་འཐད་པའི་ཕྱིར་རོ། །གོང་མ་ནས་འོག་མར་སྐྱེ་བ་ལ་ཡང་ཅི་ཡང་མེད་པའི་སྐྱེ་མཆེད་ནས་བསམ་གཏན་དང་པོར་སྐྱེ་བའི་བར་དུ་མ་རིག་པ་ས་མི་མཚུངས་ཏེ། གཉིས་པ་ནས་དང་པོར་སྐྱེ་བ་ལ་ཡང་འདུ་བྱེད་གསར་པ་གཞན་བསྐྱེད་མི་དགོས་ཏེ་གཉིས་པ་ཐོབ་པ་ལས་ནི་ཉམས་ལ་སྔོན་གྱི་བར་ཆད་མེད་པའི་ལམ་གསུམ་པོ་དེས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་སྔོན་གྱི་ལས་རྙིང་པ་སད་པས་དེར་སྐྱེ་བ་ཡིན་ལ་འདུ་བྱེད་དེའི་སྔོན་དུ་འདོད་པའི་མ་རིག་པ་དང་ས་མི་མཚུངས་སོ། །

དེ་ལ་རྩོད་པ་ནི་ལྔ་སྟེ། འདུ་བྱེད་ས་མི་མཚུངས་པར་ཐལ་བ་སྤང་པ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་མི་རྫོགས་པར་ཐལ་པ་སྤང་པ་དང་། སྐྱེ་བ་དང་རྒ་ཤི་ས་མི་མཚུངས་པར་ཐལ་པ་སྤང་པ་དང་། འདོད་པ་ནས་འདོད་པར་སྐྱེ་བ་ན་མ་རིག་པ་ས་མི་མཚུངས་པར་ཐལ་པ་སྤང་པ་དང་། བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བ་ན་མ་རིག་པ་ས་མི་མཚུངས་པ་ཐལ་བ་སྤང་པའོ། །དང་པོ་ནི། མ་རིག་པ་ཚེ་སྔ་མ་ན་ཡོད་པས་ས་མི་མཚུངས་པ་ལྟར་འདུ་བྱེད་ཀྱང་ས་མི་མཚུངས་པར་འགྱུར་ཏེ་ཚེ་སྔ་མ་ན་ཡོད་པར་མཚུངས་པའི་ཕྱིར་རོ་ཞེ་ན། འདིའི་ལན་ནི་འདིར་གཉིས་ཚེ་སྔ་མ་ཡོད་པར་འདྲ་ཡང་མ་རིག་པ་ནི་རྐྱེན་ཡིན་པས་དེ་ལ་རྐྱེན་གྱིས་གགས་བྱ་བར་ནུས་པས་ས་མི་མཚུངས་པར་ཞག་ཏུ་རུང་ཞིང་། འདུ་བྱེད་ནི་རྒྱུ་ནུས་པ་ཐོགས་མེད་ཡིན་པས་དེ་ལ་རྐྱེན་གྱིས་གགས་བྱ་བར་མི་ནུས་པས་ས་མཚུངས་པར་བཞག་པ་ཡིན་ནོ། །

     གཉིས་པ་ནི། གལ་ཏེ་གཟུགས་ནས་གཟུགས་སུ་སྐྱེ་བ་ན་མ་རིག་པ་འདོད་པའི་ཁམས་པ་ཡིན་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་མི་རྫོགས་པར་འགྱུར་ལ་དེར་འདོད་ན་སྔར་ཚེ་གསུམ་ལ་རྫོགས་པའི་གྲངས་ངེས་ཉམས་སོ་ཞེ་ན། ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་པར་བསྟན་པ་ནི་འདོད་པར་སྐྱེ་བ་ལ་དགོངས་པ་འམ་སྐྱེས་ནས་མྱོང་འགྱུར་གྱི་ལས་སོག་པ་ལ་ལྟོས་ཏེ་བཤད་པ་ཡིན་ནོ། །གསུམ་པ་ནི། སྐྱེ་བ་དང་རྒ་ཤི་ས་མི་མཚུངས་པར་འགྱུར་ཏེ་ཚེ་ཕྱི་མ་ན་ཡོད་པའི་ཕྱིར་རོ་ཞེ་ན། འདིའི་ལན་ནི་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་པ་ལ་ལྟོས་ནས་ཕྱི་མ་ལ་བརྩིས་ཀྱང་ཚེ་དབུ་མ་འདི་ལ་ཡང་སྐྱེ་བ་རྒ་ཤི་ཡོད་པས་ས་མཚུངས་པར་བཞག་གོ། །

     བཞི་པ་ནི། དམྱལ་བ་ནས་མིར་སྐྱེས་ན་ཡང་མ་རིག་པ་ས་མི་མཚུངས་པར་འགྱུར་ཏེ་ས་ཐ་དད་དུ་གསུངས་པས་སོ། །དེ་འདོད་ན་སྔར་འདོད་པར་སྐྱེ་བ་ཐམས་ཅད་ས་མཚུངས་པ་ཉམས་སོ་ཞེ་ན། ས་མཚུངས་པ་ནི་འདོད་པ་ས་གཅིག་ཏུ་བཞག་པ་ལ་ལྟོས་ཏེ་བརྩིས་པ་ཡིན་པས་ཉེས་པ་མེད་དོ། །ལྔ་པ་ནི། བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བ་ན་མ་རིག་པ་བསམ་གཏན་དང་པོའི་ཡིན་ནམ། འདོད་པའི་ཡིན། དང་པོ་ལྟར་ན། འདོད་པར་སྐྱེ་བ་ཐམས་ཅད་ས་མཚུངས་པ་ཉམས་ལ། གཉིས་པ་ལྟར་ན་འོག་མ་ལས་འདོད་ཆགས་དང་བྲལ་བའི་རྟེན་ལ་འོག་མའི་ཉོན་མོངས་པ་མངོན་དུ་འགྱུར་བར་ཐལ་ལོ་ཞེ་ན། མ་རིག་པ་འདོད་པའི་ཡིན་ཀྱང་ཉེས་པ་མེད་དེ། འོག་མ་ལས་འདོད་ཆགས་དང་བྲལ་བའི་རྟེན་གོང་མ་ལ་འོག་མའི་ཉོན་མོངས་པ་མངོན་དུ་མི་འགྱུར་བར་གསུངས་པ་ནི་མ་ཉམས་པའི་རྟེན་ལ་རྒོངས་ཤིང། འདིར་དང་པོ་ལས་ཉམས་པ་ཞིག་འདོད་པར་སྐྱེ་བ་ཡིན་ནོ། །”ཞེས་པ་ལྟར་རོ། །

༼༧༽ཕུང་པོ་ལྔའི་གོ་རིམ་སྐོར།<<མཛོད་ཏྲིག་>>ལས། “གཉིས་པ་རང་ལན་ནི། སྤྱིར་གྲངས་ངེས་པ་ལ་གཉིས་ཡོད་པ་ལས་མཐའ་ཆོད་པའི་གྲངས་ངེས་པ་ནི་ཡོད་པ་མ་ཡིན་ཀྱང་ལྟོས་ས་ལ་ལྟོས་པའི་ངེས་པ་ནི་ཡོད་པ་ཡིན་ཏེ། འདི་ལྟར་མུ་སྟེགས་རྟག་པར་འཛིན་པའི་ལོག་རྟོག་ལྔ་ཟློག་པ་ལ་ལྟོས་ནས་འཁྲུལ་གཞི་ཕུང་པོ་ལྔ་ཁོ་ནར་ངེས་པ་སྟེ། མུ་སྟེགས་རྟག་པར་འཛིན་པ་གང་ཞིག་གིས་རྣམ་པར་ཤེས་པའི་ཕུང་པོ་ལ་བྱེད་པའི་སྐྱེས་བུ་བདག་རྟག་པ་ཁོ་ནར་བཟུང་ནས་ཕུང་པོ་ལྷག་མ་བཞི་ལ་བདག་གི་བར་འཛིན་ཏེ། གཟུགས་ཀྱི་ཕུང་པོ་ནི་བདག་རྟག་པའི་རྟེན་དུ་དང་། ཚོོར་བའི་ཕུང་པོ་ནི་བདག་རྟག་པའི་ལོངས་སྤྱོད་དུ་དང་། འདུ་ཤེས་ཀྱི་ཕུང་པོ་ནི་བདག་རྟག་པའི་ཐ་སྙད་དུ་དང་། འདུ་བྱེད་ཀྱི་ཕུང་པོ་ནི་བདག་རྟག་པའི་བྱ་བྱེད་དུ་འཛིན་ཅིང་ལོག་པར་རྟོག་པ་ལ་འཁྲུལ་གཞི་ཕུང་པོ་ལྔ་བསྟན་པས། བདག་གི་རང་བཞིན་རྟག་པ་གཅིག་པུ་དང་། ཕུང་པོ་ལྔའི་རང་བཞིན་མི་རྟག་པ་དང་དུ་མ་དངོས་སུ་འགལ་བས་ལོག་པར་རྟོག་པ་ཟློགས་པས་ལྔར་ངེས་པ་ཡིན་ཏེ། ཐག་པ་ཁྲ་བོ་ལྔ་ལས་སྦྲུལ་ལྔར་འཁྲུལ་པ་ཟློག་པ་ལ་འཁྲུལ་གཞི་ཐག་པ་ལྔ་བསྟན་དགོས་པ་བཞིན་ནོ། །”ཞེས་པ་ལྟར་རོ། །

༼༨༽དུས་དང་རྣམ་པ་དམིགས་པ་མཚུངས་མིན་སྐོར་གྱི་རྩོད་སྤོང་ནི་<<མཛོད་ཏྲིག་>>ལས། “དུས་མཚུངས་པ་ལ་རྩོད་པ་སྤང་པ་དང་། དམིགས་པ་མཚུངས་པ་ལ་རྩོད་པ་སྤང་པ་དང་། རྣམ་པ་མཚུངས་པ་ལ་རྩོད་པ་སྤང་པ་དང་། ཚད་མའི་ཤེས་པ་ལ་མ་ཁྱབ་པ་སྤང་པའོ། །དང་པོ་ནི་རེག་པ་ལས་སོགས་པ་དེ་སེམས་ལས་བྱུང་པའི་ཕྱིར་དེ་ལས་བྱུང་པའི་འབྲེལ་པ་ཡོད་པར་ཐལ་ལ། དེ་འདོད་ན་དུས་མི་མཚུངས་པར་འགྱུར་བས་སྔར་དུས་མཚུངས་པ་ཉམས་སོ་ཞེ་ན། ཁ་ཅིག་ན་རེ། སྐད་ཙམ་ལ་དུས་མི་མཚུངས་པར་འགྱུར་བ་ནི་འདོད་པ་ཡིན་ལ། སྐད་ཅིག་ལ་དུས་མི་མཚུངས་པར་འགྱུར་བ་ནི་ཁྱབ་པ་མ་གྲུབ་པ་ཡིན་ནོ་ཟེར་རོ། །ཡང་ན་སྐད་ཅིག་ལ་ལྟོས་ནས་དུས་མི་མཚུངས་པས་སེམས་བྱུང་དུ་འཐད་ལ་འོན་ཀྱང་སོ་སོ་སྐྱེ་བོ་ལ་སྐད་ཅིག་མངོན་སུམ་ཚད་མར་མ་གྲུབ་པས་རྒྱུ་འབྲས་དུས་མཉམ་པར་སྣང་པ་ནི་མི་འགལ་སྟེ་ཉི་མ་དང་འོད་ཟེར་བཞིན་ནོ། །ཇི་སྐད་དུ། སེམས་ལས་བྱུང་པ་མེད་པའི་སེམས་ནི་ནམ་ཡང་མི་འབྱུང་སྟེ། ཉི་མ་དང་ནི་འོད་ཟེར་བཞིན། དེ་དག་ཉིད་དང་ལྷན་ཅིག་འབྱུང་ཞེས་པས་སོ། །གཉིས་པ་ནི་དོན་དང་དོན་གྱི་ཁྱད་པར་གཅིག་གམ་ཐ་དད། དང་པོ་ལྟར་ན་སེམས་དང་སེམས་བྱུང་ཁྱད་པར་མེད་པར་འགྱུར་ལ། གཉིས་པ་ལྟར་ན་དམིགས་པ་མི་འཚུངས་པར་འགྱུར་རོ་ཞེ་ན། འདིའི་ལན་ནི་དོན་དང་དོན་གྱི་ཁྱད་པར་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པ་ནི་བློས་ཐ་དད་དུ་སྒྲོ་བཏགས་པས་ཉེས་པ་གང་ཡང་མེད་པ་ཡིན་ནོ། །གསུམ་པ་ནི་གལ་ཏེ་སེམས་ཀྱིས་དོན་གྱི་ཁྱད་པར་འཛིན་ནམ་མི་འཛིན། དང་པོ་ལྟར་ན་སེམས་དང་སེམས་བྱུང་ཁྱད་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་རྣམ་པ་མི་མཚུངས་པར་འགྱུར་རོ་ཞེ་ན། སེམས་ཀྱིས་དོན་གྱི་ཁྱད་པར་མི་འཛིན་སེམས་འབྱུང་གིས་དོན་ཙམ་མི་འཛིན་ཀྱང་སྔོ་རྣམ་འཛིན་པ་ཙམ་དུ་མཚུངས་པས་རྣམ་པ་མཚུངས་པར་བཤད་པ་ཡིན་ནོ། །”ཞེས་པ་ལྟར་རོ། །

༼༩༽འདིར་གཙོ་བོ་སེམས་ཀྱི་འཁོར་དུ་སེམས་འབྱུང་ཇི་ཙམ་འབྱུང་མིན་ཐད་བོན་སྔ་རབས་པའི་ལུགས་ཀྱི་དམིགས་བསལ་གྱི་བརྡ་ཆད་དང་བཞེད་མཚམས་ཤིག་གི་སྐོར་<<མཛོད་ཏྲིག་>>ལས། “རྣམ་པར་ཤེས་པ་གང་གི་འཁོར་དུ་སེམས་བྱུང་གང་འབྱུང་པ་དང་མི་འབྱུང་པའི་བྱེ་བྲག་ནི། རྣམ་ཤེས་ཚོགས་བརྒྱད་ཀྱང་སྡེ་ཚན་བཞིར་འདུ་སྟེ། ཀུན་གཞི་དང་ཉོན་མོངས་ཡིད་དང་། ཡིད་དང་། སྒོ་ལྔའི་རྣམ་པར་ཤེས་པའོ། །དེ་ལ་ཀུན་གཞིའི་རྣམ་ཤེས་ཀྱི་འཁོར་དུ་ནི་ཀུན་འགྲོ་ལྔ་ཁོ་ན་འབྱུང་གི་གཞན་གང་ཀྱང་མི་འབྱུང་སྟེ། ཀུན་འགྲོ་ནི་ཁམས་དང་ས་དང་སེམས་དང་གྲོགས། གནས་སྐབས་ཀུན་དུ་འབྱུང་པའི་ཕྱིར་འགྲོ་ལ། ལྷག་མ་མི་འབྱུང་པའི་རྒྱུ་མཚན་ནི་ཡུལ་སོ་སོར་ངེས་པ་ལྔ་ནི་ཡུལ་བྱེ་བྲག་པ་ལ་དམིགས་པ་དང་། དམིགས་རྣམ་གསལ་བ་ཡིན་ལ། ཀུན་གཞི་ནི་དམིགས་པ་རྒྱ་མ་ཆད་པ་དང་དམིགས་རྣམ་ཡང་མི་གསལ་བས་དམིགས་རྣམ་འགལ་བས་མི་འབྱུང་ལ། བཅུ་གཅིག་དགེ་བ་དང་ཀུན་གཞི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ངོ་བོ་འགལ་བས་མི་འབྱུང་ཅིང་། དྲུག་རྩ་བའི་ཉོན་མོངས་དང་ཉི་ཤུ་ཉེ་བའི་ཉོན་མོངས་ཀྱི་ངོ་བོ་འགལ་བས་མི་འབྱུང་ལ། གཞན་འགྱུར་ནི་དེ་དག་གི་གདགས་གཞི་ཡང་མི་འབྱུང་པ། དེ་དག་བཞི་ཀ་མི་འབྱུང་པ་ཡིན་ནོ། །རྩོ་བོ་ཉོན་མོངས་ཡིད་ཀྱི་འཁོར་དུ་ནི་རྩ་བའི་འཁོར་དགུ་རྣམ་གྲངས་ཀྱི་འཁོར་བདུན་འབྱུང་སྟེ། ཀུན་འགྲོ་ལྔ་མ་རིག་པ་དང་བདག་ཏུ་ལྟ་བ་དང་འདོད་ཆགས་དང་ང་རྒྱལ་དང་དགུ་ནི་གཞན་གྱིས་མ་དྲངས་པར་འབྱུང་པས་རྩ་བའི་འཁོར་ཞེས་བྱ་ལ། ཤེས་པ་དང་ནོན་རྨིས་དང་རྒོད་པ་དང་མ་དད་ལེ་ལོ་དང་བག་མེད་པ་དང་རྣམ་པར་གཡེངས་པ་བདུན་ནི་གཞན་གྱིས་དྲངས་པའི་སྟོབས་ཀྱིས་འབྱུང་པས་རྣམ་གྲངས་ཀྱི་འཁོར་ཞེས་བྱའོ། །དེ་རྣམས་ཀྱང་ཀུན་འགྲོ་ནི་ཀུན་འགྲོ་ཡིན་པའི་རྒྱུ་མཚན་གྱིས་འབྱུང་། མ་རིག་པ་ལས་སོགས་བཞི་ནི་ཉོན་མོངས་ཡིད་ཀྱི་དམིགས་པ་ཕྱིན་ཅི་ལོག་ཏུ་བྱེད་པས་འབྱུང་། ཤེས་པ་ནི་བཏགས་པ་ལྟ་བ་འབྱུང་པས་གདགས་གཞི་ཡང་འབྱུང་། ནོན་རྨིས་ལས་སོགས་དྲུག་གདགས་གཏི་མུག་དང་འདོད་ཆགས་འབྱུང་པས་འབྱུང་ལ། ཡང་ན་ཉོན་མོངས་པའི་ས་མང་པོར་བར་བཤད་པས་འབྱུང་ངོ་། །རྩོ་བོ་སྒོ་ལྔའི་རྣམ་པར་ཤེས་པ་ལ་བླ་མ་ན་རེ་སྐྱེས་ལ་མ་རེག་པའི་སྒོ་ལྔའི་རྣམ་པར་ཤེས་པའི་འཁོར་དུ་ཀུན་འགྲོ་ལྔ་འབྱུང་ཞིང་། རྐྱེན་ཡུལ་གྱིས་བསླང་པའི་སྒོ་ལྔ་དགེ་བའི་འཁོར་དུ་ཉེར་ལྔ་མི་དགེ་བའི་འཁོར་དུ་བཞི་བཅུ་ལུང་མ་བསྟན་གྱི་འཁོར་དུ་བཅུ་བཞི་འབྱུང་ངོ་ཞེས་པ་ནི་མི་རིགས་ཏེ། སྐྱེས་པའི་ཕྱིར་མ་རེག་པར་འགལ་བས་སོ། །དེས་ན་རྐྱེན་ཉེ་བར་གནས་པའི་སྒོ་ལྔའི་འཁོར་དུ་ནི་ཀུན་འགྲོ་ལྔ་མ་ཡིན་པ་གཞན་གང་ཡང་མི་འབྱུང་ལ། ཡིད་སྔོན་དུ་སོང་པའི་སྒོ་ལྔ་ནི་དགེ་བར་སྐྱེས་པའི་འཁོར་དུ་ནི་ཀུན་འགྲོ་ལྔ་ཡུལ་སོ་སོར་ངེས་པ་ལྔ། བཅུ་གཅིག་དགེ་བ་གཞན་འགྱུར་ལས་དགེ་བར་རྟོག་ཅིང་དཔྱོད་པ་གཉིས་ཏེ་ཉེར་གསུམ་འབྱུང་། འགྱོད་པ་ནི་འདས་པ་ཡུལ་དུ་བྱེད་པ་དང་། གཉིད་ནི་སྒོ་ལྔ་ནང་དུ་འདུ་བས་མི་འབྱུང་ངོ་། །མི་དགེ་བའི་འཁོར་དུ་ནི་ཀུན་འགྲོ་ལྔ། ཡུལ་སོ་སོར་ངེས་པ་ལྔ། དྲུག་རྩ་བའི་ཉོན་མོངས་ཉི་ཤུ་ཉེ་བའི་ཉོན་མོངས་དང་རྟོག་དཔྱོད་གཉིས་ཏེ་སོ་བརྒྱད་འབྱུང་། སྒོ་ལྔ་ལུང་མ་བསྟན་གྱི་འཁོར་དུ་ནི་ཀུན་འགྲོ་ལྔ། ཡུལ་སོ་སོར་ངེས་པ་ལྔ། རྟོག་དཔྱོད་གཉིས་ཏེ་བཅུ་གཉིས་འབྱུང་ངོ་། །རྩོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་ནི་དགེ་བའི་འཁོར་དུ་སྔ་མའི་སྟེང་དུ་འགྱོད་གཉིད་གཉིས་ཏེ་ཉེར་ལྔ་དང་། མི་དགེ་བའི་འཁོར་དུ་ཡང་སྔ་མ་ལྟར་བཞི་བཅུ་ཐམ་པ། ལུང་མ་བསྟན་གྱི་འཁོར་དུ་ནི་བཅུ་བཞི་འབྱུང་ངོ་། །”ཞེས་དང་། ཡང་“གལ་ཏེ་དྲན་པ་འདས་པ་ལ་དམིགས་ན་སྒོ་ལྔའི་འཁོར་དུ་འབྱུང་པར་འགལ་ཏེ། སྒོ་ལྔ་ད་ལྟ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། རྐྱེན་ཉེ་བར་གནས་པའི་སྒོ་ལྔ་ནི་ད་ལྟ་བ་ཁོ་ནའི་ཡུལ་ཅན་ཡིན་པས་དེའི་འཁོར་དུ་ནི་དྲན་པ་མི་འབྱུང་ལ། ཡིད་སྔོན་དུ་སོང་པའི་སྒོ་ལྔ་ནི་དུས་གསུམ་ཀའི་ཡུལ་ཅན་ཡིན་པས་འགལ་བར་མི་བསམ་མོ། །”ཞེས་པ་ལུང་འོག་མའི་རྩོད་སྤོང་དེས་མཁས་གྲུབ་ཁོང་གི་དགོངས་པ་ལྟར། ཡིད་སྔོན་སོང་དང་རྐྱེན་ཉེ་བར་གནས་པའི་འཁོར་གྱི་གོ་དོན་རགས་ཙམ་ངེས་རྟོགས་ནུས་ལ། གཞན་འ་ཞ་འགྲོ་མགོན་བླ་མའི་མཛོད་འགྲེལ་ལས་ཡིད་ཤེས་དང་སྒོ་ལྔའི་རྣམ་པར་ཤེས་པའི་འཁོར་དུ་ཡིད་སྔོན་སོང་དང་རྐྱེན་ཉེ་བར་གནས་པའི་འཁོར་གྱི་བརྡ་ཆད་བེད་སྤྱོད་བྱས་ཡོད་ཀྱང་།  འཁོར་འཇོག་སྟངས་ཐད་གོང་ལས་ལྡོག་ཕྱོགས་སུ་གྱུར་བ་དེ་ནི་ཕྱིས་སུ་ཡིག་བྲིས་པ་རྣམས་ཀྱིས་བྲིས་ནོར་ཤོར་བའམ། ཡང་ན་འགྲོ་མགོན་བླ་མའི་དགོངས་བཞེད་དེ་བཞིན་ཡིན་མིན་ཆ་མ་འཚལ་བས་སླར་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ། དེ་ནི་འདི་ལྟར་<<ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་>>ལས། “ཡིད་ཤེས་ལ་ཡིད་སྔོན་དུ་སོང་པ་དང་རྐྱེན་ཉེ་བར་གནས་པ་གཉིས་ལས། དང་པོ་ནི། འཁོར་དུ་དགེ་བ་བཅུ་མ་གཏོགས་པའི་བཞི་བཅུ་སྐྱེ་བ་ནི་དམིགས་པ་མ་ཆད་པས་དང་། ཡུལ་གཡེང་བས་དང་། དགེ་བ་ཁྱད་པར་དུ་མ་བྱས་པས་སོ། །གཉིས་པ་དགེ་མི་དགེ་ལུང་མ་བསྟན་གསུམ་ལས། དང་པོའི་འཁོར་དུ་ཀུན་འགྲོ་ཡུལ་ངེས་དགེ་བཅུ་གཞན་འགྱུར་བཞི་སྟེ་ཉེར་ལྔ་སྐྱེ་སྟེ། མི་དགེ་བ་མི་འབྱུང་བ་ནི་དགེ་བ་དང་འགལ་བས་སོ། །གཉིས་པ་ལ་ཀུན་འགྲོ་ཡུལ་ངེས་རྩ་བ་དྲུག་གམ་དུག་གསུམ་ཉེ་བའི་བཅུ་ཚན་འོག་མ་གཞན་འགྱུར་བཞི་སྐྱེ་སྟེ། དགེ་བ་མི་འབྱུང་བ་ནི་ཉོན་མོངས་དང་འགལ་བས་སོ། །གསུམ་པ་ཀུན་འགྲོ་ཡུལ་ངེས་གཞན་འགྱུར་བཅུ་བཞི་སྐྱེ་སྟེ། དགེ་བ་ཉོན་མོངས་མི་འབྱུང་བ་ནི་ལུང་མ་བསྟན་ཡིན་པས་སོ། །སྒོ་ལྔ་ལ་ཡིད་སྔོན་དུ་སོང་པ་དང་རྐྱེན་ཉེ་བར་གནས་པ་གཉིས་ལས། དང་པོ་ལ་ཀུན་འགྲོ་ལྔ་སྐྱེ་ལ། གཉིས་པ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ལས། དང་པོ་ལ། ཀུན་འགྲོ་ཡུལ་ངེས་དགེ་བཅུར་རྟོག་དཔྱོད་གཉིས་སྐྱེ་སྟེ། དེ་ལས་གཞན་ཉོན་མོངས་མི་འབྱུང་བ་ནི་དགེ་མི་དགེ་འགལ་བས་སོ། །གཉིས་པ་ལ་ཀུན་འགྲོ་ཡུལ་ངེས་རྩ་བ་དྲུག་གམ་དུག་གསུམ་ཉེ་བའི་བཅུ་ཚན་གོང་མའི་རྟོག་དཔྱོད་གཉིས་སྐྱེ་སྟེ། འགྱོད་གཉིད་གཉིས་དང་བཅུ་ཚན་འོག་མ་མི་འབྱུང་ནི་ཡིད་ཤེས་ཁོ་ནའི་འཁོར་ཡིན་པས་སོ། གསུམ་པ་ལ་ཀུན་འགྲོ་ཡུལ་ངེས་རྟོག་དཔྱོད་གཉིས་སྐྱེ་བ་སྟེ། དགེ་བ་ཉོན་མོངས་མི་འབྱུང་པ་དེ་དག་ལུང་མ་བསྟན་དུ་འགལ་བས་གཅིག་ཏུ་གྲངས་ངེས་སོ།།”[22]ཞེས་པ་ལྟར་རོ། །

༼༡༠༽གཙོ་བོ་སེམས་ཀྱི་འཁོར་དུ་མཚུངས་པ་ལྡན་པའི་ཀུན་འགྲོ་ལྔས་ཡུལ་ལ་འཇུག་ཚུལ་རིམ་པའི་སྐོར་ནི་<<མཛོད་ཏྲིག་>>ལས། “ཀུན་འགྲོ་ཡུལ་ལ་འཇུག་ཚུལ་ནི་དང་པོར་སེམས་དཔས་ཡུལ་ལ་སེམས་གཡོའ་བའམ་སྐུལ་བར་བྱེད་དོ། །ཡིད་ལ་བྱེད་པས་ནི་དེའི་རྗེས་ལ་ཡུལ་ལ་བཀར་ནས་གཏོད་པར་བྱེད་ལ། དེའི་རྗེས་ལ་རེག་པའི་ཡུལ་ལ་ཡོངས་སུ་གཅོད་པར་བྱེད་ཅིང་། དེའི་རྗེས་ལ་ཚོར་བས་ཡུལ་ཉམས་སུ་མྱོང་པར་བྱེད་ལ། དེའི་རྗེས་ལ་འདུ་ཤེས་ཀྱིས་ཡུལ་ལ་མཚན་མར་རྟོག་ཅིང་ཐ་སྙད་དུ་འདོགས་པར་བྱེད་དོ། །གཞུང་ལས་ཚོར་བ་དང་འདུ་ཤེས་ཐོག་མར་བསྟན་པ་ནི་འདི་གཉིས་ལ་མུ་སྟེགས་རྟག་པར་འཛིན་པའི་ལོག་རྟོག་ཡོད་པས་སྔོན་དུ་བསྟན་པར་ཟད་དོ། །”ཞེས་པ་ལྟར་རོ། །

༼༡༡༽ གཟུགས་མེད་ལ་གཟུགས་ཡོད་མེད་ཀྱི་རྩོད་ལན་ནི་<<མཛོད་ཏྲིག་>>ལས། “གལ་ཏེ་གཟུགས་མེད་ན་གཟུགས་ཡོད་དམ་མེད། དང་པོ་ལྟར་ན་གཟུགས་འཁམས་སུ་འགྱུར་ལ། གཉིས་པ་ལྟར་ན་གཟུགས་འཁམས་གསུམ་དུ་འཁོར་བ་བུད་དོ་ཞེ་ན། འདིའི་ལན་ནི་གཟུགས་མེད་ན་གཟུགས་རགས་པ་མེད་ཅིང་འཕྲ་བའི་གཟུགས་རིག་བྱེད་མ་ཡིན་པ་ཡོད་པས་ཉེས་པ་གང་ཡང་མེད་པ་ཡིན་ནོ། །”ཞེས་པ་ལྟར་རོ། །


ལུང་མཆན།

[1]<<སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུ་ཕྲེང་བ་>>ནི་<<བཀའ་བརྟེན་འགྱུར་སྒྲིག་ཚུལ། བསྟན་རྩིས་ནོར་ཕྲེང་། དྭོགས་བསལ་བཅས་ཀྱི་གསུང་པོད་>>ཞེས་པའི་དེབ་ཀྱི་ནང་འཁོད་འདུག རྩོམ་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (1813-1862)  གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།  2013ལོར། ཤོག་ངོས་80ལས། “དེ་ལ་དུས་༦སྦྱང་ཆུ་སྟག་ལོར།  དབང་ལྡན་ཞུ་ཡས་ལེགས་པོ་བལྟམས།༼༩༥༩༽(སྤྱི་1002)”ཞེས་གསལ།

[2]<<དབང་ལྡན་ཞུ་ཡི་གདུང་རབས་>>དཔེ་གཟུགས་ལྕགས་པར་ཅན།  ཤོག་ངོས་6ལས། “དེའི་སྲས་སྐྱིད་པོ་དང་། རྒྱལ་མཚན་འབར་གཉིས་སོ། །སྐྱིད་པོའི་སྲས་སྐྱེ་སེ་ཆེན་པོ།”ཞེས་གསལ།

[3]<<ལེགས་བཤད་མཛོད་>>དམ་<<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་>>མཛད་པ་པོ།  ཤར་རྫ་བཀྲ་ཤིས་རྒྱལ་མཚན། (1859-1934) མི་རིགས་དཔེ་སྐྲུན་ཁང་།   1985ལོར།  དེབ་གཟུགས་ཤོག་ངོས་261ལས།“ལེགས་པོས་ཞུ་སྐྱིད་པོ། དེས་སྐྱེ་སེ།”ཞེས་གསལ།

[4]<<བསྟན་འབྱུང་རིག་པའི་ཤན་འབྱེད་>>དམ་<<བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་>>མཛད་པ་པོ།  མཁས་གྲུབ་ལུང་རྟོགས་རྒྱ་མཚོ།(1879-1916) ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་།  2008ལོར།  དེབ་གཟུགས་ཤོག་ངོས་106ལས། “ལྷ་ལེགས་ཀྱི་སྲས་དབང་ལྡན་ཞུ་ཡས་ལེགས་པོ་ཡིན།  ཞུ་སྒོམ་ཁྲོ་བོ་ཟེར་བའང་ཁོང་གི་མཚན་ཡིན་ནོ། །བཀའ་ལྷོ་གཏེར་གྱི་བསྟན་པ་འཇོག་ས།  དོན་གྱི་རྒྱུད་འཛིན་དམ་པའོ། །ལེགས་པོའི་སྲས་སྐྱིད་པོ། དེའི་སྲས་སྔགས་སེམས་མཚན་ཉིད་ཀྱི་བང་མཛོད། སྐལ་ལྡན་བརྒྱ་ཕྲག་དུ་མའི་གཙུག་རྒྱན།  མཉམ་མེད་སྨྲ་བའི་སེང་གེ་སྐྱེས་སེ་རིན་པོ་ཆེ་བྱོན།”ཞེས་གསལ།

[5]<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>སམ་<<སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་ཚོགས་ཀྱི་མཁས་པའི་མགུལ་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་>>རྩོམ་པ་པོ།  དཔལ་ལྡན་ཚུལ་ཁྲིམས།(1900-1971) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོར། དེབ་གཟུགས་ཤོག་ངོས་276-277ལས། “ལེགས་པོའི་དད་པ་འགྱུར་མེད་གསེར་ལྟར་དང་། །ཡིད་ཆེས་གཞུ་རྒྱུད་བཞིན་དུ་ཐང་ལྷོད་མེད། །དེ་ལྟར་གཟིགས་ནས་བོན་སྡེ་དུ་མ་གནང་། །ཁྱད་པར་བྱང་སེམས་གབ་པ་ལ་སོགས་པ། །སེམས་སྨད་སྡེ་དགུའི་དབང་ལུང་ཞལ་ཁྲིད་དང་། །མན་ངག་ཉམས་མྱོང་བཅས་པ་མ་ལུས་པར། །བུམ་པ་གང་བྱོའི་ཚུལ་གནང་བོན་བདག་བསྐུར། །དེ་ནས་ཕྱིར་བྱོན་ཉང་སྟོད་སྐྱིད་མཁར་གནས། །སྔོ་ཕུག་བྲག་ནག་སོགས་ལ་བསྒོམ་བསྒྲུབ་པས། །གསང་སེམས་ཟབ་མོའི་དོན་ལ་རང་བྱན་ཆུབ། །ཡི་དམ་ཞལ་གཟིགས་སྣང་བ་ལྷ་སྐུར་ཤར། །བཀའ་སྐྱོང་བྲན་ཁོལ་སྲིད་རྒྱལ་བཀའ་བཞིན་བསྒྲུབ། །དེ་ལྟར་སྐུ་ཚེ་སྒོམ་སྒྲུབ་ལ་སྒྲིལ་བས། །སྒོམ་ལེགས་དང་ནི་ཞུ་སྒོམ་ཁྲོག་པོའང་ཟེར། །ཞལ་སློབ་མཆོག་གྱུར་སྐུ་ཡི་སྲས་གཉིས་དང་། །ཟུག་སྟོན་ར་འཕན་རྨེའུ་རོག་དཔལ་བཞི། །མཐར་ནི་ཕྱག་རྒྱ་ཆེན་པོའི་སྐུར་གཤེགས་སོ། །བླ་མ་དེ་ལ་སྐུ་སྲས་གཉིས་བྱོན་པའི། །བྱང་ཆུབ་སེམས་དཔའ་ལྷ་རྗེ་སྐྱིད་པོ་ནི། །ཡབ་ཀྱི་དགོངས་བཅུད་གདམས་པ་ཀུན་ནོད་ཅིང་། །གསང་སེམས་དོན་ལ་རང་དབང་མངོན་འབྱོར་ནས། །གབ་པ་སེམས་ཕྲན་སོགས་ལ་ཏི་ཀ་བཏབས། །བསྐྱེད་རྫོགས་སྒོམ་རྟོགས་རྩེར་ཕྱིན་ལྷ་སྐུར་གྲུབ།  །སྨྲ་བའི་སེང་གེ་སྐྱེ་སེ་ཆེན་པོ་ནི། །ཆུང་ནས་སྐྱེས་སྦྱངས་ཤེས་རབ་ཕུན་སུམ་ཚོགས། །བློ་རབ་ནམ་མཁའ་ལྟ་བུའི་དགོངས་དབྱིངས་ནས། །མཁྱེན་རྟོགས་ཉི་མ་བརྒྱ་བའི་གཟི་འབར་བས། །མི་ཤེས་རྨོངས་པའི་མུན་སྒྲིབ་ཟིལ་མནན་དེ། །ཡབ་ལ་སོགས་པའི་མཁས་གྲུབ་དུ་མ་བསྟེན། །”ཞེས་གསལ།

[6]<<བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་>>མཛད་པ་པོ།  བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།(1935-2018) ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། 2014ལོར།  དེབ་གཟུགས་ཤོག་ངོས་396ལས། “ཞུ་ཡི་སྒོམ་ལེགས་ཀྱང་ཟེར། སྐུ་སྲས་གཉིས་འཁྲུངས་པ་ནི་ཞུ་ལྷ་རྗེ་སྐྱིད་པོ་དང་། ཞུ་སྐྱེ་སེ་ཆེན་པོ་གཉིས་ཡིན།”ཞེས་གསལ།

[7]<<བསྟན་རྩིས་ཀེ་ཏ་ཀཿཡི་ཕྲེང་བ་>>འམ་<<རྒྱལ་བ་སངས་རྒྱས་བསྟན་པའི་རྩིས་གསར་ཀེ་ཏ་ཀཿཡི་ཕྲེང་བ་>>ནི་<<ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་>>གྱི་སྟོད་ཆའི་ནང་དུ་འཁོད་འདུག   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2011ལོར།  ཤོག་ངོས་35ལས་གསལ།

[8]གོང་མཚུངས།<<ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་>>དམ་<<ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན་>>ནི་<<མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་ཕྱོགས་བསྒྲིགས་>>ཞེས་པའི་ནང་དུ་འཁོད་འདུག   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོར། དེབ་གཟུགས་ཤོག་ངོས་59ལས་གསལ།

[9]<<ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་>>རྩོམ་པ་པོ། ཀུན་བཟང་བློ་གྲོས།(1928-2003)   མི་རིགས་དཔེ་སྐྲུན་ཁང་།  2003ལོར།  དེབ་གཟུགས་ཤོག་ངོས་359ལས་གསལ།

[10]གོང་མཚུངས།<<ལྷ་རྒྱུད་རིན་ཆེན་ཕྲེང་བ་>>ཤོག་ངོས་359ལས་གསལ།

[11]གོང་མཚུངས།<<ལྷ་རྒྱུད་རིན་ཆེན་ཕྲེང་བ་>>ཤོག་ངོས་360ལས་གསལ།

[12]གོང་མཚུངས།<<བསྟན་འབྱུང་རིག་པའི་ཤན་འབྱེད་>>ཤོག་ངོས་106ལས། “སྐྱེ་སེ་ལ་སྐུ་ཡི་སྲས་བཞི་བྱོན་པའི་ཆེ་བ་སྒྲོལ་བ་གཤེན་རྒྱལ་ནི་འབྲེལ་ཚད་དོན་དང་ལྡན་པའི་གཤེན་པོ་ཡིན། དེ་འོག་ཇོ་མཁར། དེ་འོག་ཇོ་ཐོག  ཐ་ཆུང་ཞུ་སྒོམ་འཁྲུལ་ཞིག་གོ། ཇོ་ཐོག་གི་སྲས་ཆེ་བ་ཁྲོ་རྒྱལ་འབར་ཏེ། ཆུང་ནས་དད་བརྩོན་ཤེས་རབ་དང་ལྡན། རྨེའུ་རི་ཁྲོད་པ་དང་། རྗེ་བཙུན་ཡར་མེ་བ་གཉིས་ལས་འདུལ་བའི་སྡེ་སྣོད་གསན། རི་ཞིང་གི་དགོན་པ་བཏབ། འགྲོ་དོན་ནུས་པའི་སློབ་མ་མང་དུ་བྱུང་། ཁོང་ལ་བཙུན་ཆུང་གི་དུས་སུ་ཞུ་བཙུན་དོན་ལྡན་ཟེར། བསྙེན་རྫོགས་ཀྱི་དུས་སུ་ཡེ་ཤེས་རིན་ཆེན་ཟེར། གདན་སའི་དུས་སུ་སངས་རྒྱས་ཞུ་ཆེན་ཟེར། ཡུལ་སྐད་ལ་ལར་སངས་རྒྱས་ཞུ་མོ་ཆེ་ཡང་ཟེར།”ཞེས་གསལ།

[13]གོང་མཚུངས།<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>ཤོག་ངོས་217ལས།“དབང་ལྡན་ཞུ་ཡི་འདུལ་བརྒྱུད་ལ། ཁྲི་ཐོག་དང་པོ་སངས་རྒྱས་ཞུ་ཆེན་ཏེ།”ཞེས་གསལ།

[14]གོང་མཚུངས།<<བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་>>ཤོག་ངོས་82ལས། “ཚེས་༡༥སྦྱང་ཆུ་ཡོས་སྨན་གོང་པ། འགྲོ་མགོན་མར་སྟོན་རྒྱལ་ལེགས་དང་། ཞུ་ཆེན་ཡེ་ཤེས་རིན་ཆེན་འཁྲུངས།”ཞེས་གསལ།

[15]གོང་མཚུངས།<<བསྟན་རྩིས་ཀེ་ཏ་ཀཿཡི་ཕྲེང་བ་>>ཤོག་ངོས་37ལས། “གཟུགས་༡སྦྱངས་ཆུ་ཡོས་ཞུ་གཡས་མཆོག །ཡེ་ཤེས་རིན་ཆེན་བལྟམས་ནས་ལོ།”ཞེས་གསལ།

[16]གོང་མཚུངས།<<ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་>>ཤོག་ངོས་69ལས། “དེ་ནས་སྤྱི་ལོ་༡༡༢༣སྟེ་ཆུ་ཡོས་ལ་གྲུབ་ཐོབ་བོན་ཞིག་ཁྱུང་ནག་དགུང་ལོ་ཉེར་གཅིག་ཐོག་བླ་ཆེན་ཀུན་དགའ་ཞིག་པོའི་ཞབས་ལ་མཇལ། ལོ་དེར་བླ་མ་སྨན་གོང་བ་མར་སྟོན་རྒྱལ་ལེགས་དང་ཞུ་ཆེན་ཡེ་ཤེས་རིན་ཆེན་འཁྲུངས།”ཞེས་གསལ།

[17]གོང་མཚུངས།<<ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་>>ཤོག་ངོས་70ལས། “ཞུ་ཆེན་ཡེ་རིན་ཡང་དྲུང་རམས་པས་རབ་བྱུང་གསུམ་པའི་ཆུ་ཡོས་ལ་འཁྲུངས་པར་བཤད་པ་འདི་རྣམས་བརྟག་པའི་གནས་སོ། །”ཞེས་གསལ།

[18]གོང་མཚུངས།<<བསྟན་འབྱུང་རིག་པའི་ཤན་འབྱེད་>>ཤོག་ངོས་70ལས། “ཞུ་ཆེན་འདི་བསྟན་རྩིས་ལ་ལར་རབ་བྱུང་གསུམ་པའི་ཆུ་ཡོས་ལོར་བལྟམས་ཟེར་བ་མི་དག་སྟེ། རབ་བྱུང་གཉིས་པའི་སྤྲེལ་ལོའི་སྟག་ཟླའི་ཚེས་ལྔ་ལ་བལྟམས་པའི་འཁྲུངས་རབས་རྒྱས་པར་མཐོང་ངོ་།”ཞེས་གསལ།

[19]གོང་མཚུངས།<<སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུ་ཕྲེང་བ་>>ཤོག་ངོས་81-82ལས། “དེ་ལ་མཚོས་༤སྦྱངས་ས་ཁྱི་ལོར། མེ་སྟོན་ཤེས་རབ་འོད་ཟེར་འཁྲུངས།༼༩༠༣༽(1058)་་་་་་་་་་་དེ་ལ་གཏེར་༩ཕྲིས་ཆུ་བྱི་ལོར། ཡར་འབྲོག་མེ་སྟོན་དག་ཞིང་གཤེགས།༼༨༢༩༽(1132)”ཞེས་གསལ།

[20]<<ཚད་མ་ཀུན་བཏུས་>>སམ་<<ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་>>འ་ཞ་བློ་གྲོས་རྒྱལ་མཚན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཤོག་ངོས་45ལས་གསལ། 

[21]<<ཚད་མ་འཕྲུལ་སྒྲོན་གྱི་འགྲེལ་བ་>>འམ་<<ཚད་མའི་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་>>མཛད་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2005ལོར། དེབ་གཟུགས་ཤོག་ངོས་16ལས་གསལ།

[22]<<ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་>>མཛད་པ་པོ། འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008ལོར། དེབ་གཟུགས་ཤོག་ངོས་262-263ལས་གསལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow